ཤེས་རིག་ལས་ཁུངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནི། ཕྱི་ལོ་ ༡༩༦༠ ཟླ་ ༡༠ ཚེས་ ༤ ཉིན་གསར་འཛུགས་བྱས། དེ་ཡང་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྟོན་འཁོར་དང་བཅས་པ་རྒྱ་གར་ལ་བཙན་བྱོལ་དུ་ཞབས་སོར་འཁོད་རྗེས། ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༥ ཉིན་མ་སུ་རིར་སྲིད་བློན་ཟུར་པ་ཀླུ་ཁང་བདེ་མཁར་ཚེ་དབང་རབ་བརྟན་དང་། གཡུ་ཐོག་བཀྲིས་དོན་གྲུབ། སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། སྤོམ་མདའ་ཡར་འཕེལ་སོགས་ཀ་སྦུག་བདེ་དོན་ཚོགས་པའི་ཚོགས་མི་རྣམས་དང་། སྐབས་དེར་བྱེས་འབྱོར་གནད་ཡོད་གཞུང་ཞབས་ ༣༠ བརྒལ་བའི་ཚོགས་ཆེན་མ་སུ་རིར་བསྐྱངས་ཐོག ༸གོང་ས་མཆོག་གི་ལམ་སྟོན་གཞི་བཟུང་བཙན་བྱོལ་བོད་གཞུང་གི་ཁ་ཚ་དགོས་གཏུགས་ཀྱི་གནང་སྒོ་ཁག་ལས་བགོས་བསྐྱོན། སྐབས་དེར་ཕྱག་ལས་རྣམ་གྲངས་གཙོ་བོ་ནང་སྲིད་དང་། ཕྱི་སྲིད། འདུ་འགོད། ཤེས་རིག ཆོས་དོན་བཅས་ལ་གཏན་འབེབས་བསྐྱངས་ཤིང་། ཤེས་རིག་ལས་དོན་གྱི་འགན་ཁུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་གྱིས་གནང་རྒྱུར་ཐུགས་གཏན་འཁེལ། སྐབས་དེར་ཉམས་མྱོང་དང་དཔལ་འབྱོར། ཡུལ་བབ་གནས་སྟངས་སོགས་གང་ཐད་ནས་སྐུ་ངལ་ཧ་ཅང་ཆེ་ཡང་བྱེས་འབྱོར་བོད་ཕྲུག་རྣམས་༸གོང་ས་མཆོག་ནས་མ་འོངས་བོད་ཀྱི་ཆོས་སྲིད་ཞི་བའི་ས་བོན་དུ་བརྩེ་གཟིགས་ཀྱིས་ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༣ ཉིན་བོད་ཕྲུག་ ༥༠ ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་མ་སུ་རི་བོད་གཞུང་གཏན་སློབ་གསར་འཛུགས་གནང་ཡོད་ནའང་། སྐབས་དེར་ཤེས་རིག་ལས་ཁུངས་ཞེས་ལས་ཁུངས་ཟུར་དུ་བཙུགས་པ་མེད། ལོ་དེའི་ཕྱི་ཟླ་ ༡༢ ནང་མ་སུ་རིར་བཀའ་ཤག་ལྷན་རྒྱས་དང་ཤེས་རིག་འགན་ཁུར་བ་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན། གསར་འགྱུར་མེ་ལོང་གི་རྩོམ་སྒྲིག་པ་ཁུ་ནུ་བ་བཱ་བཱུ་མཐར་ཕྱིན། ལྷ་ལུང་བློ་བཟང་ཕུན་ཚོགས་སོགས་ཡོད་པའི་ལྷན་ཚོགས་བསྐྱངས་ཏེ་སློབ་གྲྭ་དང་སློབ་ཚན་སྒྲིག་ཕྱོགས་དང་། སློབ་དེབ་རྩོམ་སྒྲིག་སོགས་ཀྱི་སྐོར་ལ་གྲོས་བསྡུར་གནང་སྟེ་འཆར་གཞི་ཕུལ་བར་༸གོང་ས་མཆོག་ནས་སྣོན་འཕྲི་ཕྲན་བུ་དང་བཅས་ལག་བསྟར་གནང་འཐུས་ཕྱག་རྟགས་སྩལ། ཕྱི་ལོ་ ༡༩༥༩ ཟླ་ ༡༢ ནང་གནས་མཆོག་རྡོ་རྗེ་གདན་དུ་བཙན་བྱོལ་བོད་མི་གནས་ཡུལ་ས་ཁུལ་ཡོངས་ནས་སེར་སྐྱ་མི་མང་ཚོགས་འཛོམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཞུ་བྱའི་གནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུ་སྐབས། ༸གོང་ས་མཆོག་ནས་བོད་འདི་སྔར་ལྟར་མ་ཡིན་པར་མང་གཙོའི་གཞུང་ཞིག་ཏུ་བསྒྱུར་རྒྱུ་གལ་ཆེར་བརྟེན། རྒྱ་ཆེའི་མི་མང་གི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་མིའི་ལྷན་ཚོགས་ཤིག་དགོས་པས། སྔ་འཕྲོས་ཆོས་ལུགས་ཆེན་པོ་བཞི་ནས་འཐུས་མི་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་བཅས་ཁྱེད་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་འཕྲལ་མི་མང་གི་ཁྲོད་དུ་ཤེས་ཡོན་འཇོན་ཐང་དང་། རྒྱལ་གཅེལ་ལྷག་བསམ་ལྡན་ལ། མང་ཚོགས་ཀྱི་ཡིད་ཆེས་བློ་གཏད་འཕེར་བ་ཇི་ཡོད་ནས་འོས་འདེམས་ཀྱིས་མིང་ཐོ་འོས་གྲངས་འཕྲལ་དུ་འབུལ་དགོས་ཞེས་ཕེབས་དགོངས་ལྟར། ཁུངས་སོ་སོ་ནས་འོས་འདེམས་མིང་ཐོ་འབུལ་ལམ་ཞུས་ཐོག་ནས་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་སེར་སྐྱ་མི་གྲངས་བཅུ་གསུམ་ལ་བསྐོ་གཞག་ཕྱག་རྟགས་སྩལ་ཏེ། ཕྱི་ལོ་ ༡༩༦༠ ཟླ ༩ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཕྱག་དམ་འབུལ་དང་འབྲེལ་བོད་ལྗོངས་མང་གཙོའི་གཞུང་དབུ་བརྙེས་པའི་དགའ་སྟོན་མཛད་སྒོ་བསྐྱངས། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༣ ནས་བཟུང་ཉིན་གྲངས་བདུན་རིང་སྤྱི་འཐུས་རྣམས་དང་སྲི་ཞུའི་ལས་བྱེད་ཆེ་ཕྲ་ཚང་འཛོམས་ཀྱིས་དེ་སྔ་ཕན་གྱི་གཞུང་གི་ལམ་སྲོལ་དང་མཛད་ཕྱོགས་སོགས་ལ་དགེ་སྐྱོན་ཇི་ཡོད་ཞིབ་འཇུག་དང་འབྱུང་འགྱུར་མཛད་ཕྱོགས་ཇི་དགེ ད་ཡོད་ལས་ཁུངས་ཁག་རྒྱ་སྐྱེད་དང་། ལས་བྱེད་གསར་བསྐོ་གནང་ཕྱོགས་སོགས་ཀྱི་སྐོར་གྲོས་བསྡུར་ཞིབ་ཕྲ་གནང་སྟེ། སྐབས་དེར་ཡོད་མུས་ཆོས་དོན་དང་། ནང་སྲིད། ཕྱི་སྲིད། དཔལ་འབྱོར་འདུ་འགོད་བཅས་ལས་ཁུངས་ཁག་བཞིའི་ཐོག་ཤེས་རིག་ལས་ཁུངས་ཟུར་དུ་འཕར་འཛུགས་གནང་རྒྱུ་ཐག་གཅོད་མཛད་དེ། གོང་གསལ་ལས་ཁུངས་ཆེ་ཁག་ལྔ་དང་། ཡན་ལག་ལས་ཁུངས་བཞི་བཅས་ཀྱི་གཙོ་འཛིན་དང་། འགན་འཛིན། དྲུང་ཆེ་བཅས་ཀྱི་འོས་མི་སྐབས་དེར་ལས་བྱེད་དང་མི་མང་ཁོངས་ནས་གང་འོས་ཕོ་མོ་དབྱེར་མེད་སྤྱི་འཐུས་རྣམ་པས་མང་མོས་འོས་བསྡུའི་ལམ་ནས་འཆར་འབུལ་ཞུས་རྗེས་༸གོང་ས་མཆོག་ནས་ཕྱིར་སྩལ་མི་གྲངས་ ༢༩ སྡེབ་གཅིག་ལ་གསར་མཇལ་དམ་འབུལ་ཞུས།
ཤེས་རིག་ལས་ཁུངས་གསར་དུ་བཙུགས་པའི་མཛད་སྒོ་ཕྱི་ལོ་ ༡༩༦༠ ཟླ་ ༡༠ ཚེས་ ༤ ཉིན་བཞུགས་སྒར་དྷ་རམ་ས་ལར་གནང་ཞིང་། སྐབས་དེར་ལས་ཁུངས་ནང་ཕྱག་ལས་གནང་མཁན་ཤེས་རིག་བཀའ་བློན་དང་བཀའ་བློན་ལས་རོགས། ལས་བྱ་བཅས་ཁྱོན་བསྡོམས་མི་གྲངས་ ༥ ཙམ་ཡོད་འདུག དེའི་རྗེས་ཙམ་ལ་བཙན་བྱོལ་བོད་གཞུང་གི་འཕྲལ་ཕུགས་འཆར་གཞི་དང་ལས་ཁུངས་སོ་སོའི་ལས་དོན། ཐག་གཅོད་གནང་ཕྱོགས་སོགས་ཀྱི་སྐོར་ཞིབ་ཙམ་འཁོད་པའི་རྩ་འཛིན་ཡིག་ཆ་ནང་འཁོད་དོན། “ཤེས་རིག་ལས་ཁུངས་ནས། མ་སུ་རི་སློབ་གྲྭ་དང་། དེའི་ཡན་ལག་ཀ་སྦུག རྡོར་གླིང་། དྷ་རམ་ས་ལའི་བུ་བཅོལ་ཁང་། གཞན་ཡང་བོད་མིའི་སྡོད་སྒར་ཁག་ལ་ད་ལྟ་ཡོད་མུས་ཀྱི་སློབ་གྲྭ་ཁག་དང་། ཟློས་གར་གྱི་ཚོགས་པ་ཁག ད་དུང་སློབ་གྲྭས་གཙོས་སློབ་སྦྱོང་བསྟི་གནས་གསར་འཛུགས་གནང་རྒྱུ་བཅས་པར་ལྟ་རྟོག་ཞིབ་འཇུག་དང་འབྲེལ་བའི་དཀའ་ངལ་སེལ་ཞིང་། སློབ་དེབ་གསར་སྒྲིག་དང་འབྲེལ་ཤེས་རིག་སློབ་སྦྱོང་ཡར་རྒྱས་ཡོང་ཐབས་བྱེད་རྒྱུ། ཕྱི་རྒྱལ་ལ་སློབ་ཕྲུག་གཏོང་དགོས་བྱུང་ཚེ་སློབ་གྲྭ་སོ་སོ་ནས་དྲག་འདེམས་བྱེད་འོས་བྱས་ཏེ་སློབ་ཕྲུག་ཕྱིར་གཏོང་གི་ལག་འཁྱེར་ཞུ་ལེན་སོགས་སྲིད་དོན་དང་འབྲེལ་རིགས་ཇི་བྱུང་ཕྱི་འབྲེལ་ལས་ཁུངས་དང་གོ་བསྡུར་ཐོག་ནས་བྱེད་དགོས་རྒྱུ།” ཞེས་ཐག་གཅོད་བསྐྱངས་འདུག ཤེས་རིག་ལས་ཁུངས་ནི། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་གཞུང་གི་ལམ་ལུགས་མང་གཙོ་ཅན་དུ་བཙན་ཐབས་ཀྱི་སྒོ་ནས་སྒྱུར་འགོ་བཙུགས་ཏེ། ཚོགས་སྐོང་མཛད་པའི་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་དང་པོས། སྐབས་དེའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕྲལ་ཕུགས་དངོས་ཡོད་དགོས་མཁོ་མ་འོངས་སོན་རྩར་ཤེས་ཡོན་སློབ་སྦྱོང་ཚད་དང་ལྡན་པ་སྤྲོད་དགོས་པ་གཞིར་བཟུང་འཆར་འབུལ་ཞུས་པ་ལྟར་གསར་འཛུགས་བསྐྱངས་པའི་ལས་ཁུངས་དང་པོ་དེ་ཡིན།
ཤེས་རིག་གི་སྡེ་ཚན་ཁག
༄༅། །ཤེས་རིག་ལས་ཁུངས་གསར་འཛུགས་བྱེད་སྐབས་ལས་བྱེད་སོ་སོར་ལས་བགོས་བྱས་པ་ལས། ལས་ཁུངས་ཨ་མའི་ནང་སྡེ་ཚན་གྱི་དབྱེ་བ་མེད། ཕྱིས་སུ་རྩོམ་སྒྱུར་ལྷན་ཚོགས་དང་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་ལྟ་བུ་ཟུར་དུ་བཙུགས་བྱུང་ཡོད། ཕྱི་ལོ་ ༡༩༧༠ དོན་གྲངས་ནང་རྒྱ་གར་ནང་གསར་བཙས་བོད་ཕྲུག་རྣམས་གཏན་སློབ་ཏུ་སློབ་འཇུག་བྱེད་སྐབས་སློབ་ཡོན་ཐབས་འཚོལ་དགོས་སྟབས་སློབ་ཡོན་སྡེ་ཚན་དང་། ༡༩༧༩ ནས་ཨིན་བོད་ཚིག་མཛོད་གསར་བསྒྲིགས་སོགས་ཀྱི་དགོས་མཁོའི་ཆེད་རྩོམ་སྒྲིག་སྡེ་ཚན་སོགས་སྡེ་ཚན་གྱི་རྣམ་པ་དོད་འགོ་ཚུགས་ཤིང་། དེ་ཡང་ཐོག་མར་ལས་དོན་གང་རུང་འགན་ཁུར་བྱེད་པོར་ལས་བྱེད་གཅིག་ཆེད་འཛུགས་བྱས་པ་དེས་མ་ལྕོགས་པར་ལས་བྱེད་གཉིས་གསུམ་སྤར་བསྟུན་སྡེ་ཚན་གྲུབ་པ། དཔེར་ན། ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་བོད་ཕྲུག་མཐའ་སྐྱོའི་སློབ་ཡོན་འཐབ་འཚོལ་བྱེད་མཁན་ལས་བྱེད་གཅིག་ལས་མེད་པ་དང་། དེ་ནས་གཉིས་དང་གསུམ་སོགས་ལ་སྤར་ཏེ་མཐར་སློབ་ཡོན་སྡེ་ཚན་ཆགས་པ་ལྟ་བུ་ཡིན། དེ་ལྟར་ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་ཤེས་རིག་ལས་ཁུངས་ནང་སྤྱིར་བཏང་སྡེ་ཚན་དང་། ཤེས་ཡོན་དང་ཐད་འཛིན་སློབ་ཁག་སྡེ་ཚན། སློབ་ཡོན་སྡེ་ཚན། མཐོ་སློབ་སྡེ་ཚན། རྩོམ་སྒྲིག་སྡེ་ཚན། དངུལ་རྩིས་སྡེ་ཚན་བཅས་སྡེ་ཚན་དྲུག་ཡོད་པ་དང་། ༡༩༨༧ ལོར་སློབ་ཡོན་སྡེ་ཚན་དང་མཐོ་སློབ་སྡེ་ཚན་གཉིས་ཟླ་བསྒྲིལ་གྱིས་སྡེ་ཚན་ ༥ བཟོས་འདུག ༡༩༩༠ ནང་སྤྱིར་བཏང་སྡེ་ཚན་གྱི་ཚབ་ཏུ་འཛིན་སྐྱོང་སྡེ་ཚན་བཙུགས་ཏེ། འཛིན་སྐྱོང་། ཤེས་ཡོན། དངུལ་རྩིས། རྩོམ་སྒྲིག འཆར་འགོད། སློབ་ཡོན་སློབ་འཇུག(འདིའི་ནང་མཐོ་སློབ་ཀྱང་ཚུད་)བཅས་ཀྱི་སྡེ་ཚན་ཡོད་པ་དང་། དེ་ནས་ཕྱི་ལོ་ ༡༩༩༨ ལོར་མདུན་ལམ་སློབ་སྟོན་སྡེ་ཚན་གསར་འཛུགས་དང་། ཕྱི་ལོ་ ༢༠༠༣ ཟླ་ ༡༡ ཚེས་ ༡ ཉིན་སྲོལ་རྒྱུན་ཤེས་ཡོན་ཚན་པ་གསར་འཛུགས་བྱས། ཕྱི་ལོ་ ༢༠༠༤ ལོར་བཀའ་ཤག་གིས་སྒྲིག་འཛུགས་བསྐྱར་བཅོས་གནང་སྐབས། ཤེས་རིག་ལས་ཁུངས་ནས་འཆར་འབུལ་ཞུས་པ་ལྟར་ལོ་དེའི་ཟླ་ ༡༢ ཚེས་ ༢ ཉིན་བཀའ་ཤག་ནས་སྡེ་ཚན་དང་ཚན་པ་དབྱེ་འབྱེད་བཀོད་སྒྲིག་གནང་བའི་རྩ་འཛིན་ཡིག་ཆ་ལྟར་ཤེས་རིག་ལས་ཁུངས་སུ་སྒྲོམ་གཞི་ཆ་བགོས་བྱས་པ་གཤམ་གསལ།
སྡེ་ཚན་གསུམ་སྟེ། འཛིན་སྐྱོང་སྡེ་ཚན། ཤེས་ཡོན་སྡེ་ཚན། རོགས་སྐྱོར་སྡེ་ཚན་བཅས།
༡༽ འཛིན་སྐྱོང་སྡེ་ཚན་ནང་།
ཀ ལས་ཁུངས་འཛིན་སྐྱོང་ཚན་པ། ཁ། རྩིས་ཁང་ཚན་པ། ག འཆར་འགོད་ཚན་པ།
༢༽ ཤེས་ཡོན་སྡེ་ཚན་ནང་།
ཀ སྲོལ་རྒྱུན་ཤེས་ཡོན་ཚན་པ། ཁ། དེང་རབས་ཤེས་ཡོན་ཚན་པ།
༣༽ རོགས་སྐྱོར་སྡེ་ཚན་ནང་།
ཀ མཐོ་སློབ་སློབ་ཡོན་ཚན་པ། ཁ། གཞི་རིམ་སློབ་ཡོན་དང་སློབ་འཇུག་ཚན་པ།
གོང་གསལ་སྡེ་ཚན་ཡོངས་ཀྱི་འགན་འཛིན་ཤེས་རིག་བཀའ་བློན་འོག་ཤེས་རིག་དྲུང་ཆེས་གནང་རྒྱུ། ཞེས་གསལ་བ་ལྟར་ལག་བསྟར་བྱེད་མུས། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༦ ཉིན་བཀའ་ཤག་གིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་འབྲུ་དོན་བཞིན། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་འཛིན་སྐྱོང་སྒྲིག་གཞི་གཏན་འབེབས་དང་འབྲེལ། ལྷན་ཚོགས་ཀྱི་ཚོགས་མི་གསར་བསྐོ་དང་ལས་ཁུངས་དང་ལས་གཞི་གྲ་སྒྲིག་འགོ་འཛུགས་གནང་བ་དང་། ཕྱི་ལོ་ ༢༠༡༡ ཟླ་ ༧ པ་ནས་བཟུང་གནས་སྐབས་རིང་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ཚན་ཞིག་གི་ངོ་བོར་གསར་འཛུགས་གནང་བ་ནས་བཟུང་སྡེ་ཚན་བཞི་དང་ཚན་པ་དགུར་དབྱེ་བ་གཤམ་གསལ།
༡༽ འཛིན་སྐྱོང་སྡེ་ཚན།
ཀ ལས་ཁུངས་འཛིན་སྐྱོང་ཚན་པ།
ཁ། རྩིས་ཀྱི་ཚན་པ།
ག འཆར་འགོད་ཚན་པ།
༢༽ ཤེས་ཡོན་སྡེ་ཚན།
ཀ སྲོལ་རྒྱུན་ཤེས་ཡོན་ཚན་པ།
ཁ། དེང་རབས་ཤེས་ཡོན་ཚན་པ།
ག རྩོམ་སྒྲིག་དང་བརྡ་ཆད་ཚན་པ།
(ཕྱི་ལོ་ ༢༠༡༦ ཟླ ༡༠ ནས་རྩོམ་སྒྲིག་ཚན་པ་ཤེས་ཡོན་ལྷན་ཚོགས་ནང་ཟླ་བསྒྲིལ་གྱིས་བརྡ་ཆད་ཚན་པ་ལོགས་སུ་ཕྱེ་གནང་ཡོད།)
ང་། མདུན་ལམ་སློབ་སྟོན་ཚན་པ།
༣༽ རོགས་སྐྱོར་སྡེ་ཚན།
ཀ མཐོ་སློབ་སློབ་ཡོན་ཚན་པ།
ཁ། གཞི་རིམ་སློབ་ཡོན་དང་སློབ་འཇུག་ཚན་པ།
༤༽ ཤེས་ཡོན་ལྷན་ཚོགས་བཅས་ཡིན།
༡༽ འཛིན་སྐྱོང་སྡེ་ཚན་འོག་ཚན་པ་གསུམ་ཡོད་པ་ལས།
ཀ ལས་ཁུངས་འཛིན་སྐྱོང་ཚན་པའི་ལས་འགན་ནི། ལས་ཁུངས་ཀྱི་འཛིན་སྐྱོང་དང་འབྲེལ་བའི་ཡིག་འབྲེལ་ཁག་དང་། དེ་བཞིན་ཁྱབ་ཁོངས་སློབ་སྡེ་ཁག་ལ་འབྲེལ་ལམ་དང་ལྟ་སྐྱོང་བྱ་རྒྱུ་བཅས་ཡིན།
ཁ། འཆར་འགོད་ཚན་པའི་ལས་འགན་ནི། འཆར་གཞི་བཟོ་འགོད་དང་། རོགས་ཚོགས་འབྲེལ་སྐྱོང་ཞུ་རྒྱུ། འཆར་གཞི་རྟོག་ཞིབ། ལག་བསྟར་སྙན་ཐོ་འགོད་འབུལ། འཆར་འགོད་ལྷན་ཚོགས་ལ་འབྲེལ་ལམ་དང་མཇུག་སྐྱོང་ཞུ་རྒྱུ་སོགས་ཡིན།
ག རྩིས་ཁང་ཚན་པའི་ལས་འགན་ནི། ལོ་འཁོར་སྔོན་རྩིས་དང་ལས་ཁུངས་ཀྱི་རྩིས། ཟུར་སྐྱོང་སྡེ་ཚན་ཁག་བཅས་ཀྱི་རྩིས་སྙན་དང་འབྲེལ་བའི་ལས་དོན་མཐའ་དག སློབ་གྲྭའི་རྩིས། སློབ་ཡོན་གྱི་རྩིས། དངོས་ཟོག་རྩིས་ཐོ། དངུལ་གཉེར་ལས་དོན། ནང་ཞིབ་ལས་དོན་སོགས་ཡིན།
༢༽ ཤེས་ཡོན་སྡེ་ཚན་འོག་ཚན་པ་བཞི་ཡོད་པ་ལས།
ཀ སྲོལ་རྒྱུན་ཤེས་ཡོན་ཚན་པ།
སྲོལ་རྒྱུན་ཤེས་ཡོན་ཚན་པ་འདི་ཉིད་ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་གྲོས་ཆོད་དགོངས་དོན་བཞིན་ཕྱི་ལོ་ ༢༠༠༣ ཟླ་ ༡༡ ཚེས་ ༡ ཉིན་གསར་འཛུགས་གནང་། ཚན་པ་འདི་འཛུགས་དགོས་པའི་དམིགས་ཡུལ་ནི། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་གཙོས་པའི་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་ཡོང་ཐབས་དང་། བོད་ཡིག་བརྒྱུད་ལམ་ཐོག་ཡོད་པའི་སློབ་ཚན་ཡོངས་རྫོགས་ཡར་རྒྱས་ཚགས་ཚུད་ཡོང་བར་དམིགས་བསལ་ཤུགས་སྣོན་དང་། རིགས་ལམ་འདུ་འཛོམས་མཚོན་པའི་སློབ་ཕྲུག་གི་རིགས་ལམ་ཤེས་ཚད་གོང་མཐོར་གཏོང་ཐབས་ཐད་ལ་ནུས་ཤུགས་གོང་འཕེལ་གཏོང་རྒྱུ་བཅས་ཡིན།
ཚན་པ་འདིའི་ལས་འགན་གཙོ་བོ་ནི།
༡། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་གཏན་ཉིན་སློབ་གྲྭ་ཁག་གི་གཞི་རིམ་གོང་འོག་བར་གསུམ་གྱི་བོད་ཡིག་དགེ་རྒན་དང་། ལྟ་གྲུབ་དགེ་རྒན། ཟློས་དགེ སྔོན་དགེ་རྣམས་ལ་སློབ་ཁྲིད་ཐབས་ལམ་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་དང་། དགེ་རྒན་གཞན་རྣམས་ཀྱི་བོད་ཡིག་གནས་ཚད་གོང་མཐོར་གཏོང་ཐབས་དང་འབྲེལ་བའི་ལས་རིམ་གོ་སྒྲིག་ཞུ་རྒྱུ།
༢། གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་སྤྱི་དང་། སྔོན་འགྲོ་ནས་གཞི་རིམ་གོང་འོག་བར་གསུམ་སོ་སོའི་དགེ་སློབ་ཀྱི་ལས་འགན་དང་གནས་སྟངས་རྟོག་ཞིབ། ཤེས་ཡོན་དང་འབྲེལ་བའི་མཐུན་རྐྱེན་མཁོ་སྤྲོད་དང་། གསར་འཛུགས། ལྟ་རྟོག་ཞིབ་འཇུག་བཅས་ཀྱི་ལས་དོན།
༣། དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ཁག་གི་དགོས་མཁོ་ལ་གཞིགས་པའི་ལྟ་གྲུབ་དགེ་རྒན་དང་། ཟློས་དགེ། བོད་དགེ་བཅས་ཀྱི་བསྐོ་གཞག་རྒྱབ་གཉེར་ཁུངས་གཏོང་ཞུ་རྒྱུ།
༤། གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འཆར་འགོད་དང་གོ་སྒྲིག་ཞུ་རྒྱུ།
༥། སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་ཉམས་ཞིབ་སློབ་གཉེར་ལས་རིམ་གྱི་འདེམས་རྒྱུགས་དང་རྟོག་ཞིབ། མཇུག་གནོན་ལས་དོན།
༦། གཞི་རིམ་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་ལ་སྐུལ་འདེད་ཆེད་ལོ་རེར་རྒྱལ་ཡོངས་འཛིན་རིམ་སོ་སོའི་ཕུལ་བྱུང་རྩོམ་ཡིག་འདེམས་སྒྲུག་ལས་རིམ་དང་། བོད་ཡིག་ཡིག་རྒྱུགས་བྱ་དགའི་ལས་རིམ། དགའ་ལྡན་ཕོ་བྲང་བྱ་དགའི་ལས་རིམ། བོད་ཡིག་ཡིག་གཟུགས་རྩེ་ཕུད་བྱ་དགའ་སོགས་ཀྱི་ལས་རིམ་གོ་སྒྲིག་དང་འབྲེལ་བའི་ལས་དོན།
༧། སྲོལ་དེང་ཚན་པ་གཉིས་མཉམ་འབྲེལ་གྱིས་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་ལྔ་པའི་སྤྱི་རྒྱུགས་དང་། འཛིན་རིམ་བཅུ་པའི་འགོ་ཁྲིད་ཟབ་སྦྱོང་། ཤེས་རིག་ཚོགས་ཆེན། ཕ་མའི་ཚོགས་ཆེན་བཅས་གོ་སྒྲིག་ཞུ་རྒྱུ།
༨། བྱིས་པའི་ཀློག་རྩལ་ལས་གཞི་འོག་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་གྲྭའི་དཔེ་མཛོད་བཟོ་འགོད་དང་འབྲེལ་བའི་ལས་འཆར།
ཁ། དེང་རབས་ཤེས་ཡོན་ཚན་པ།
ལོ་རབས་དགུ་བཅུ་བར་ཤེས་རིག་ལས་ཁུངས་སུ་ཤེས་ཡོན་དང་འཛིན་སྐྱོང་གཉིས་ལོགས་སུ་མེད་པར་དྲུང་ཆེའི་བཀོད་འདོམས་འོག་ཡོད། ཕྱི་ལོ་ ༡༩༩༢ ཡས་མས་ནས་འཛིན་སྐྱོང་སྡེ་ཚན་ལས་ལོགས་སུ་ཐོན་ཏེ། ཤེས་ཡོན་ཉམས་ཞིབ་དང་འཆར་འགོད་སྡེ་ཚན་ཞེས་སྡེ་ཚན་གྱི་ངོ་བོར་བསྒྱུར། ཕྱི་ལོ་ ༢༠༠༣ ལོར་ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་དགོངས་དོན་བཞིན་སྲོལ་རྒྱུན་ཤེས་ཡོན་ཚན་པ་ཟུར་འཛུགས་དང་འབྲེལ། དེ་སྔ་ཡོད་མུས་ཀྱི་ཤེས་ཡོན་སྡེ་ཚན་དེ་དེང་རབས་ཤེས་ཡོན་ཚན་པར་གྱུར་ཏེ། ཤེས་ཡོན་སྡེ་ཚན་ནང་སྲོལ་རྒྱུན་དང་དེང་རབས་ཚན་པ་ཞེས་གཉིས་སུ་ཕྱེ་གནང་ཡོད།
ཚན་པ་འདིའི་ལས་འགན་གཙོ་བོ་ནི།
༡། གཏན་ཉིན་སློབ་གྲྭ་ཁག་གི་དགོས་མཁོ་གཞིར་བཟུང་དགེ་རྒན་འོས་སྦྱོང་དང་སྦྱོང་བརྡར་ལས་གཞི། རིག་ཚན་སོ་སོའི་དགེ་རྒན་ཟབ་སྦྱོང་གོ་སྒྲིག་དང་མཇུག་སྐྱོང་། སློབ་གྲྭ་སོ་སོའི་ནང་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་ལས་གཞི་ (TPD) བཅས་ཀྱི་ལས་དོན་ཡོངས་རྫོགས།
༢། ཟློས་དགེ་དང༌། ལྟ་གྲུབ་དགེ་རྒན། བོད་དགེ་སོགས་དགེ་རྒན་བསྐོ་འཛུགས་རྒྱབ་གཉེར་དང༌། འདེམས་སྒྲུག་ལས་དོན་ལ་མཐུན་འགྱུར་ཞུ་རྒྱུ། དགེ་ལས་ཟབ་སྦྱོང༌། ལས་གཞི་གསར་གཏོད། སློབ་ཁག་རྩིས་སྤྲོད་རྩིས་ལེན་མཇུག་སྐྱོང། ལས་བསྡོམས་སྙན་ཐོ་སོགས་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་དང་འབྲེལ་བའི་ལས་དོན།
༣། སློབ་ཁག་གི་དགེ་ལས་དང་སློབ་ཕྲུག་རྣམས་ཀྱི་གྲངས་ཐོ་དང། འཛིན་རིམ་བཅུ་པ་དང་བཅུ་གཉིས་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཕྱོགས་བསྡོམས་སོགས་ཆ་ཚང་ཐོ་མཛོད་མ་གཞི་ནང་འཇོག་རྒྱུ།
༤། སཾབྷོ་ཊ་དང༌། བོད་ཁྱིམ་གཉིས། དབུས་བོད་སློབ་འཛིན་ཚོགས། བལ་ཡུལ་གངས་ཅན་བདེ་རྩ། སྒེར་སློབ་བཅས་ཁྱབ་ཁོངས་སློབ་གྲྭ་ཡོངས་སུ་རྫོགས་པར་དངོས་ཤུགས་བརྒྱུད་གསུམ་ནས་ཤེས་ཡོན་རྟོག་ཞིབ་དང་གཟིགས་རྟོག་གི་ལས་དོན།
༥། གཏན་ཉིན་སློབ་གྲྭ་ཁག་གི་ཚན་རིག་དང་ཨང་རྩིས། ཀམ་པུ་ཊར་གཙོས་སློབ་ཚན་ཁག་གི་སློབ་ཁྲིད་ནང་བརྡ་འཕྲིན་འབྲེལ་ལམ་འཕྲུལ་རིག་ (ICT) བེད་སྤྱོད་གཏོང་བ་བརྒྱུད་སློབ་ཁྲིད་ཡར་རྒྱས་གཏོང་ཐབས་བྱ་རྒྱུར་མཐུན་རྐྱེན་སྦྱོར་སྤྲོད་དང་། ལྟ་རྟོག མཇུག་སྐྱོང་སོགས་དང་འབྲེལ་བའི་ལས་དོན།
༦། བྱིས་པའི་ཀློག་རྩལ་ལས་གཞི་དང་འབྲེལ་བའི་དགེ་རྒན་དང་ཕ་མ་རྣམས་ལ་བྱིས་པའི་ཀློག་རྩལ་གྱི་ཟབ་སྦྱོང་གོ་སྒྲིག་དང་། སློབ་གྲྭ་ཁག་གི་དཔེ་མཛོད་དང་དཔེ་མཛོད་དོ་དམ་པ་རྣམས་ཀྱི་ཆེད་ལས་ཡར་རྒྱས་གཏོང་རྒྱུའི་ལས་གཞི། བྱིས་སྒྲུང་བགོ་འགྲེམས་ཞུ་རྒྱུ་སོགས་ཀྱི་ལས་དོན།
ག བརྡ་ཆད་ཚན་པ།
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་གོང་སྤེལ་སླད་དེང་རབས་ཀྱི་རིག་གནས་སྣ་ཚོགས་པའི་ཐ་སྙད་དང་རྒྱུན་སྤྱོད་ཀྱི་བརྡ་ཆད་རྣམས་གཅིག་གྱུར་གཏན་འབེབས་དགོས་གལ་ཆེན་པོ་གཟིགས་ཏེ། ཕྱི་ལོ་ ༢༠༠༦ ལོར་བཀའ་ཤག་སྐབས་བཅུ་གསུམ་པས་བོད་ཡིག་ཐ་སྙད་གཏན་འབེབས་ཀྱི་ལས་གཞིའི་ཆེད་བརྡ་ཆད་ཚན་པ་ཞིག་ཤེས་རིག་ལས་ཁུངས་སུ་གསར་འཛུགས་གནང་། སྐབས་དེར་བརྡ་ཆད་ཚན་པ་དེ་རྩོམ་སྒྲིག་སྡེ་ཚན་ཁོངས་སུ་གཏོགས་ཡོད་ཀྱང་། རྗེས་སོར་ཕྱི་ལོ་ ༢༠༡༦ ཟླ་ ༡༠ པ་ནས་བཟུང་བརྡ་ཆད་ཚན་པ་དེ་རྩོམ་སྒྲིག་སྡེ་ཚན་ནས་ལོགས་སུ་ཕྱེ་གནང་ཡོད།
ཚན་པ་འདིའི་ལས་འགན་གཙོ་བོ་ནི།
༡། བཀའ་ཤག་གིས་ཐད་བསྐོས་གནང་བའི་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་འོག་རྒྱུན་སྤྱོད་དང་དེང་རབས་ཀྱི་བོད་ཚིག་ཐ་སྙད་གསར་སྒྲིག་དང་གཏན་འབེབས་ཀྱི་ལས་དོན་ཁག་འགན་ཁུར་ཞུ་རྒྱུ།
༢། བཀའ་དང་བསྟན་བཅོས་ནང་བཞུགས་པའི་ཐ་སྙད་གཙོ་བོར་གྱུར་པའི་སྔ་མོའི་བརྡ་ཆད་རྣམས་བེད་མེད་དུ་མ་ལུས་པར་གང་ཐུབ་ཀྱིས་བཀོལ་སྤྱོད་གནང་ཐབས་བྱ་རྒྱུ།
༣། གཏན་འབེབས་ཟིན་པའི་ཐ་སྙད་ཁག་ཕྱོགས་བསྒྲིགས་ཇུས་འགོད་ཀྱིས་”ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་”ཅེས་པའི་ལོ་རེའི་དཔེ་དེབ་འདོན་སྤེལ་གྱི་ལས་དོན།
༤། བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། སློབ་གྲྭ། དགོན་སྡེ་སོགས་སུ་ཆེད་བཅར་གྱིས་ཐ་སྙད་ཀྱི་གལ་གནད་དང་། གཏན་འབེབས་བྱེད་ཕྱོགས་ཀྱི་བརྒྱུད་རིམ་སོགས་དང་འབྲེལ་ནས་གོ་རྟོགས་རྒྱ་ཆེར་སྤེལ་རྒྱུ་བཅས།
མདུན་ལམ་སློབ་སྟོན་ཚན་པ།
ཕྱི་ལོ་ ༡༩༩༨ ཡས་མས་ནས་གཞི་རིམ་གོང་མའི་སློབ་མ་སྤྱི་དང་ཁྱད་པར་གཞི་རིམ་སློབ་ཐོན་པ་རྣམས་ལ་མཐོ་རིམ་སློབ་སྦྱོང་དང་ལས་རིགས་སློབ་ཚན་འདེམས་ཕྱོགས་དང་འབྲེལ་བའི་ཁྱད་ལས་སློབ་སྟོན་པ་དགོས་གལ་ཆེན་པོ་མཐོང་བར་བརྟེན། ཕྱི་ལོ་ ༢༠༠༣ ཟླ་ ༡༡ ཚེས་ ༡ ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དོན་ཚན་ ༡༧ ནང་གསེས་ ༥ པར་ཁྱད་ལས་པ་བསྐོ་གཞག་གི་སྒྲིག་གཞིའི་དགོངས་དོན་ལྟར་ཤེས་རིག་ལས་ཁུངས་ནང་མདུན་ལམ་སློབ་སྟོན་པ་གཞུང་བསྐོས་ལས་བྱེད་བསྐོ་གཞག་གནང་།
ཚན་པ་འདིར་ཡན་ལག་ལས་ཁང་གཉིས་ཡོད། ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༢༦ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཡན་ལག་ལས་ཁང་ཞིག་གསར་འཛུགས་དང་འབྲེལ་ལྷོ་ཁུལ་བོད་མིའི་སློབ་ཁག་ལ་མདུན་ལམ་སློབ་སྟོན་ནུས་ཤུགས་ལྡན་པ་སྤེལ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་རྒྱ་གར་བྱང་ཤར་ཁུལ་གྱི་མདུན་ལམ་སློབ་སྟོན་ཆེད་རྡོར་གླིང་དུ་ཡན་ལག་ལས་ཁང་གཉིས་པ་དེ་གསར་འཛུགས་བྱས་ཀྱང་། ཕྱི་ལོ་ ༢༠༡༢ ནས་དབུས་མདུན་ལམ་སློབ་སྟོན་ཚན་པས་མདུན་ལམ་སློབ་སྟོན་ཞུ་མུས་རེད། དེ་བཞིན་དབུས་བོད་སློབ་འཛིན་ཚོགས་ནས་རྩིས་བླངས་ཟིན་པའི་སཾབྷོ་ཊ་སློབ་ཁག་དྲུག་ནང་ཕྱི་ལོ་ ༢༠༡༩ དང་ ༢༠༢༠ ནང་མདུན་ལམ་སློབ་སྟོན་པ་དྲུག་བསྐོ་གཞག་དང་། ཕྱོགས་མཚུངས་ཕྱི་ལོ་ ༢༠༢༠ འགོ་སྟོད་ལ་མདུན་ལམ་སློབ་སྟོན་དང་འབྲེལ་བའི་རྩ་འཛིན་ཡིག་ཆ་ཞིག་བར་ལམ་ལོ་ཤས་ནས་དགོས་གལ་གཟིགས་པ་བཞིན་བཟོ་འགོད་ཞུས། ཚན་པ་འདིའི་ནང་དམིགས་བསལ་ཤེས་ཡོན་ཆེད་ཁྱད་ལས་པ་ཞིག་ཡོད་པ་དེས་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་ཚོར་ལྟ་རྟོག་དང་ལམ་སྟོན་བྱ་རྒྱུའི་འགན་ཁུར་བཞེས་བཞིན་ཡོད།
ཚན་པ་འདིའི་ལས་འགན་གཙོ་བོ་ནི།
༡། སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པ་རྣམས་ཀྱི་ཁྱད་ལས་ཡར་རྒྱས་གཏོང་ཐབས་ཀྱི་ཟབསྦྱོང་གོ་སྒྲིག་དང་། དུས་ནས་དུས་སུ་མདུན་ལམ་སློབ་སྟོན་པ་ཚོར་ལམ་སྟོན་དང་བཏང་འཛིན་བྱ་རྒྱུ།
༢། མདུན་ལམ་སློབ་སྟོན་དང་འབྲེལ་བའི་ལས་འཆར་བསྒྲིགས་ཏེ་ལག་བསྟར་ཞུ་རྒྱུ།
༣། བོད་སློབ་འཛིན་སྐྱོང་ཚོགས་པའི་འོག་ཏུ་ཡོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་མདུན་ལམ་ལམ་སྟོན་བྱ་རྒྱུ།
༥། འཛིན་རིམ་བཅུ་གཉིས་སློབ་ཐོན་པ་རྣམས་ལ་རྒྱུས་སྟོན་བྱ་རྒྱུ།
༦། ས་གནས་ཁག་ཏུ་ཕྲུ་གུའི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་ཐད་ཕ་མའི་ལས་འགན་ངོ་སྤྲོད་དང་སློབ་སྟོན་བྱ་རྒྱུ།
༧། སློབ་མའི་སེམས་ཁམས་དང་འབྲེལ་བའི་ཚད་གཞི་ཇི་ཙམ་ཡོད་མེད་རྟོག་ཞིབ་བྱ་རྒྱུ།(Psychological Test)
༨། དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ཀྱི་སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་སློབ་ཁྲིད་གནང་ཕྱོགས་སྐོར་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ།
༩། སློབ་གྲྭ་ཁག་ཏུ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་ཡོད་མེད་རྟོག་ཞིབ་ཞུ་རྒྱུ་དང་། དེ་དག་ལ་དགོས་མཁོའི་ཆ་རྐྱེན་བསྐྲུན་རྒྱུ།
༡༠། སློབ་གྲྭ་ཁག་ཏུ་ཡོང་ཚུད་ཤེས་ཡོན་གོང་འཕེལ་ཡོང་ཐབས་དང་འབྲེལ་བའི་ལས་འཆར་བསྒྲིགས་ཏེ་ལག་བསྟར་ཞུ་རྒྱུ།
༣༽ རོགས་སྐྱོར་སྡེ་ཚན།
༸གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་དབུས་གཞུང་ནས་བོད་སློབ་ཟུར་བཙུགས་ཀྱིས་ཕྲུ་གུའི་ཤེས་ཡོན་རིན་མེད་དགོངས་བཞེས་བྱུང་ཡོད་ཀྱང་། ཕྱི་ལོ་ ༡༩༧༥ ནས་བཟུང་བོད་སློབ་འཛིན་ཚོགས་ཀྱིས་ཕ་མའི་ངོས་ནས་སློབ་དོད་འབུལ་དགོས་པའི་བཀོད་ཁྱབ་འབྱོར། སྐབས་དེར་ཕ་མ་མང་པོ་ཞིག་གི་གནས་སྟངས་སྐྱོ་ཞིང་ཕྲུ་གུའི་སློབ་ཡོན་འབུལ་ཐབས་མེད་པར་བརྟེན། ཤེས་རིག་ལས་ཁུངས་ནས་ཕྲུ་གུ་རྣམས་ཀྱི་ཤེས་ཡོན་གལ་ཆེ་དོན་ཆེན་དུ་བརྩིས་ཏེ། ཕྱི་རྒྱལ་རོགས་ཚོགས་ཁག་བརྒྱུད་སློབ་ཡོན་འབོད་སྐུལ་གནང་རྒྱུའི་ལས་རིམ་འགོ་བཙུགས་ཀྱིས་ད་ཡོད་སློབ་ཡོན་སྡེ་ཚན་འདི་བཙུགས་ཏེ་ཕྲུ་གུ་རྣམས་ལ་ཤེས་ཡོན་གོ་སྐབས་ཐོབ། རིམ་བཞིན་སློབ་ཕྲུག་འཕེལ་རྒྱས་ཆེན་པོ་བྱུང་བ་དང་སློབ་གྲྭ་ཁག་ནས་སློབ་ཕྲུག་ཐོན་འགོ་ཚུགས་ཏེ་མཐོ་རིམ་སློབ་ཡོན་འབུལ་རྒྱུ་སོགས་ལས་གཞི་རྒྱ་སྐྱེད་བྱུང་། མཐོ་རིམ་སློབ་ཡོན་དེ་ཡང་ཡིག་རྒྱུགས་ཀྱི་བརྒྱ་ཆ་རྩེ་བཏོག་གིས་བགོ་འགྲེམས་གནང་ལམ་ཡོད་པ་དང་། ཕྱོགས་མཚུངས་ཉམ་ཐག་ཨང་ཐོབ་ཀྱི་ཕྲུ་གུ་རྣམས་ལ་དམིགས་བསལ་དགོངས་བཞེས་ཀྱིས་མཐོ་རིམ་སློབ་ཡོན་ཆ་བགོས་ཞུ་བཞིན་ཡོད་ལ། ད་ལྟའི་ཆར་སློབ་ཡོན་ཡོང་ཁུངས་གཙོ་བོ་ནི་ཏཱ་ལའི་བླ་མའི་ཡིད་ཆེས་དགེ་རྩ་དང་། ཕྱི་རྒྱལ་རོགས་ཚོགས་ཁག བོད་རིགས་ཚོགས་སྒེར་འབྱོར་ལྡན་ཁག་ཅིག་ཆགས་ཡོད།
ཕྱི་ལོ་ ༢༠༠༤ ལོར་བཀའ་ཤག་གིས་སྒྲིག་འཛུགས་བསྐྱར་བཅོས་གནང་སྐབས། རོགས་སྐྱོར་སྡེ་ཚན་ཞེས་མིང་བསྒྱུར་ཐོག་ནང་གསེས་མཐོ་རིམ་སློབ་ཡོན་ཚན་པ་དང་། གཞི་རིམ་སློབ་ཡོན་དང་སློབ་འཇུག་ཚན་པ་གཉིས་སུ་གཏན་འབེབས་གནང་ཡོད།
མཐོ་རིམ་སློབ་ཡོན་ཚན་པའི་ལས་འགན་གཙོ་བོ་ནི།
༡། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་ཕྲུག་སློབ་གྲྭ་ཐོན་རྗེས་མཐོ་རིམ་སློབ་སྦྱོང་མཇུག་སྐྱོང་སླད་དཔལ་འབྱོར་གྱི་དཀའ་ངལ་ཡོད་རིགས་ལ་མཐོ་སློབ་སློབ་ཡོན་འབུལ་རྒྱུ།
༢། ལོ་ལྟར་མཐོ་རིམ་སློབ་ཡོན་གསལ་བསྒྲགས་ཞུ་རྒྱུ།
༣། མཐོ་རིམ་སློབ་ཡོན་ཚོགས་ཆུང་ཆེད་སྐོང་གིས་སློབ་མ་འདེམས་སྒྲུག་བྱེད་སྒོ།
༤། མཐོ་རིམ་སློབ་ཡོན་གྱི་སྒྲིག་གཞི་བསྐྱར་བཅོས་དགོས་གལ་ནམ་བྱུང་བཀའ་ཤག་བརྒྱུད་འཆར་འབུལ་ཞུ་རྒྱུ།
༥། འདེམས་སྒྲུག་ཟིན་པའི་སློབ་མ་ཚོར་སློབ་ཡོན་བགོ་འགྲེམས་དང་འབྲེལ་ལམ་དང་མཇུག་སྐྱོང་ཞུ་རྒྱུ།
༦། སློབ་ཡོན་ཆེད་ཚོགས་སྒེར་རོགས་ཚོགས་ཁག་ལ་རོགས་རམ་འབོད་སྐུལ་ཐབས་འཚོལ་དང་། འབྲེལ་ལམ་དང་མཇུག་སྐྱོང་ཞུ་རྒྱུ།
༧། གཞན་ཡང་རྒྱ་གར་མཐོ་སློབ་ཁག་ནས་བོད་ཕྲུག་རྣམས་ལ་དམིགས་བསལ་ས་མིག་འབུལ་མཁན་བྱུང་ཚེ་སྐབས་མཚམས་གསལ་བསྒྲགས་ཞུ་རྒྱུ།
༨། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མཐོ་རིམ་སློབ་སྦྱོང་དུ་གཏོང་རྒྱུའི་གོ་སྐབས་ཇི་བྱུང་རྒྱ་ཁྱབ་གསལ་བསྒྲགས་ཀྱི་ལམ་ནས་མི་འགྲོ་འདེམས་སྒྲུག་དང་འབྲེལ་བའི་ལས་དོན་ཞུ་སྒོ་ཁག་འགན་ཁུར་ཞུ་རྒྱུ།
གཞི་རིམ་སློབ་ཡོན་དང་སློབ་འཇུག་ཚན་པའི་ལས་འགན་གཙོ་བོ་ནི།
༡། རྒྱ་བལ་འབྲུག་གསུམ་ས་གནས་ཁག་གི་ཉིན་སློབ་ནས་མཐའ་མའི་འཛིན་རིམ་ཐོན་མཁན་དང་། ཧི་མཱ་ལ་ཡའི་ཁུལ་ནས་སློབ་འཇུག་ཞུ་མཁན་རྣམས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་གཏན་སློབ་ཁག་ནང་སློབ་འཇུག་ཞུ་རྒྱུ།
༢། རོགས་རམ་ཐབས་འཚོལ། གཏན་སློབ་ནང་ཡོད་པའི་ཕྲུ་གུ་རྣམས་ལ་ཟས་གོས་གནས་མལ་གླ་དོད་དུས་ཐོག་གཏོང་རྒྱུ།
༣། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་དང་། མཛད་གཙོ་རྣམ་པ། ས་གནས་རང་ཁོངས་ལས་བྱེད། དྭང་སློབ་འགོ་འཛིན་བཅས་ཀྱི་ཕྲུ་གུ་རྣམས་བོད་ཁྱིམ་གཉིས་སུ་རྒྱན་རྒྱག་དང་། ཕྲུ་གུ་གསུམ་ཡན་ཡོད་པའི་ལས་གཞིའི་ཁོངས་ཚུད་པའི་ཕྲུ་གུ་རྣམས་བོད་ཁྱིམ་གཉིས་དང་སཾབྷོ་ཊ་བཅས་ནང་སྒྲིག་དོན་རྒྱན་རྒྱག་སློབ་འཇུག་ཞུ་རྒྱུ།
༤། རོགས་རམ་ཁོངས་སུ་ཡོད་པའི་སློབ་ཕྲུག་རྣམས་ཀྱི་སྦྱིན་བདག་དང་། རོགས་ཚོགས་ཁག་ལ་འབྲེལལམ་དང་མཇུག་སྐྱོང་ཞུ་རྒྱུ།
༥། གཏན་ཉིན་སློབ་གྲྭ་ཁག་དང་ས་གནས་འགོ་འཛིན་རྣམ་པར་སློབ་འཇུག་གསལ་བསྒྲགས་དང་ཡིག་འབྲེལ་གྱི་ལས་དོན།
༦། ཀྲུ་ཀྲིང་དང་བལ་ཡུལ་ཤ་ཝ་ར་གསུམ། དེ་བཞིན་ཉམ་ཐག་ཕྲུ་གུ་གཏན་སློབ་ཁག་ནང་ཡོད་པ་རྣམས་ལ་ཕ་མ་ཐུག་འཕྲད་བསྐྱོད་རྒྱུར་དམིགས་བསལ་ལམ་གྲོན་དང་ལག་དངུལ་བགོ་འགྲེམས་ཞུ་རྒྱུ།
༧། ཉིན་སློབ་བསྐྱོད་མུས་ཉམ་ཐག་ཨང་ཐོབ་ཀྱི་ཕྲུ་གུ་དང་། སྲི་ཞུ་ལས་བྱེད་པའི་ཕྲུ་གུ། སཾབྷོ་ཊ་ཁྱབ་ཁོངས་གཏན་འཇགས་དགེ་ལས་རྣམ་པའི་ཕྲུ་གུ། ཕྲུ་གུ་གསུམ་ཡན་བཅས་ལ་སློབ་དོད་དམ་བྱིས་གསོས་དོད་གནང་རྒྱུ།
༨། གཏན་སློབ་ཁག་ནང་ཡོད་པའི་ཉམ་ཐག་ཕྲུ་གུར་ཟས་གོས་གནས་མལ་དོད་འབུལ་རྒྱུར་དཀའ་ངལ་ཡོད་སྐོར་ས་གནས་འགོ་འཛིན་ནས་རྒྱབ་གཉེར་འབྱོར་རིགས་ལ་དམིགས་བསལ་ཆག་ཡང་འབུལ་རྒྱུ།
༩། ས་གནས་འགོ་འཛིན་ཁག་ནས་དྭ་ཕྲུག་དང་། ཕྱེད་དྭ་ཕྲུག ཉམ་ཐག་དཀའ་ངལ་ཅན་གྱི་ཕྲུ་གུ་བཅས་ཀྱི་སློབ་འཇུག་རྒྱབ་གཉེར་འབྱོར་རིགས་ལ་ཞིབ་འཇུག་དང་འབྲེལ་འོས་ངེས་ལ་བོད་ཁྱིམ་གཉིས་ལ་རྒྱབ་གཉེར་ཞུ་རྒྱུ།
༤༽ ཤེས་ཡོན་ལྷན་ཚོགས།
བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་དང་འབྲེལ་བའི་སྲིད་བྱུས་དང་ལམ་སྟོན་ཁག་ལག་བསྟར་དང་། ཤེས་ཡོན་དང་འབྲེལ་བའི་བྱེད་སྒོ་ལམ་སྟོན་ཆེད་ཤེས་ཡོན་སློབ་སྟོན་གནང་མཁན་གྱི་ལྷན་ཚོགས་ཤིག་གསར་འཛུགས་གནང་དགོས་པ་བཞིན། ཕྱི་ལོ་ ༢༠༡༠ ལོ་མཇུག་ལ་བཀའ་ཤག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་འགན་དབང་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཞེས་པ་གཏན་འབེབས་དང་འབྲེལ། ལྷན་ཚོགས་དེའི་འགན་འཛིན་དུ་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༨ ཉིན་ཤེས་རིག་ལས་ཁུངས་ནས་དྲུང་ཆེ་ལས་འཕར་ཞིག་བསྐོ་གཞག་དང་། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ ཉིན་ཚོགས་མི་ཡོངས་བསྐོ་གཞག་གནང་། དེ་ནས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༨ ཉིན་ཤེས་རིག་ལས་ཁུངས་ནས་དེ་སྔ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཡར་པོ་གནང་བའི་འོག་ཁང་དེ་དག་རྩིས་ལེན་གྱིས་ཉམས་གསོ་བྱས་ཏེ་དེའི་ནང་ལས་ཁུངས་སྤོས་ཏེ། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་ལས་ཁུངས་ཀྱི་ལས་དོན་དངོས་སུ་འགོ་བཙུགས་ཡོད། སྐབས་དེར་ཤེས་ཡོན་ལྷན་ཚོགས་ཀྱི་ཡིག་ཚང་ནང་འཛིན་སྐྱོང་ལས་བྱེད་དྲུང་གཞོན་ ༡ དང་། དྲུང་ལས་ ༢ ལས་དོ་ ༡ བཅས་ཀྱི་ས་དམིགས་ཡོད། ལས་ཁུངས་འདི་ཉིད་གནས་སྐབས་རིང་ཤེས་རིག་ལས་ཁུངས་ཀྱི་ཁོངས་སུ་ཡོད་ནའང་། མཐུན་རྐྱེན་འཛོམས་ཉིན་ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་དབང་བྱུས་འོག་ཡོད་པའི་རང་སྐྱོང་སྡེ་ཚན་ཞིག་ལ་བསྒྱུར་རྒྱུའི་དགོངས་གཞི་ཡོད་པ་ལྟར་གནང་ཐབས་ཞུ་བཞིན་ཡོད། ཤེས་ཡོན་ལྷན་ཚོགས་འགོ་འཛུགས་མ་གནང་གོང་ལྷན་ཚོགས་ཀྱི་ལས་བྱེད་མང་ཆེ་བ་ཤེས་རིག་སྲོལ་རྒྱུན་ཤེས་ཡོན་ཚན་པའི་ཁྱབ་ཁོངས་ཡིན་སྟབས། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༥ ཉིན་ཤེས་ཡོན་ལྷན་ཚོགས་དང་ཤེས་རིག་སྲོལ་རྒྱུན་ཚན་པ་གཉིས་ཀྱི་ལས་དོན་ཁག་བགོས་ཀྱིས་ཤེས་ཡོན་སྲོལ་རྒྱུན་ཚན་པས་གནང་བཞིན་པའི་གཞི་རིམ་སློབ་གྲྭའི་བསླབ་གཞི་རྩ་འཛིན་བཟོ་འགོད་དང་། སློབ་དེབ་རྩོམ་སྒྱུར་དང་བསྐྱར་ཞིབ་ཀྱི་ལས་དོན་རྣམས་ཤེས་ཡོན་ལྷན་ཚོགས་ཀྱིས་གནང་རྒྱུ་ཐག་བཅད། དེ་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ནང་ཤེས་རིག་རྩོམ་སྒྲིག་ཚན་པའི་ལས་དོན་རྣམས་ཀྱང་ཤེས་ཡོན་ལྷན་ཚོགས་ཁོངས་སུ་ཟླ་སྒྲིལ་གནང་། དེ་བཞིན་གཞི་རིམ་འོག་མའི་སློབ་ཚན་གཞན་ཁག་གི་སློབ་དེབ་རྩོམ་སྒྲིག་དེ་སྔ་བོད་ཁྱིམ་ནས་གནང་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༢ ནས་ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་འདོན་སྤེལ་རྩིས་ལེན་གྱིས་ད་ལྟའི་ཆར་ཤེས་ཡོན་ལྷན་ཚོགས་ནས་རྩོམ་སྒྲིག་འགན་ཁུར་བཞེས་བཞིན་ཡོད།
ཤེས་ཡོན་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་ནི།
༡། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་འདུའི་གྲོས་ཆོད་ལྟར་མཇུག་སྐྱོང་གནང་སྒོ་ཁག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན་བཞིན། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ལོ་རེའི་ནང་ཐེངས་གཉིས་བསྐོང་ཚོགས་གནང་རྒྱུ་དང་འབྲེལ། ཚོགས་འདུའི་གྲོས་ཆོད་ཁག་ལག་བསྟར་མཇུག་སྐྱོང་ཞུ་སྒོ་ཁག
༢། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་བསླབ་གཞིའི་རྩ་འཛིན་བཟོ་འགོད།
ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་ཕྱི་ལོ་ ༢༠༠༨ ལོར་སྔོན་འགྲོ་ནས་གཞི་རིམ་འོག་མ་བར་དང་། ཕྱི་ལོ་ ༢༠༡༡ ལོར་གཞི་རིམ་བར་མ། ཕྱི་ལོ་ ༢༠༡༧ ལོར་གཞི་རིམ་གོང་མ་བཅས་ཀྱི་བསླབ་གཞིའི་རྩ་འཛིན་བཟོ་འགོད་དང་གཏན་འབེབས་ཟིན་ཅིང་། དེ་དག་རིམ་བཞིན་ལག་བསྟར་དང་། བསྐྱར་ཞིབ། དུས་དང་མཐུན་པའི་སྣོན་འཕྲི་སོགས་བྱེད་བཞིན་ཡོད།
༣། བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན་སློབ་དེབ་རྩོམ་སྒྲིག
ཤེས་ཡོན་སྲིད་བྱུས་དང་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན། གཞི་རིམ་གོང་འོག་བར་གསུམ་གྱི་བོད་སྐད་ཡིག་དང་། ཨང་རྩིས། ཚན་རིག སྤྱི་ཚན། ནང་ཆོས་དང་རིིགས་ལམ། ཟློས་གར་སོགས་ཀྱི་སློབ་དེབ་རྩོམ་སྒྲིག་དང་གཏན་འབེབས། ལག་བསྟར། མཇུག་སྣོན་ཞུ་སྒོ་ཁག་ཞུ་རྒྱུ།
༤། བོད་སྒྱུར་ལས་གཞི།
གཏན་ཉིན་སློབ་གྲྭ་ཁག་ལ་ཀློག་དེབ་ཀྱི་མཐུན་རྐྱེན་ཇེ་བཟང་གཏོང་ཐབས་སུ་འཛམ་གླིང་ནང་གི་གྲགས་ཅན་བྱིས་སྒྲུང་དང་། སློབ་ཁྲིད་དང་འབྲེལ་བའི་དཔེ་དེབ་སོགས་བོད་སྒྱུར་གྱིས་འདོན་སྤེལ་ཞུ་རྒྱུ།
༥། བྱིས་པའི་ཀློག་རྩལ་གོང་མཐོར་གཏོང་ཐབས་ལས་གཞི།
ལོ་གཅིག་ནང་གཞི་རིམ་བར་མ་དང་གོང་མའི་གནས་ཚད་དང་འཚམས་པའི་ཕ་ཡུལ་ཤེས་བྱའི་བང་མཛོད་བརྙན་དེབ་འདོན་ཐེངས་ ༡༠ དང་། གཞི་རིམ་འོག་མའི་སློབ་ཕྲུག་གི་གནས་ཚད་དང་འཚམས་པའི་དུས་དེབ་གངས་ལྗོངས་བྱིས་པའི་བརྙན་དེབ་འདོན་ཐེངས་གཅིག གཞན་ཡང་ཕ་ཡུལ་ཕྱོགས་བསྒྲིགས་དཔེ་དེབ་གཉིས་གསུམ་འདོན་སྤེལ་དང་། གླིང་སྒྲུང་སྙིང་བསྡུས་དཔེ་དེབ་གཅིག དེ་བཞིན་ལོ་རེའི་ནང་བྱིས་པའི་སྒྲུང་དེབ་གསར་རྩོམ་ལྔ་རེ་དང་། གཞི་རིམ་བར་མ་དང་གོང་མའི་གནས་ཚད་དང་འཚམས་པའི་མི་སྣ་གྲགས་ཅན་སོགས་ལོ་རྒྱུས་དཔེ་དེབ་རེ་འདོན་སྤེལ་སོགས་ཀྱི་ལམ་ནས་ཀློག་དེབ་ཀྱི་སྤུས་ཚད་དང་མཐུན་རྐྱེན་ཇེ་བཟང་བསྐྲུན་རྒྱུ།
༦། སློབ་ཕྲུག་དང་དགེ་རྒན་གྱི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས།
༡། ཤེས་ཡོན་གྱི་ལས་གནས་ཐོག་ཡོད་པའི་བོད་རིགས་དགེ་ལས་དང་། མཁས་དབང་། ཤེས་ལྡན་ཐུགས་སྣང་ཅན་རྣམས་ལ་བོད་མིའི་རིག་གཞུང་སྤྱི་དང་། ཁྱད་པར་སློབ་གསོའི་ཆེད་ལས་ཐོག་ཉམས་མྱོང་བརྗེ་རེས་ཀྱིས་གོ་རྟོགས་དང་ངོས་འཛིན་གཏིང་ཟབ་ཡོང་སླད། ཕྱི་ལོ་ ༢༠༠༡ ལོ་ནས་འགོ་བཙུགས་པའི་ཤེས་རིག་ཅེས་པའི་དུས་དེབ་འདོན་ཐེངས་བཅུ་གཅིག་བར་རྩོམ་སྒྲིག་འགྲེམས་སྤེལ་ཞུས་ཟིན་པ་དང་། ཕྱི་ལོ་ ༢༠༡༨ ནས་བཟུང་དགེ་རྒན་གྱི་ཉམས་མྱོང་བརྗེ་རེས་ཀྱི་རྩོམ་ཡིག་ཁག་ཕྱོགས་བསྒྲིགས་ཀྱིས་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་ཐོག་འགོད་སྤེལ་ཞུ་རྒྱུ།
༢། ལོ་ལྟར་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གྱི་བོད་ཡིག་རྩོམ་ཡིག་འགྲན་བསྡུར་ནང་བྱ་དགའ་ཐོབ་པའི་ཕུལ་བྱུང་རྩོམ་ཡིག་ཁག་བདམས་བསྒྲིགས་ཀྱིས་སྨྱུག་གསར་ཞེས་པའི་དེབ་ཕྲེང་འདོན་སྤེལ་ཞུ་རྒྱུ།
༧། ཤེས་ཡོན་སྲིད་བྱུས་ལག་བསྟར་དང། གོ་རྟོགས་སྤེལ་རྒྱུའི་ལས་གཞི།
གཏན་ཉིན་སློབ་ཁག་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་ཚགས་ཚུད་འགྲོ་མིན་བཏང་འཛིན་དང་འབྲེལ། སློབ་སྡེ་ཁག་གི་རྒྱུས་སྟོན་པ་རྣམས་ནས་ཤེས་ཡོན་སྲིད་བྱུས་ཟབ་སྦྱོང་དང་གོ་རྟོགས་སྤེལ་ཐུབ་པའི་ནུས་པ་སྐྱེད་སྲིང་གནང་རྒྱུ། དགེ་རྒན་རྣམས་ལ་ཟབ་སྦྱོང་། ཕ་མ་དང་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུའི་ལས་གཞི། བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་ཚགས་ཚུད་གཏོང་ཐབས། ཤེས་ཡོན་སྲིད་བྱུས་ཀྱི་རྒྱུ་ཆ་དཔེ་དེབ་མཁོ་འདོན་གནང་རྒྱུ།
༨། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ལས་གཞི།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པའི་སློབ་གྲྭ་ཁག་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་ཚགས་ཚུད་ཡོང་ཐབས་སུ་དགེ་རྒན་ལ་ཟབ་སྦྱོང་དང་གོ་རྟོགས་སྤེལ་རྒྱུ། བསླབ་གཞིའི་རྩ་འཛིན་སོགས་བོད་སྒྱུར་དང་རྩོམ་སྒྲིག་གཏན་འབེབས། གཞན་ཡང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་རྒྱུ་ཆ་མཁོ་འདོན་གནང་རྒྱུ་བཅས་སོ།། །།














