༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༠ ནས་ ༢༩ བར་ཉིན་གྲངས་བཅུའི་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་སམ་བྷོ་ཊ་སློབ་གྲྭའི་ཁྱབ་ཁོངས་ཀེ་ལ་ཤ་པུ་ར་ Kailashpura དང་། ཨར་ལི་ཀུ་མཱ་རི། Arlikumari གྷོ་ལ་ཐ་ལ། Gulledhalla ཅོ་ཀུར་ Chowkur བཅས་སློབ་གྲྭ་བཞིའི་དགེ་རྒན་ཁག་གཅིག་ལ་སློབ་འཁྲིད་ཐབས་ལམ་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་ཞུས གཞི་རིམ་འོག་མའི་སློབ་གྲྭ་བཞི་པོ་དེ་དག་དེ་སྔ་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་འོག་ཡོད་ཀྱང་ད་ཆ་སམ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་གནང་ཟིན་པ་དང་། ཐེངས་འདིའི་ཟབ་སྦྱོང་སྐབས་དགེ་རྒན་གྲངས་ ༡༨ ཙམ་གྱིས་མཉམ་ཞུགས་གནང་བ་དང། ཟབ་སྦྱོང་སྐབས་བྱིས་པའི་ཀློག་རྩལ་ནུས་པ་ཆེ་རུ་གཏོང་རྒྱུར་གཙོ་བོ་དམིགས་པ་ཞིག་ཡིན།
ཟབ་ཁྲིད་གནང་མཁན་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སམ་བྷོ་ཊ་ཤེས་ཡོན་བསྟི་གནས་ཁང་གི་ངེས་སྟོན་པ་སྐུ་ཞབས་བཀྲ་ཤིས་དོན་གྲུབ་ལགས་སུ་སམ་བྷོ་ཊའི་སློབ་གྲྭ་ཁག་གི་གཞི་རིམ་འོག་མ་དང་བར་མའི་དབྱིན་ཡིག་སློབ་ཁྲིད་ཡར་རྒྱས་ཚན་པའི་འབྲེལ་མཐུད་པར་བསྐོ་གཞག་གནང་བ་དང། ཁོང་གིས་འཛིན་གྲྭའི་ནང་སློབ་ཁྲིད་སྐབས་གཟིགས་ཞིབ་གནང་རྒྱུ་མ་ཟད། དགེ་རྒན་དང་སློབ་ཕྲུག་རྣམས་ལ་ལམ་སྟོན་དང་སློབ་ཚན་ཁྲིད་སྟངས་ཀྱི་དཔེ་མཚོན་ཡང་སྟོན་རྒྱུ་ཡིན་འདུག ཟབ་སྦྱོང་འདིའི་མཐུན་སྦྱོར་ནི་བོད་ཀྱི་ཐེབས་རྩ་བརྒྱུད་ USAID ནས་གནང་ཡོད་འདུག་པ་བཅས།།