ཟླ་རེའི་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་གསུམ་པ་མཇུག་སྒྲིལ་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་གསུམ་པ་མཇུག་སྒྲིལ་གནང།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་རིམ་ཕེབས་དགོངས་དོན་ལྟར། ཤེས་རིག་ལས་ཁུངས་ནས་བོད་མིའི་སློབ་གྲྭ་ཁག་གི་ནང་རིགས་ལམ་སློབ་ཁྲིད་ཚགས་ཚུད་སྲ་བརྟན་ཡོང་ཐབས་དང། ལྷག་པར་རིགས་ལམ་སློབ་ཁྲིད་བརྒྱུད་སློབ་ཚན་གཞན་ཁག་སློབ་ཁྲིད་གནང་ཐབས་སོགས་ཀྱི་ཆེད་དུ་དམིགས་ཏེ་སྔ་ལོ་ནས་བཟུང་བོད་པའི་སློབ་གྲྭ་ཁག་གི་ནང་རིགས་ལམ་འདུ་འཛོམས་གོ་སྒྲིག་ཞུས་དང་ཞུ་མུས་ཡིན་པ་ལྟར། འདི་ཟླའི་ཕྱི་ཚེས་ ༧ ནས་དབུ་འཛུགས་ཀྱིས་བདུན་ཕྲག་གཅིག་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་ཁྱིམ་དུ་ལྷོ་ཕྱོགས་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཁྱོན་ ༦༢ མཉམ་ཞུགས་ཀྱིས་བོད་པའི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་གསུམ་པ་དེ་བཞིན་ཕྱི་ཚེས་ ༡༢ ཉིན་མཇུག་སྒྲིལ་ཡོད།
    དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་སྦེལ་ཀོབ་བོད་ཁྱིམ་གྱི་བདེ་སྐྱིད་ཚེ་རིང་ཚོགས་ཁང་ནང་རིགས་ལམ་འདུ་འཛོམས་མཇུག་བསྒྲིལ་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ལྷོ་སྤྱིས་གཙོས་བདེ་སླར་ས་གནས་འགོ་འཛིན་དང། སྦེལ་ཀོབ་བོད་ཁྱིམ་གྱི་དབུ་འཛིན་དང་སློབ་སྤྱི། དགེ་ལས་སློབ་ཕྲུག ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་ཤེས་ཡོན་ཚན་པའི་འགན་འཛིན་དང་ཤེས་ཡོན་འགན་འཛིན་རྣམ་གཉིས་བཅས་མཉམ་ཞུགས་ཐོག་མཛད་སྒོ་ཚོགས་ཡོད། སྐབས་དེར་ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་ཤེས་ཡོན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཐེངས་འདིའི་རིགས་ལམ་འདུ་འཛོམས་ཐེངས་གསུམ་པའི་ལས་བསྡོམས་སྙིང་བསྡུས་ངོ་སྤྲོད་དང་འབྲེལ། ཐེངས་འདིའི་རིགས་ལམ་འདུ་འཛོམས་དེ་བཞིན་ཚགས་ཚུད་བྱུང་ཐུབ་པ་དེ་ནི་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་བའི་གྲུབ་འབྲས་ཤིག་ཡིན་སྐོར་སོགས་གསུང་བཤད་གནང་ཡོད། དེ་བཞིན་སྦེལ་ཀོབ་བོད་ཁྱིམ་གྱི་དབུ་འཛིན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང། དེ་བཞིན་ཤེས་རིག་ལས་ཁུངས་ནས་འགན་འཁུར་རྐང་བཞེས་ཐོག་བོད་མིའི་སློབ་གྲྭ་ཁག་ནང་རིགས་ལམ་སློབ་ཁྲིད་ཐད་འབད་བརྩོན་གནང་བཞིན་ཡོད་པ་ལྟར། སློབ་ཕྲུག་ཚོའི་ངོས་ནས་ཀྱང་སྦྱང་བརྩོན་བྱས་ཏེ་སོ་སོའི་མི་ཚེའི་ནང་ལག་བསྟར་ཐུབ་པ་ཞིག་དང། ལྷག་པར་སློབ་གྲྭའི་དུས་སྐབས་སུ་ལག་བསྟར་དོན་འཁྱོལ་ཐུབ་པའི་རིགས་ལམ་ལ་སློབ་སྦྱོང་མཐར་ཕྱིན་པ་ཞིག་བྱ་གལ་ཆེ་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། དེ་བཞིན་ལྷོ་སྤྱི་ཀརྨ་སེང་གེ་ལགས་ཀྱིས་བོད་པའི་སློབ་གྲྭ་ཁག་ནང་རིགས་ལམ་སློབ་ཁྲིད་གནང་བ་དེ་ཕུགས་ཀྱི་དམིགས་ཡུལ་གཞིར་བཟུང་ཡར་རྒྱས་གཏོང་རྒྱུར་ཚང་མས་དགོངས་པ་བཞེས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་འཛམ་གླིང་འདིའི་ནང་བོད་ཀྱི་གནའ་བོའི་རིགས་ལམ་སློབ་ཁྲིད་བརྒྱུད་ཤེས་ཡོན་སློབ་གསོའི་ལམ་ལུགས་ལ་ཕན་ཐོགས་བསྒྲུབ་ཐུབ་རྒྱུར་འབད་བརྩོན་ཆེ་ཙམ་གནང་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
    དེ་རྗེས་ལྷོ་སྤྱིས་རིགས་ལམ་འདུ་འཛོམས་འདིའི་ནང་མཉམ་ཞུགས་གནང་མཁན་སློབ་གྲྭ་ཁག་གི་ཆོས་དགེ་རྣམས་ལ་ལེགས་གསོའི་མཇལ་དར་དང། སློབ་ཕྲུག་རྣམས་ལ་ཕྱག་འཁྱེར་གནང་ཡོད། མཐར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་བོད་མིའི་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་གསུམ་པ་མཇུག་སྒྲིལ་གནང་ཡོད་པ་བཅས།།
 

སྔོན་མ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་གསུམ་པ་འགོ་འཛུགས་ཞུས།
ཕྱི་མ།
དགེ་རྒན་གྱི་ལས་རིགས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ལས་རིམ།
Menu