
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༨ ཚེས་ ༡༣ ཉིན་དྷ་ས་རིགས་ལམ་སློབ་གཉེར་ཁང་གི་ཡན་ལག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༢༧ འཁོར་བ་དང་བསྟུན། སྐབས་གསུམ་པའི་སྐད་བརྡ་རིག་པའི་གཙུག་ལག་རབ་འབྱམས་པའི་སློབ་མ་རྣམས་ཀྱི་སློབ་ཐོན་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་ཆུ་ཚོད་ ༡༠ ཡོལ་ཙམ་ལ་ས་རཱ་མཐོ་སློབ་ཀྱི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་བསོད་ནམས་དཔལ་ལྡན་ལགས། དེ་བཞིན་ས་རཱ་མཐོ་སློབ་ཀྱི་གཙུག་ལག་སློབ་དཔོན་དང་དགེ་ལས་སློབ་ཕྲུག་ཡོངས་རྫོགས་མཉམ་འཛོམས་ཀྱིས་མཛད་སྒོ་དབུ་འཛུགས་གནང་སོང་།

མཛད་སྒོའི་ཐོག་མར་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་མཐོ་སློབ་ཀྱི་ངོ་སྤྲོད་ལས་བསྡོམས་བཅས་སྙན་སྒྲོན་ཞུས་པ་དང་། ཕྱི་ལོ་ ༢༠༢༤ དང་ ༢༠༢༥ ལོའི་རྩིས་ཁྲ་སྒྲོགས་སྦྱང་གནང་བ་དང་འབྲེལ་གསུང་དོན། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་དགོས་ན་ཐོག་མར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་གནང་དགོས་པ་དང་། བོད་མི་ཚང་མས་དེ་བཞིན་ངོས་འཛིན་དང་དྲིལ་བསྒྲགས་བྱས་མོད། དོན་ངོ་མར་བོད་ཀྱི་སྐད་དང་རིག་གཞུང་རྒྱུན་འཛིན་དང་འབྲེལ་བའི་ལས་གཞི་ཁག་ལས་གཞི་གཞན་དང་གཅིག་མཚུངས་ལས་དམིགས་བསལ་མཐུན་འགྱུར་དང་རྒྱབ་སྐྱོར་ནི་ཧ་ཅང་གི་དཀོན་པོ་ཡིན་པའི་གནས་སྟངས་དང་འདི་ལོ་ནས་ནོར་གླིང་མཐོ་སློབ་ནང་སློབ་ཕྲུག་ཉུང་བས་རྐྱེན་གྱིས་སྒོ་བརྒྱབ་དགོས་པའི་ཡིད་སྐྱོའི་གནས་སྟངས་ཆགས་པའི་སྐོར་བཅས་འགྲེལ་བརྗོད་གནང་བ་དང་། ད་ལྟའི་ཆར་མཐོ་སློབ་ལ་མ་དངུལ་གྱི་ཆ་ནས་དཀའ་ངལ་མང་པོ་ཡོད་ཀྱང་གནས་སྟངས་ཞན་པོ་མེད་བཅས་གསུང་གནང་སོང་།

དེ་རྗེས་རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་ ༢༠༢༤ དང་ ༢༠༢༥ ལོའི་སློབ་དུས་ཀྱི་རྩེ་ཕུད་ཨང་རིམ་སོན་པའི་སློབ་མ་རྣམས་ལ་བྱ་དགའ་གསོལ་རས་སྩལ་གྲུབ་མཚམས། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་བསོད་ནམས་དཔལ་ལྡན་ལགས་ཀྱིས་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་དུ་ས་རཱ་མཐོ་སློབ་ཀྱི་མཐོ་རིམ་རིག་གནས་སློབ་མ་ ༡༤ ལ་ཁ་གསབ་སློབ་ཡོན་ཕུལ་བ་ནི་ལེགས་སྐྱེས་ཀྱི་སློབ་ཡོན་ཞིག་ཡིན་པའི་ངོ་སྤྲོད་དང་། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལོ་རྒྱུས་དང་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་གྱིས་སློབ་མ་རྣམས་ལ་རྟེན་འབྲེལ་མཇལ་དར་ཕུལ་སོང་།

དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་གཙུག་ལག་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ལ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་མཚན་འཛིན་གཙུག་ལག་སློབ་དཔོན་ཞེས་པའི་མཚན་གནས་དང་། བརྡ་སྤྲོད་སློབ་དཔོན་བགྲེས་པ་སྤེན་པ་ལགས་ལ་ཉེ་བའི་གཙུག་ལག་སློབ་དཔོན་གྱི་མཚན་གནས། བརྡ་སྤྲོད་སློབ་དཔོན་གཞོན་པ་དགེ་བཤེས་པ་སངས་རྒྱལ་མཚན་ལགས་ལ་བརྡ་སྤྲོད་སློབ་དཔོན་བགྲེས་པའི་མཚན་གནས་བཅས་ཕུལ་གནང་གྲུབ་མཚམས། རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས་ས་རཱ་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ ༢༧ འཁོར་གྱི་ཡོད་པ་དང་། ད་བར་ས་རཱ་མཐོ་སློབ་ནས་སློབ་ཕྲུག་གྲངས་ ༥༠༠༠ ཙམ་ཞིག་སློབ་མཐར་སོན་པའི་སྐོར་དང་འབྲེལ་ནས་གསུང་དོན། བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ཚོགས་པ་ཆུང་ཆུང་འདི་འདྲ་བ་ཞིག་གིས་བོད་ཀྱི་ཐུན་མོང་མ་ཡིིན་པའི་སྐད་དང་རིག་གཞུང་། ནང་བསྟན་དར་སྤེལ་ཐོག་ནུས་པ་གང་ལྕོགས་ཀྱིས་ཞབས་འདེགས་ཞུ་བཞིན་པ་དང་། སློབ་མཐར་སོན་པའི་སློབ་ཟུར་ཚོས་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ལ་སོགས་པ་དང་། བོད་མིའི་སྒྲིག་འཛུགས་ནང་ཞབས་ཕྱི་ཞུས་དང་ཞུ་མུས་ཡིན་པ་མང་པོ་ཞིག་བྱུང་ཡོད་པ་ནི་དགའ་འོས་པ་དང་སྤོབས་པ་སྐྱེས་འོས་པ་ཞིག་ཡིན། མ་ཟད་དེ་དག་དྲན་པའི་ཐོག་ནས་སློབ་མ་ཚོས་ལམ་དེའི་རྗེས་སུ་སྙེག་སྟེ་དེ་དང་མཐུན་པ་ཞིག་ཡོང་བ་ལ་བརྩོན་པ་དང་། སེམས་ཤུགས་སྤོབས་པ་སྐྱེས་པ་ཞིག་བྱེད་དགོས་ཀྱི་ཡོད་པ་དང་། ཕྱོགས་མཚུངས་སློབ་མ་རྣམས་བསླབ་པ་མཐར་སོན་རྗེས་ཡ་རབས་སྤྱོད་བཟང་ལྡན་པའི་ཐོག་སྤྱི་ཚོགས་ཀྱི་ཞབས་ཕྱི་སྒྲུབ་དགོས་པ་ཡིན་ཞེས་ལམ་སྟོན་གནང་སོང་།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་སྐབས་གསུམ་པའི་སྐད་བརྡ་རིག་པའི་གཙུག་ལག་རབ་འབྱམས་པའི་སློབ་མ་རྣམས་ལ་སློབ་ཐོན་ལག་འཁྱེར་ཕུལ་གནང་རྗེས་དགེ་ལས་སློབ་མ་ཡོངས་ལ་བླང་དོར་གསུང་བཤད་གནང་བའི་སྐབས་གསུང་དོན། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནི་མཛད་རྗེས་ཅན་གྱི་ཚོགས་པ་ཞིག་ཡིན་པས་དེ་ལ་བཀའ་དྲིན་བསམ་གཞིག་དང་། ཡི་རང་བསྔགས་བརྗོད་ཀྱིས་ཐུགས་རྗེ་ཆེ་ཞུས་པ་དང་། བོད་ཀྱི་ཆོས་རིག་འཛིན་སྐྱོང་དར་སྤེལ་གྱི་ལས་དོན་གྲུབ་ཐབས་ལ་ཐོག་མར་བོད་ཀྱི་སྐད་ཡིག་སློབ་གཉེར་གནང་དགོས་གལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་བ་བཞིན་མི་རིགས་གཅིག་གི་སྲོག་རྩ་ནི་སྐད་ཡིག་ཡིན་པ་ཡང་གསུང་སོང་།
དེ་བཞིན་ད་ལྟའི་བཙན་བྱོལ་བོད་མིའི་གནས་སྟངས་ཚགས་ཚུད་དང་ཧྲ་ཏག་ཏག་ཅིག་ཆགས་པའི་རྒྱུ་རྐྱེན་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་ཐུགས་རྗེའི་བྱིན་རླབས་ལས་བྱུང་བ་ཞིག་ཡིན་པས་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་ལ་བསམ་གཞིག་གིས་ཉིན་ལྟར་ཡིད་ལ་དྲན་གསོ་གནང་དགོས་པའི་སྐོར་དང་། དེ་བཞིན་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དང་ཤེས་ཡོན་ལྟེ་གནས་ཁང་གིས་༸སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་དྲིན་རྗེས་དྲན་དུ་སློབ་ཕྲུག་རྣམས་ལ་སློབ་ཡོན་ཁ་གསབ་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་གནང་སོང་།
དེ་ནས་ཤེས་རིག་བཀའ་བློན་མཆོག་གིས་དགེ་རྒན་དང་སློབ་ཕྲུག་རྣམས་ལ་སློབ་ཁྲིད་ཐོག་ལམ་སྟོན་གནང་སྐབས་དགེ་རྒན་ཚོས་སློབ་ཁྲིད་ཀྱི་ཐབས་ལམ་སྣ་མང་བརྒྱུད་སློབ་ཁྲིད་གནང་དགོས་པ་དང་། སློབ་ཕྲུག་ཚོས་དགའ་སྣང་དང་དོ་དབྱིངས་ཆེན་པོས་སློབ་སྦྱོང་གནང་དགོས་པའི་ལམ་སྟོན་ཡང་གནང་། མཐར་ཁོང་ཉིད་ཀྱིས་སློབ་མ་ཚོས་ངོ་ལྐོག་རྒྱབ་མདུན་མེད་པར་བཟང་སྤྱོད་ལྡན་པའི་ཐོག་ཕྱག་ལས་གནང་དགོས་པའི་གལ་གནད་བཅས་ཀྱི་ཐོག་འགྲེལ་བརྗོད་གནང་སོང་། མཛད་སྒོའི་མཐའ་མར་ས་རཱ་མཐོ་སློབ་ཀྱི་དྲུང་ཡིག་བསྟན་འཛིན་སྨིན་ལེགས་ལགས་ནས་ཐུགས་རྗེས་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་མཇུག་བསྒྲིལ་སོང་། །






