ཟླ་རེའི་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་གཉིས་པ་འགོ་འཛུགས་གནང་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༧ ནས་༡༡ བར་ཉིན་ཉིན་ལྔ་རིང་ས་རཱ་བོད་ཀྱི་མཐོ་སློབ་ཏུ་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་གཉིས་པ་འགོ་འཛུགས་གནང་།
    དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། ཟབ་སྦྱོང་སྤྲོད་མཁན་སྐུ་ཞབས་སན་ཇེ་ཨུ་པན་ཌ་ར་ལགས།( Sanjay Upendra) ཤེས་རིག་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་དང་། གཏན་ཉིན་སློབ་ཁག་གི་དགེ་རྒན་སྐུ་ཚབ་དང་རྒན་བདག་སློབ་ཕྲུག་རྣམ་པ་བཅས་ཁྱོན་མི་གྲངས་ ༥༦ ཙམ་ལྷན་འཛོམས་ཐོག་མདུན་ལམ་སློབ་སྟོན་པས་ཕེབས་བསུ་དང་ཟབ་སྦྱོང་ངོ་སྤྲོད་གནང་རྗེས་ཟབ་སྦྱོང་བ་རྣམས་ནས་རང་ཉིད་ངོ་སྤྲོད་གནང་གྲུབ་མཚམས་འགོ་ཁྲིད་ཀྱི་ཟབ་སྦྱོང་སྤྲོད་མཁན་སྐུ་ཞབས་(Sanjey Upendra) སན་ཇེ་ཨུ་པན་ཌ་ར་ལགས་ཀྱིས་ཟབ་ཁྲིད་དང་འབྲེལ་བའི་ལས་དོན་སྐོར་གསུང་བཤད་གནང་ཡོད།
    སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་མཆོག་གིས་འཚམས་འདྲི་དང་བཅས་གསུང་བཤད་གནང་དོན། སྤྱིར་བཏང་ང་ཚོ་ནི་བདེན་དོན་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཆགས་ཡོད་ལ། ང་ཚོའི་ཁ་གཏད་ནི་འཛམ་གླིང་ནང་མི་འབོར་སོགས་ཀྱི་ཆ་ནས་སྟོབས་ཆེན་ཞིག་ཆགས་ཡོད་པར་བརྟེན། ང་ཚོའི་ཁ་གཏད་གཅོག་དགོས་ཀྱི་ཡོད་ན། ཤེས་ཡོན་ཐོག་ནས་འགོ་ཁྲིད་ཀྱི་འགན་འཁུར་ཏེ་བདེན་དོན་བརྒྱུད་ནས་ཁ་གཏད་གཅོག་དགོས་པ་ལས་ཐབས་ལམ་གཞན་ཕལ་ཆེར་མེད། ལྷག་པར་བོད་པའི་གནད་དོན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་བོད་མི་མི་རེ་ངོ་རེར་ཐུགས་རེ་ག་ཚོད་མཛད་ཀྱི་ཡོད། བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་མཆོག་གིས་ཐུགས་རེ་ག་ཚོད་གནང་གི་ཡོད་པ་དེ་དག་ཚང་མས་ཤེས་གསལ་རེད། ད་རེས་ཁྱེད་རང་ཚོར་འགོ་ཁྲིད་ཀྱི་ཟབ་སྦྱོང་སྤྲོད་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོ་བརྒྱུད་ནས་སློབ་ཕྲུག་སྟོང་ཕྲག་མང་པོར་འགོ་ཁྲིད་བྱེད་ཐུབ་རྒྱུའི་མིག་དཔེ་སྟོན་ཐུབ་པ་གནང་དགོས།    མདོར་ན། ཁྱེད་རང་ཚོས་ཟབ་སྦྱོང་གི་དུས་ཡུན་རིང་དོ་སྣང་ཤུགས་ཆེ་ཙམ་གནང་ཏེ། རང་ཉིད་ཀྱི་ལྟ་རྒྱ་མཐོང་རྒྱ་སྔར་ལྷག་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་བཟང་པོ་ཞིག་ཆགས་ཡོད། ཅེས་སོགས་གསུངས།
    དེ་ནས་འབྲེལ་ཡོད་ལས་བྱེད་འཕྲིན་ལས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཟབ་སྦྱོང་དངོས་གཞི་དབུ་འཛུགས་གནང་།
    ཉིན་ལྔའི་རིང་གི་ཟབ་སྦྱོང་འདིར་ཟབ་ཁྲིད་བ་སྐུ་ཞབས་སན་ཇེ་ཨུ་པན་ཌ་ར་ལགས་ཀྱིས་འགོ་ཁྲིད་ཀྱི་ངོ་སྤྲོད་དང་རྩོད་རྙོག་འདུམ་སྒྲིག་བྱེད་ཕྱོགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་ཆབ་སྲིད་གནས་སྟངས་(Political Status of Tibet) སྐོར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་(Middle Way Approach) སྐོར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བོད་རྒྱ་འབྲེལ་མོལ་(Sino-Tibet Dialogue) སྐོར་ཟབ་ཁྲིད་གནང་རྒྱུ་ཡིན་འདུག
ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་བལ་གཉིས་ནས་གཏན་ཉིན་སློབ་གྲྭ་ཁག་ ༡༨ ནས་སློབ་ཕྲུག་ ༣༦ དང་དགེ་རྒན་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༥༦ ཙམ་མཉམ་ཞུགས་གནང་འདུག་པ་བཅས།།
 

སྔོན་མ།
འབྱུང་རིག་བསླབ་གཞི་རྩ་འཛིན་གཏན་འབེབས་ཚོགས་འདུ།
ཕྱི་མ།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སློབ་གྲྭ་ཁག་གི་རྒན་བདག་ཚོར་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་གནང་།