ཟླ་རེའི་གསར་འགྱུར།

ཀ་སྦུག་གཏན་སློབ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཇུག་བསྒྲིལ་བ།

༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་རྣམ་རྒྱལ་ཚེ་དབང་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༠ ཉིན་ཀ་སྦུག་གཏན་སློབ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཇུག་བསྒྲིལ་ཡོད།
དེ་ཡང་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཀ་སྦུག་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས། སློབ་གྲྭའི་སློབ་སྤྱི་དང་རེག་ཊར། ས་གནས་ཀྱི་ལས་སྣེ་དང་སློབ་ཕྲུག་ལས་ཟུར་བཅས་མཉམ་ཞུགས་གནང་འདུག  སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སློབ་གྲྭའི་དགེ་རྒན་ལས་བྱེད་དང་། དགེ་ལས་ཟུར་པ། དེ་བཞིན་སློབ་ཕྲུག་ཟུར་པ་བཅས་ལ་དྲན་རྟེན་གྱི་ཕྱག་རྟགས་གནང་སྟེ་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རིམ་ཕེབས་ནང་ང་ཚོ་བཙན་བྱོལ་དུ་འབྱོར་ནས་བྱས་རྗེས་ཆེ་ཤོས་ནི་བོད་པའི་ཕྲུ་གུ་ཚོར་སློབ་སྦྱོང་ཚད་དང་ལྡན་པ་ཞིག་སྤྲོད་ཐུབ་པ་བྱུང་བ་དེ་ཡིན། ཞེས་བཀའ་སྩལ་ཡོད། ཅེས་གསུངས་པ་དང་སྦྲགས་མུ་མཐུད་གསུང་དོན། དེས་རྐྱེན་པས་ད་ལྟའི་ཆར་བོད་པའི་ཕྲུ་གུ་ཚོ་འདབ་གཤོག་གཉིས་ལྡན་གྱི་ཐོག་ནས་རྒྱལ་སྤྱིའི་སྡིངས་ཆ་གང་འདྲ་ཞིག་ཐོག་ལ་ཡང་ཤེས་ཡོན་ཅན་གྱི་མི་སྣ་གཞན་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཐོག་ནས་འགྲོ་ཐུབ་པའི་གོ་སྐབས་བྱུང་ཡོད། དེ་དག་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལས་བྱུང་བ་ཞིག་ཡིན་པར་བརྟེན་ང་ཚོས་ནམ་ཡང་བརྗེད་རྒྱུ་མེད།
ང་ཚོའི་གྲས་ནི་མི་རབས་རྒན་པ་དང་གཞོན་པ་དབར་གྱི་ཟམ་པ་ལྟ་བུ་ཆགས་ཡོད།  དེ་སྔ་བཙན་བྱོལ་དུ་འབྱོར་མཚམས་ཀྱི་གནས་སྟངས་དང་དེང་སྐབས་འདྲ་གི་མ་རེད། སྐབས་དེར་ཕྱོགས་གང་ས་ནས་དཀའ་ལས་ཁག་པོ་ཡོད། ད་ལྟའི་སློབ་ཕྲུག་ཚོར་དེ་སྔ་དང་མི་འདྲ་བར་ད་ཆ་གོ་སྐབས་ཧ་ཅང་ཡག་པོ་ཡོད་སྟབས་ཤེས་ཡོན་ཐོག་གྲུབ་འབྲས་དེ་སྔ་ལས་ལྷག་པ་ཡོང་ཐུབ་རྒྱུ་ལྟ་ཅི་སྨྲོས། སློབ་སྦྱོང་བརྗོད་སྐབས་འཛིན་གྲྭའི་ནང་དགེ་རྒན་གྱིས་སློབ་ཁྲིད་གནང་བ་དེ་གཅིག་པུར་གོ་རྒྱུ་མེད། འཛིན་གྲྭའི་ནང་ཙམ་མིན་པར་འཛིན་གྲྭ་གྲོལ་ནས་སློབ་ཚན་དང་དངོས་སུ་འབྲེལ་བ་ཡོད་མེད་ཤེས་བྱ་ཚང་མའི་ཐོག་ལ་དོ་སྣང་བྱེད་དགོས། སློབ་སྦྱོང་བྱེད་རྒྱུའི་དགོས་པ་གཙོ་བོ་དེ་མི་ཚེ་འདི་སྐྱིད་པ་ཡོང་རྒྱུ་ཙམ་མ་ཟད། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུའི་ཐོག་ལ་བསམ་བློ་གཏོང་དགོས། དེ་ཡང་སོ་སོ་དང་སོ་སོའི་ནང་མི། དེ་ནས་སྤྱི་ཚོགས་ལ་ཕན་ཐོགས་པ་ཞིག་བྱེད་དགོས། སློབ་སྦྱོང་དང་མཉམ་དུ་ཀུན་སྤྱོད་ཀྱང་ཡག་པོ་དགོས་རྒྱུ་གལ་ཆེན་པོ་རེད། སྦྱང་པའི་སློབ་སྦྱོང་བེད་སྤྱོད་ལོག་པ་མ་འགྲོ་བ་བྱེད་དགོས། སློབ་སྦྱོང་གི་གོ་སྐབས་མ་རག་མཁན་བྱིས་པ་མང་པོ་ཡོད། བོད་ནས་ཡོང་མཁན་ཕྲུ་གུ་ཚོར་ཆ་མཚོན་ན་སྲོག་འབེན་ལ་བཙུགས་ནས་རྒྱ་གར་ལ་ཤེས་ཡོན་སྦྱོང་ཆེད་བྲོས་བྱོལ་དུ་ཡོང་བཞིན་ཡོད། ཁག་གཅིག་རང་གི་ཕ་མ་སྤུན་མཆེད་དང་སླར་ཡང་ཐུག་རྒྱུའི་གོ་སྐབས་རག་མིན་ངེས་གཏན་གང་ཡང་མེད།
 གང་ལྟར་སློབ་སྦྱོང་གི་གོ་སྐབས་ཤིག་ཐོབ་ཆེད་བཙན་བྱོལ་དུ་ཡོང་གི་ཡོད། འོན་ཀྱང་ང་ཚོ་འདིར་གོ་སྐབས་ཡོད་བཞིན་དུ་དམ་འཛིན་མ་བྱས་པར་ལྷོད་གཡེང་བཏང་ནས་བསྡད་ན་འགྲིག་ཐབས་མེད། ཀ་རྡོར་སྒང་གསུམ་ནང་བོད་སྐད་རྒྱག་རྒྱུའི་ཐོག་ལ་དཀའ་ངལ་ཞིག་འཕྲད་ཀྱི་འདུག སྤྱིར་སྐད་ཡིག་ག་ཚོད་མང་བ་ཤེས་པ་དེའི་ཚོད་ཀྱིས་མི་ཚེའི་ནང་ཕན་ཐོགས་ཏན་ཏན་ཡོང་གི་རེད། འོན་ཀྱང་བོད་པའི་སྐད་ཡིག་འདི་ང་རང་ཚོས་སྲུང་སྐྱོབ་མ་བྱས་ན་ཉིན་གཅིག་བརླག་གི་རེད། དེང་སྐབས་འཛམ་གླིང་ནང་བོད་པའི་ཆོས་དང་རིག་གཞུང་ཐོག་ལ་འཛམ་གླིང་མི་མང་ཚོས་ཆེ་མཐོང་ཆེན་པོ་སྤྲོད་བཞིན་ཡོད། མ་འོངས་པར་བོད་སྤྱི་པའི་འགན་དེ་ད་ལྟའི་ཕྲུ་གུ་ཁྱེད་རང་ཚོས་འཁྱེར་དགོས་པ་ཆགས་ཀྱི་རེད། བོད་མིའི་སྒྲིག་འཛུགས་ཀྱི་འགན་མི་སྒེར་འགའ་ཞིག་ལ་བདག་པ་དེ་འདྲ་རྩ་བ་ནས་མ་རེད། སྒྲིག་འཛུགས་འདི་ང་ཚོ་ཚང་མའི་སྒྲིག་འཛུགས་ཤིག་རེད། ཚང་མར་ལས་འགན་ཡོད།
བོད་ཕྱི་ནང་གཉིས་དང་རྒྱལ་སྤྱིའི་ནང་བོད་ཀྱི་གནས་ཚུལ་གང་འདྲ་ཞིག་བྱུང་ཡང་དེར་དོ་སྣང་གནང་དགོས། ཞེས་གསུང་བཤད་གནང་བསྟུན། ཀ་སྦུག་ས་གནས་འགོ་འཛིན་གྱིས་གསུང་བཤད་དང་། སློབ་སྤྱིས་སློབ་གྲྭའི་ལས་བསྡོམས་སྒྲོག་སྦྱངས་གནང་། དེ་ནས་སློབ་ཕྲུག་ཚོས་རུ་སྒྲིག་དང་རིག་གཞུང་འཁྲབ་སྟོན་གནང་གྲུབ་མཚམས། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ལྔ་བཅུའི་དུས་དྲན་གྱི་དར་ཆ་མར་ཕབ་སྟེ་དུས་དྲན་མཇུག་སྒྲིལ་གནང་ཡོད། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཕྱི་ཚེས་ ༡༡ ཉིན་ཀ་སྦུག་ཁུལ་དང། ཁ་འཐོར་མི་མང་བཅས་ཐུག་འཕྲད་གནང་སྟེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་གནང་བ་མ་ཟད། མང་ཚོགས་ཀྱི་དྲི་བར་ལན་འདེབས་ཀྱང་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚུགས་ནས་འདྲེན་བཀོད་ཞུས།

སྔོན་མ།
ཤེས་རིག་བཀའ་བློན་མཆོག་གིས་སྤོག་རེ་སྦོང་སཾ་བྷོ་ཊ་གཏན་སློབ་ཏུ་གཟིགས་སྐོར།
ཕྱི་མ།
བོད་མིའི་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པའི་ཟབ་སྦྱོང་ལེགས་གྲུབ་བྱུང་བ།