ཟླ་རེའི་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་ཟློས་དགེ་ཟབ་སྦྱོང།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༨ སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་ཀྱི་ཟློས་གར་ཚོགས་པར་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༨ ནས་ཕྱི་ཟླ་ ༡༡ ཚེས་ ༦ བར་གཏན་ཉིན་སློབ་གྲྭ་ཁག་གི་ཟློས་དགེ་ཟབ་སྦྱོང་འགོ་འཛུགས་ཞུས་ཡོད།དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས་དབུས་ཤེས་རིག་ཤེས་ཡོན་འགན་འཛིན་རྣམ་པ་གཉིས་དང་། བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་ཚན་འགན་འཛིན་བློ་བཟང་བསམ་གཏན་ལགས་དང་འབྲེལ་ཡོད་ཟློས་གར་ཚོགས་པའི་དགེ་རྒན་རྣམ་པ་བཅས་ཚོགས་བཞུགས་གནང་ཡོད།
    ཐེངས་འདིའི་ཟབ་སྦྱོང་ནང་བོད་ཁྱིམ་གཉིས་དང་སཾ་བྷོ་ཊ། བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་ཁག་བཅས་ནས་ཟློས་དགེ་གྲངས་ ༣༦ ཚོགས་བཅར་གནང་ཡོད་པ་རེད། དང་ཐོག་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ཟབ་སྦྱོང་གི་དམིགས་ཡུལ་སོགས་ངོ་སྤྲོད་གནང་། བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་ཚན་འགན་འཛིན་བློ་བསམ་ལགས་ནས་ད་ལྟའི་ཆར་ང་ཚོའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་ཟློས་གར་དང་འབྲེལ་བའི་སྒྱུ་རྩལ་གོང་མཐོར་གཏོང་ཐབས་སུ་སྔར་ལྷག་མཐུན་རྐྱེན་བཟང་དུ་ཕྱིན་ཡོད་སྟབས། སློབ་ཕྲུག་ཚོར་རོལ་ཆའི་དཀའ་གནད་གང་འཚམས་ཤིག་ཡོང་གི་ཡོད་པ་ང་རང་ཚོ་ཚང་མས་ཤེས་རྟོགས་ལྟར་རེད།
    དེང་དུས་ང་ཚོའི་སྤྱི་ཚོགས་ནང་གཞས་འཁྲབ་ཡ་དང་གཏོང་ཡ་སོགས་ཀྱི་གནས་སྟངས་ཆེས་བཟང་དུ་ཕྱིན་ཡོད་པའི་ཁར་ཟློས་དགེ་ལམ་སྟོན་ལག་དེབ་གཞིར་བཟུང་སློབ་ཕྲུག་གང་མང་ལ་སྦྱོང་བརྡར་སྤྲོད་ཐབས་དགོས་པའི་ཐོག ང་ཚོ་བོད་ཀྱི་ཐུན་མིན་ལྷ་མོའི་གཞུང་ཡང་སློབ་ཕྲུག་གི་བློའི་ནུས་པ་ལ་དཔགས་པའི་འཁྲིད་ཐབས་གནང་གལ་ཆེ་བ་མངོན་གྱི་ཡོད་པ་བཅས་གསུངས། དེ་ནས་སྐུ་མགྲོན་གཙོ་བོ་སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ནས་སློབ་ཚན་གང་ཞིག་གི་དགེ་རྒན་ཡིན་རུང་སོ་སོའི་སྦྱོང་བྱའི་སློབ་ཚན་ཐད་དོ་དབྱིངས་དང་འབད་བརྩོན་ལྷོད་མེད་དགོས་རྒྱུ་གལ་ཆེ་ཡིན་པ་དང་།
    ང་ཚོས་ནམ་ཡང་དེ་རིང་གི་ལས་ཀ་དེ་སང་གནངས་ཀྱི་ཆེད་དུ་འཇོག་མི་རུང་བ་མ་ཟད། དུས་དང་བསྟུན་ཏེ་རང་ཉིད་ཀྱི་སློབ་ཁྲིད་ཐབས་ལམ་ཡང་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གིས་གལ་ཆེན་པོ་ཡིན། སློབ་ཚན་གང་ཞིག་གི་དགེ་རྒན་ཡིན་རུང་ཟབ་སྦྱོང་ཐོབ་པ་གཞིར་བཟུང་སློབ་ཁྲིད་ཐབས་ལམ་ལ་འགྱུར་བ་གཏོང་དགོས་པ་མ་གཏོགས་སྔོན་མ་གང་ཡོད་པ་དེ་རང་ལ་འགྱུར་བ་མེད་པར་བསྡད་ན་ཟབ་སྦྱོང་ཐོབ་པའི་དགེ་མཚན་གང་ཡང་བྱུང་མེད། འཛིན་རིམ་དྲུག་པ་ཡན་གྱི་སློབ་ཕྲུག་ཚོས་རང་ངོས་ནས་གཞས་ཚིག་དང་གཞས་གདངས་བཟོ་རུ་བཅུག་ན་སློབ་ཕྲུག་གི་སྐད་ཡིག་ཡར་རྒྱས་དང་བསམ་བློའི་གུ་ཡངས་ལ་ཕན་ཐོགས་ངེས་དང་། དགེ་རྒན་ཚོས་དུས་རྟག་ཏུ་སློབ་ཕྲུག་ཚོ་མཐོང་བ་ཙམ་མིན་པར་བརྩེ་སེམས་ལྷད་མེད་ཀྱིས་ཡག་པོ་བྱས་ནས་བལྟས་པ་ཡིན་ན་སློབ་ཕྲུག་བྱེ་བྲག་པའི་ཁྱད་ཆོས་དང་དཀའ་ངལ་གང་ཡོད་རྣམས་ཤེས་རྟོགས་ཐུབ།
    མཐའ་དོན་གལ་ཏེ་ང་རང་ཚོའི་སློབ་གྲྭ་ཞིག་འགྱུར་བ་འགྲོ་དགོས་ཀྱི་ཡོད་ན་སློབ་སྤྱི་དང་དགེ་རྒན་གྱི་གནས་སྟངས་འགྱུར་བ་ཕྱིན་པ་ཡིན་ན་སློབ་གྲྭ་དང་སློབ་ཕྲུག་ཀྱང་ཤུགས་ཀྱིས་འགྱུར་བ་འགྲོ་ངེས་ཡིན་པ་བཅས་ཀྱི་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་། དེ་ནས་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་སྐུ་མགྲོན་གཙོ་བོ་གཙོས་པའི་ཚོགས་བཅར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཏེ་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་ཡོད་པ་བཅས།
 

སྔོན་མ།
གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ།
ཕྱི་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ཚོགས་འདུ་ཐེངས་གཉིས་པ།
Menu