ཆེད་བརྗོད།

༄༅། །ཕྱི་ལོ་༢༠༠༤ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀའ་ཤག་གིས་ཕུལ་བའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཐོག་བགྲོ་གླེང་ལྷུག་པོ་དང་སྦྲགས་སྤྱི་མོས་ཀྱིས་གཏན་ལ་ཕབ་པ་ནས་བཟུང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་གསུམ་པ་དོན་ཚན་༡༧ པར། “དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམས་པའི་ཤེས་རིག་གི་སྲིད་བྱུས་ཡང་དག་ཅིག་བཟོ་རྒྱུ་”ཞེས་གསལ་བའི་ཤེས་ཡོན་སྲིད་བྱུས་དེ་དངོས་སུ་དབུ་བརྙེས་ ཤིང༌། སྲིད་བྱུས་ནང་གསལ་ཆ་རྐྱེན་དང་དགོས་མཁོ་བསྒྲུབ་སླད་བོད་གཞུང་ཤེས་རིག་ལས་ ཁུངས་ཀྱིས་འདས་པའི་ལོ་ངོ་དྲུག་རིང༌། སྲིད་བྱུས་དགོངས་དོན་ཆ་ཚང་ལག་བསྟར་དང་ཉམས་གསོག་སླད་དཔེ་སྟོན་སློབ་གྲྭ་གསར་ འཛུགས་དགོས་པ་བཞིན། ཕྱི་ལོ་༢༠༠༥ ཟླ་༡༠ ཚེས་༡༠ ཉིན་བཞུགས་སྒར་དྷ་སར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་གསར་འཛུགས་དང༌། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་རིགས་དགེ་ལས་ཡོངས་ལ་ཤེས་ཡོན་སྲིད་བྱུས་ ཀྱི་དགོངས་དོན་སྐོར་གྱི་ཟབ་སྦྱོང༌། སྲིད་བྱུས་དགོངས་དོན་སྔོན་འགྲོ་དང་གཞི་རིམ་སློབ་གྲྭའི་བསླབ་གཞིའི་རྩ་འཛིན་དང་སློབ་ཚན་འཆར་གཞི་བཟོ་འགོད། གཞོན་སྐྱེས་རྣམས་ཀྱི་མདུན་ལམ་སྤྱི་དང་ཁྱད་པར་རིགས་གཅིག་རྐང་འཛིན་ཐོག་སློབ་ ཕྲུག་གང་མང་བསྐྱོད་སླད་དབུས་ས་གཉིས་སུ་མདུན་ལམ་སློབ་སྟོན་ཁྱད་ལས་པ་བསྐོ་ འཛུགས། བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་ཆེད་སྐོང་གིས་ གཞི་རིམ་སློབ་གྲྭ་ཁག་ཏུ་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་བགྲོ་གླེང་གཏན་འབེབས་སོགས་དང༌། ལྷག་པར་གཞི་རིམ་གོང་འོག་བར་གསུམ་གྱི་སློབ་ཚན་ཡོངས་རྫོགས་བོད་ཡིག་ཐོག་ཕབ་ སྒྱུར། བོད་མི་རང་གི་དགོས་མཁོ་དང་འཚམས་པའི་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་སློབ་ དེབ་གསར་རྩོམ། ཤེས་ཡོན་སྲིད་བྱུས་ནང་གསལ་དགོས་མཁོ་ཚང་བའི་དགེ་རྒན་འོས་སྦྱོང་གི་སློབ་ཚན་ གཏན་འབེབས། སྲིད་བྱུས་ནང་གསལ་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་གསར་འཛུགས་སོགས་སྲིད་ བྱུས་ལག་བསྟར་གྱི་ཆ་ལག་ཏུ་གྱུར་པའི་ལས་རིམ་ཆེ་ཕྲ་དུ་མ་ཞིག་ལག་བསྟར་བྱས་དང་ བྱེད་མུས་ཡིན།
ཤེས་ཡོན་སྲིད་བྱུས་ནི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལས་བྱུང་བའི་རྩ་འཛིན་ཡིག་ཆ་གལ་ཆེན་ཞིག་ཡིན་གཤིས། བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ཀྱི་ཁོངས་སུ་གཏོགས་པའི་གཞི་རིམ་ སློབ་གྲྭ་ཡོངས་རྫོགས་ཀྱིས་འཕྲལ་དུ་ལག་བསྟར་བྱ་དགོས་པ་སྨོས་མེད་ལགས་མོད། འོན་ཀྱང་སྐྱབས་བཅོལ་གྱི་གནས་སྟངས་འོག་གནས་ཡུལ་རྒྱལ་ཁབ་ཀྱི་ཤེས་ཡོན་གྱི་ལམ་ ལུགས་དང༌། ཁོར་ཡུག་སྤྱི་ཚོགས་ཀྱི་ཤུགས་རྐྱེན། བོད་མི་རང་གི་མི་རྒྱུའི་ནུས་པ་སོགས་ཕྱིའི་རྐྱེན་དུ་མ་ཞིག་ལ་མི་བལྟོས་ཐབས་ མེད་ཡིན་གཤིས། སྲིད་བྱུས་ཀྱི་དོན་ཚན་བཅུ་བཞི་པ། བར་བརྒལ་གྱི་ཆ་རྐྱེན་ཞེས་པའི་ནང༌། སྲིད་བྱུས་གསར་པའི་དགོས་མཁོ་དང་འཚམས་པའི་དགེ་རྒན་དང་ལས་བྱེད་ཀྱི་མཐུན་རྐྱེན་གློ་བུར་དུ་བསྐྲུན་ཐབས་མེད་པས། སྲིད་བྱུས་ཀྱི་དགོངས་དོན་ཆ་ཚང་ལག་བསྟར་བྱ་རྒྱུར་དུས་ཡུན་གང་འཚམས་འགོར་ངེས་ ཡིན་སྟབས། སྲིད་བྱུས་གཏན་འབེབས་བྱས་པ་ནས་བཟུང་ཕུགས་ཀྱི་དམིགས་ཡུལ་འདི་འདྲ་ཞིག་བཟུང་ ནས་མདུན་བསྐྱོད་བྱ་དགོས་བྱབྱཞེས་གསལ་བ་ལྟར། གཞི་རིམ་གྱི་སྒྲོམ་གཞི་དང་ལམ་ལུགས་ཁག་གསར་འཛུགས་བྱ་རྒྱུ་ནི་དུས་ཚོད་ཐུང་ ཐུང་ཞིག་ནང་ཡོང་ཐབས་མེད་པ་གསལ་པོ་ཡིན།
དེ་ལྟ་ནའང་གོང་དུ་བརྗོད་པའི་དགེ་རྒན་གྱི་གནས་ཚད་གོང་མཐོར་གཏོང་རྒྱུ་དང༌། སྔོན་འགྲོ་ནས་གཞི་རིམ་གོང་འོག་བར་གསུམ་གྱི་བསླབ་གཞིའི་ནང་དོན་ཇུས་འགོད། སློབ་དེབ་རྩོམ་སྒྲིག་དང་བོད་སྒྱུར། དགེ་རྒན་གྱི་སྒྲིག་གྲལ་དང་མཐུན་རྐྱེན་ཡར་རྒྱས་སོགས་ཀྱི་ལས་གཞི་ཁག་ཅིག་གཞི་ རྩའི་སྒྲོམ་གཞི་ལེགས་བཅོས་ལ་ངང་སྒུག་མ་དགོས་པར་འཕྲལ་དུ་ལག་ལེན་བྱས་ན་དགེ་ མཚན་ཆེ་སྟབས། འདས་པའི་ལོ་ཤས་རིང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང༌། སམ་བྷོ་ཊ་ཁྱབ་ཁོངས་བོད་སློབ་ཁག བོད་ཁྱིམ་གཉིས་མ་ལག་དང་བཅས་པས་རང་ནུས་གང་ཡོད་ཀྱིས་སྲིད་བྱུས་ཀྱི་ནང་དོན་ཆ་ ཚང་ངམ། ཕལ་ཆེ་བ་ལག་བསྟར་བྱས་དང་བྱེད་མུས་ཡིན་ལ། རྒྱ་གར་དབུས་བོད་སློབ་འཛིན་ཚོགས་དང༌། བལ་ཡུལ་སློབ་ཁག་བཅས་ཀྱི་དགེ་ལས་རྣམས་ནས་ཀྱང་སྲིད་བྱུས་ལ་སློབ་སྦྱོང་དང་ རྒྱུས་ལོན་བྱས་ཏེ། གནས་དུས་ཁོར་ཡུག་དང་ཆ་རྐྱེན་འོག་ཚད་དང་རིམ་པ་གང་འཚམས་ལག་བསྟར་ཡོང་ཐབས་འབད་ རྩོལ་གནང་མུས་ཡིན་པ་བཅས། མདོར་ན། འདས་པའི་ལོ་ངོ་དྲུག་ནང༌། ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་ཆ་ལག་ཆེ་ཁག་གསར་འཛུགས་བྱས་དང་བྱེད་མུས་ཡིན་ པས། གཞི་རིམ་གྱི་ཆ་རྐྱེན་དང་དགོས་མཁོ་ཚང་རིམ་བཞིན་སྲིད་བྱུས་ལག་བསྟར་གྱི་སྤུས་ ཚད་ཀྱང་རིམ་གྱིས་གོང་མཐོར་གཏོང་ཐབས་བྱེད་མུས་ཡིན།
བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་ སྔོན་འགྲོ་ནས་གཞི་རིམ་བར་མ་བར་གྱི་བསླབ་གཞིའི་རྩ་འཛིན་དང་སློབ་ཚན་འཆར་གཞི་ བཟོ་འགོད་ཀྱི་ལས་རིམ་དེ་ནི། གོང་གསལ་ལས་དོན་ཚང་མའི་ནང་གལ་འགངས་ཆེ་ཤོས་ཤིག་ཡིན་ཞིང༌། དོན་དངོས་ཐོག་དེ་ནི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་རྣམས་དགེ་རྒན་གྱི་ དངོས་གཞིའི་སློབ་འཁྲིད་ཀྱི་ཁ་ཕྱོགས་དང༌། ནང་དོན། བྱེད་ཐབས། གཞི་རྩའི་སྒྲོམ་གཞི་ཚང་མའི་ནང་མངོན་འགྱུར་བྱ་རྒྱུ་དེ་ཡིན་སྟབས། སྲིད་བྱུས་ལག་བསྟར་གྱི་ལས་རིམ་ཚང་མའི་སྙིང་པོ་ཡིན་ཞེས་བརྗོད་ཀྱང་རུང༌།
ཕྱི་ལོ་༢༠༠༦ ཟླ་༩ པར། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་གཞི་རིམ་སློབ་གྲྭའི་བསླབ་གཞིའི་རྩ་ འཛིན་དང་སློབ་ཚན་འཆར་འགོད་གཏན་འབེབས་ཀྱི་ལས་རིམ་དངོས་སུ་འགོ་འཛུགས་ཀྱིས།
ཚོགས་མི་དགུ་ལས་གྲུབ་པའི་སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་ དང་སློབ་ཚན་འཆར་འགོད་ཚོགས་ཆུང་བསྐོ་འཛུགས་ཀྱིས་གཞི་རིམ་སློབ་གྲྭ་ཁག་གི་ད་ ཡོད་བསླབ་གཞི་དང་གནས་སྟངས་ཡོངས་ལ་བསྐྱར་ཞིབ་དང༌། སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་བསླབ་གཞིའི་ནང་དོན་དང༌། སློབ་འཁྲིད་ཀྱི་ཐབས་ལམ། གཞི་རྩའི་ཁ་ཕྱོགས། སློབ་སྦྱོང་གི་རིག་ཚན་དང་ཚོགས་ཐུན་ཇུས་འགོད་བྱ་བའི་ལས་དོན་འགོ་བཙུགས་ཏེ། ཕྱི་ལོ་༢༠༠༧ ཟླ་༤ ཚེས་༣ ཉིན་མཐའ་མའི་འཆར་ཟིན་ལེགས་གྲུབ་བྱུང་བར་ཤེས་རིག་ལས་ཁུངས་ནས་བསྐྱར་ཞིབ་དང་ འབྲེལ་བཀའ་ཤག་ལ་གཞུང་འབྲེལ་གཏན་འབེབས་སླད་ཕུལ། ཕྱི་ལོ་༢༠༠༨ ཟླ་༥ ཚེས་༢༣ ཉིན་བཀའ་ཤག་ནས་བཀའ་འཁྲོལ་གཏན་འབེབས་ཐོབ་འཕྲལ། སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་དེབ་གྲངས་༡༥༠༠ དཔར་སྐྲུན་གྱིས། ཕྱི་ཟླ་༧ ཚེས་༢༠ ཉིན་ཁྱབ་ཁོངས་སློབ་གྲྭ་ཡོངས་སུ་ལག་བསྟར་གྱི་བཀོད་ཁྱབ་དང་སྦྲགས་འགྲེམས་གཏོང་ བྱས།
ཕྱི་ལོ་༢༠༠༨ ཟླ་༩ པར་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང་ཁག་ལྔ་ཆེད་འཛུགས་ ཀྱིས་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཀྱི་ལས་འཆར་ལག་བསྟར་བྱ་རྒྱུ་འགོ་འཛུགས་བྱས་ཡོད། ཚོགས་ཆུང་ལྔ་པོ་དེ་དག་ནི། ༡། ཚོགས་མི་བཅུ་གཉིས་ལས་གྲུབ་པའི་གཞི་རིམ་བར་མའི་བསླབ་གཞིའི་བཟོ་འགོད་བྱེད་ ཕྱོགས་ཀྱི་གཞི་རྩའི་ལམ་སྟོན་བཟོ་འགོད་ཚོགས་ཆུང༌། ༢། ཚོགས་མི་དགུ་ལས་གྲུབ་པའི་སྐད་ཡིག་བསླབ་གཞི་བཟོ་འགོད་ཚོགས་ཆུང༌། ༣། ཚོགས་མི་བརྒྱད་ལས་གྲུབ་པའི་ཚན་རིག་དང་རྩིས་རིག་བསླབ་གཞི་བཟོ་འགོད་ཚོགས་ཆུང༌། ༤། ཚོགས་མི་དགུ་ལས་གྲུབ་པའི་སྤྱི་ཚོགས་ཚན་རིག་ཚོགས་ཆུང༌། ༥། ཚོགས་མི་བརྒྱད་ལས་གྲུབ་པའི་ཟློས་གར་དང་ལུས་སྦྱོང་ཚོགས་ཆུང་བཅས་ཡིན།
དེ་ནས་ཕྱི་ལོ་༢༠༡༠ ཟླ་༣ ཚེས་༢༥ བར་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་དང་སློབ་ཚན་འཆར་འགོད་ཚོགས་ཆུང་སོ་ སོའི་ལྷན་ཚོགས་རིམ་བསྐྱངས་ཀྱིས་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་བསླབ་གཞིའི་ རྩ་འཛིན་ཡིག་ཆ་འདི་ཉིད་ཀྱི་འཆར་ཟིན་ལེགས་གྲུབ་བྱུང་སྟེ། ཕྱི་ལོ་༢༠༡༠ ཟླ་༤ ཚེས་༡ ཉིན་དཔལ་ལྡན་བཀའ་ཤག་ལ་གཞུང་འབྲེལ་གཏན་འབེབས་སླད་འབུལ་ལམ་ཞུས་པར། དཔལ་ལྡན་བཀའ་ཤག་ནས་ཐུགས་སྣང་ཆེན་པོས་བསྐྱར་ཞིབ་གནང་བ་མ་ཟད། འདི་དང་ཆབས་ཅིག་དེ་སྔོན་གཏན་འབེབས་གྲུབ་པའི་སྔོན་འགྲོ་དང་གཞི་རིམ་འོག་མའི་ བསླབ་གཞིའི་རྩ་འཛིན་ལའང་བསྐྱར་དུ་ཐུགས་ཞིབ་གནང་སྟེ། ཕྱི་ལོ་༢༠༡༡ ཟླ་༡ ཚེས་༡༢ ཉིན་སྔོན་འགྲོ་ནས་གཞི་རིམ་བར་མ་བར་གྱི་བསླབ་གཞིའི་རྩ་འཛིན་འདི་སློབ་ཁོངས་ སོ་སོར་ལག་བསྟར་གྱི་བཀའ་འཁྲོལ་སྨིན་སྩལ་བྱུང་དོན་བཞིན། ཤེས་རིག་ལས་ཁུངས་ནས་དེབ་གཟུགས་སུ་དཔར་འགྲེམས་བྱས་པ་ཡིན།
བསླབ་གཞིའི་རྩ་འཛིན་འདི་ནི། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་རྣམས་གཞི་རིམ་ སློབ་དགེ་ཡོངས་ཀྱིས་རྩ་འཛིན་དང་ལག་ལེན་བྱ་བའི་གཞི་རྩ་གལ་ཆེན་ཞིག་ཡིན་པས། དུས་རྒྱུན་སློབ་འཁྲིད་དང༌། སློབ་ཚན་འཆར་འགོད། རྒྱུགས་ཞིབ་སོགས་སུ་ངེས་པར་རྩ་འཛིན་བྱ་དགོས་ནའང༌། བཙན་བྱོལ་བོད་མིའི་སློབ་གྲྭ་གང་ཞིག་གིས་འཛིན་རིམ་གང་ཞིག་ལ་སློབ་དེབ་གང་ཞིག་ སློབ་རྒྱུ་དང༌། ཇི་ལྟར་སློབ་མིན་ཐད་སློབ་གྲྭ་དང་དགེ་རྒན་ལ་རང་དབང་ཡང་ཆེ་ཙམ་གནང་ཡོད། དེར་བརྟེན། སློབ་ཁྲིད་ཀྱི་ཁ་ཕྱོགས་དང༌། ནང་དོན། དམིགས་ཚད་བཅས་ཀྱི་ཐད་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མཐུན་ཐབས་དགོས་པའི་ཐོག སློབ་མ་དང་ཁོར་ཡུག་གི་གནས་སྟངས་ལ་གཞིགས་པའི་སློབ་འཁྲིད་ཀྱི་ནང་དོན་དང་གནས་ ཚད་ལ་ཁ་གསབ་དང༌། གསར་སྣོན་གང་འོས་བྱ་ཆོག
བསླབ་གཞིའི་རྩ་འཛིན་འདི་ཉིད་སྤྱི་ཚོགས་ཁྲོད་ཐུགས་སྣང་དང་ཡར་རྒྱས་ཀྱི་དགོངས་ འཆར་བསྡུ་ལེན་སླད། ཤེས་རིག་ལས་ཁུངས་ཀྱི་དྲ་ཚིགས་www.sherig.org  སུ་བཞག་ཡོད་པས། མཁྱེན་ལྡན་མང་ཚོགས་རྣམས་ཀྱིས་བལྟ་ཀློག་དང་ཕབ་ལེན། ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་སྐྱོང་ཡོང་བའི་རེ་འདུན་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༡༡ ཟླ་༡ ཚེས་༡༣ ལ་བྲིས།

དཀར་ཆག

ལེའུ་དང་པོ། སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་གྱི་དམིགས་ཡུལ་དང་ཁ་ཕྱོགས།
ལེའུ་གཉིས་པ། སྔོན་འགྲོ་དང་གཞི་རིམ་འོག་མའི་ཤེས་ཡོན་གྱི་སྒྲོམ་གཞི་དང་འཛིན་རིམ་སོ་སོའི་རིག་ཚན་འཆར་འགོད།
ལེའུ་གསུམ་པ། སྔོན་འགྲོ་དང་གཞི་རིམ་འོག་མའི་འཛིན་རིམ་སོ་སོའི་བསླབ་གཞིའི་རྩ་འཛིན།
ལེའུ་བཞི་པ། སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་ལག་བསྟར་བྱེད་ཕྱོགས་ཀྱི་གྲོས་འདོན་དང་རྒྱབ་གཉེར།

སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང༌།

༡།    ཤེས་རིག་སྲོལ་རྒྱུན་ཤེས་ཡོན་ཚན་པའི་འགན་འཛིན་ཟུང་དྲུང་བཀྲ་ཤིས་དོན་གྲུབ།
༢།    སཾ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཀརྨ་ཆུང་བདག
༣།    བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བུ་མོ་ཚེ་རིང༌།
༤།    དྷ་སྟེང་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་འགན་འཛིན་ངག་དབང་ཤེས་རབ།
༥།    དྷ་སྟེང་བོད་ཁྱིམ་དགེ་འོས་སྦྱོང་བརྡར་ཁང་གི་སློབ་སྤྱི་པདྨ་དབྱངས་སྒྲོན།
༦།    མ་སུ་རི་བོད་ཁྱིམ་གཞི་རིམ་འོག་མའི་དགེ་རྒན་ཕུར་བུ་དོན་གྲུབ།
༧།    སིམ་ལ་གཏན་སློབ་ཀྱི་གཞི་རིམ་འོག་མའི་དགེ་རྒན་དཀོན་མཆོག
༨།    མ་ན་ལི་སམ་བྷོ་ཊ་ཉིན་སློབ་ཀྱི་གཞི་རིམ་འོག་མའི་དགེ་རྒན་སྤེན་པ་སྟོབས་རྒྱལ།
༩།    མ་སུ་རི་གཏན་སློབ་ཀྱི་གཞི་རིམ་འོག་མའི་དགེ་རྒན་ཉི་མ་རྒྱལ་མཚན།