པད་མ་རྡོ་རྗེ། ༼སྦྲང་ཆར་ལས་བདམས།༽
ངའི་ཕ་ཡུལ་གྱི་ལྟག་ཀ་ན་རི་བོ་ཞིག་ཡོད་པ་དེར་ལྗོན་ཤིང་སྟུག་པོར་བཀོད་ཅིང༌། འདབ་ཆགས་དང་རི་དྭགས་ཀྱང་མང་པོ་གནས་པས། དངོས་གནས་གཅེས་སུ་རུང་བའི་ས་ཆ་ཞིག་རེད། བདག་ནི་རྒྱུན་པར་ས་དེར་ཁམས་བསང་དུ་འགྲོ་བའི་གོམས་གཤིས་ཤིག་ཆགས་ཡོད།
དེ་ཡང་དབྱར་གྱི་དུས་སུ་དེར་སོང་བ་ན། རི་བོ་དེ་ནི་བྱ་ཁུག་བྱུག་གིས་སྒྲོ་ཐུལ་གྱོན་པ་ལྟར་ལྗོན་ཤིང་རིགས་མི་འདྲ་བ་རྣམས་ཀྱི་ལོ་འདབ་རབ་ཏུ་རྒྱས་ཤིང༌། དེ་རྣམས་ཀྱི་ཁྲོད་ན་ལྕང་མ་ནི་ལྭ་བ་སྔོན་པས་བརྒྱན་ཅིང་རླུང་འཇམ་པོས་སྐྱོད་ སྐབས་ཡིད་འོང་མ་ཞིག་གར་འཁྲབ་པ་ལྟར་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་ཞིང་ང་རྒྱལ་ གྱི་ཉམས་ཀྱིས་འགྱིངས་འདུག སྡོང་བོའི་འོག་ཏུ་མེ་ཏོག་གི་ཕྲེང་བ་རྣམ་པར་བཀྲ་བ་དེ་ལས་དྲི་ཞིམ་པོ་སྐྱེད་ཚལ་ཡོངས་སུ་འཐུལ་ཞིང༌། བུང་བའི་ཁྱུ་ཚོགས་ཀྱིས་ལྡིར་ལྡིར་གྱི་སྒྲ་སྙན་རྣ་བའི་བཅུད་ལེན་དུ་སྒྲོཊ་ལ། ཕྱེ་མ་ལེབ་ཀྱིས་མཛེས་སྡུག་མིག་དབང་འཕྲོག་པའི་འདབ་གཤོག་བརྐྱངས་ནས་ཕྱོགས་ མཚམས་ཀུན་ཏུ་འཕུར་བ་དང༌། ཡིད་དུ་འོང་བའི་མེ་ཏོག་ལ་ཞེན་ཆགས་ནས། མེ་ཏོག་གི་ཟེ་འབྲུ་ལ་ལོངས་སྤྱོད་ཅི་དགར་བྱེད་ཅིང་གདའ། བྱ་རྣམས་ནི་ཚ་བའི་གདུང་བ་ཆེ་བས་མ་བཟོད་པར། ལྕང་མ་དང་མཛའ་བཤེས་སུ་གྱུར་ཏེ་གཡུ་ལོའི་གསེབ་ཏུ་འཛུལ་ནས། ཚ་བའི་གདུང་བ་སེལ་ཐབས་བྱེད་ཀྱིན་འདུག་ལ། ལྕང་མའི་དྲིན་ལན་འཇལ་སླད་སྙན་པའི་འགྱུར་ཁུག་ཏུ་དྲངས་པའི་སྒྲ་དབྱངས་འབྱིན། རི་དྭགས་ལ་ལ་བག་ཕེབས་སུ་རྒྱུ་ཞིང༌། ལ་ལ་རྩྭ་མཐུག་པའི་ཁུག་ཏུ་འགྲེ་ལྡོག་བྱེད་ཅིང་རྩེད་འགྲོས་བྱེད། དེའི་ཚེ་སྐྱེད་མོས་ཚལ་དེ་དང་མི་རིང་བའི་བྲག་རི་དང་ས་སྐྱ་བོར་འདུག་པའི་མཚམས་ཤིག་ན། གསོམ་སྡོང་ཞིག་ཡོད་པ་དེའི་མགོ་ན་འདབ་ཆགས་མེད་ལ། རྩ་བར་རི་དྭགས་ཀྱང་མེད་པར་གྲོགས་མེད་ཁེར་རྐྱང་དུ་ཡོད་ནའང༌། དེའི་རྩ་བ་བྲག་རི་ནས་སྐྱེས་ཤིང༌། ལུས་སྦོམ་ལ་དཔངས་མཐོ་ཞིང༌། ཡལ་ག་རབ་ཏུ་རྒྱས་པ་ཚ་གདུང་གིས་མནར་བ་ལ་མི་འཛེམ་པར་བརྗིད་ཉམས་དང་ལྡན་པའི་ སྒོ་ནས་ནམ་མཁའི་དབྱིངས་སུ་བསྙེགས་འདུག
དེ་ནས་སྟོན་ཁ་སླེབས་སྐབས། སད་ཀྱིས་རྩྭ་སྔོན་གྱི་ལྭ་བ་བཤུས་ཏེ་སྐྱ་བོར་གྱུར་ཏེ། མེ་ཏོག་གི་བཞིན་རས་ཀྱང་ཉམས་པ་ན། བུང་བའི་ཁྱུ་ཚོགས་དང་ཕྱེ་མ་ལེབ་རྣམས་ཀྱིས་ཀྱང་དེར་དགའ་གྲོགས་མི་བྱེད་པར་གར་སོང་ཆ་མེད་དུ་གྱུར་ལ། ལྕང་མའང་ལོ་འདབ་ཐོར་ཞིང༌། ང་རྒྱལ་གྱི་ཉམས་འགྱུར་ཤོར་འདུག་པས། བྱ་རྣམས་ཀྱང་དེའི་གསེབ་ཏུ་མི་སྡོད་པར་གཞན་དུ་འཕུརསོང༌། འོན་ཀྱང་གསོམ་སྡོང་དེར་སྟོན་ཁའི་རལ་གྲི་ཅུང་ཙམ་ཡང་མ་ཕོག་པར་ཡལ་ག་སྔར་བཞིན་ དར་ཞིང་རྒྱས་པར་གྱུར་འདུག
དེ་ཡང་དགུན་ཁ་སླེབས་ཚེ་སྐྱེད་མོས་ཚལ་དུ་ཁ་བས་ཁེངས་ཤིང༌། གྲང་ལྷགས་ཀྱི་དབྱུག་པས་གཞུས་པ་ན། ལྕང་མ་དངངས་ཤིང་འདར་བ་དང་མཉམ་དུ་ཁ་དོག་སྐྱ་ལ་རིད་པ་ལྟར་གྱུར་ཅིང༌། གྲང་བས་གཟིར་ནས་མ་བཟོད་པར་མྱ་ངན་གྱི་སྨྲེ་སྔགས་བག་བག་ཏུ་འདོན་པའི་དུས་སུ། གསོམ་སྡོང་གིས་ནི་སྔར་བཞིན་སྔོ་ལྗང་ཅན་གྱི་ཟ་འོག་བཀླུབས་ཤིང༌། བལྟས་ཚོད་ལ། ལྕང་མ་སྡར་མ་ཁྱོད་ངོ་ཚའོ་ཞེས་པའི་ཚུལ་གྱིས་འགྱིང་ངེར་འགྲེངས་ཏེ། ཁ་བ་དང་རླུང་ནག་འཚུབ་མ་གང་ལ་ཡང་མི་སྐྲག་པར་ནམ་ཡང་ས་གནས་འདི་གའི་དཔྱིད་ཀའི་རྒྱན་དུ་གྱུར།
གསོམ་སྡོང་གི་ས་བོན་ནི་ས་གཤིན་པོ་ཡིན་མིན་གང་ལ་ཡང་མི་ལྟ་བར་སྐྱེ་ཐུབ་ཅིང༌། དེ་ལ་ཆུ་འདྲེན་མི་དགོས་པ་དང་ལུད་ཀྱང་སྐྱེལ་མི་དགོས་པ་ལ། རང་ཉིད་ས་ལ་ཐོར་བ་ཙམ་གྱིས་གནོད་འཚེ་གང་དང་གང་ལའང་མི་འཇིགས་པར་དཔའ་ངར་དང་ལྡན་པའི་སྒོ་ནས་ཆེར་སྐྱེ་ལ། མི་རྣམས་ཀྱི་ངལ་རྩོལ་ལ་ཡང་ཅུང་ཙམ་ལས་མི་བརྟེན་པར་རང་ཚུགས་ཐུབ་ཅིང༌། སྲོག་ཀྱང་དུས་ཡུན་རིང་ཞིག་ལ་གནས་ཐུབ། གསོམ་སྡོང་ལ་ཕན་ནུས་ཤིན་ཏུ་མང་པོ་ཡོད་པ་དཔེ་ཙམ་དུ་དྲངས་ན་འདི་ལྟ་སྟེ། དེར་དགོས་མཁོ་ཧ་ཅང་ཆེ་བའི་ཤིང་ཆ་ཡོད་ཅིང༌། དེ་ཡིས་ཅ་ལག་བཟོ་ཆོག་པས་མི་དམངས་ཀྱི་འཚོ་བའི་ལོངས་སྤྱོད་ལ་ཕན། དེ་འཛུགས་སྐྲུན་གྱི་ཐོག་ཏུ་མཁོ་གལ་ཆེ་བས་བཟོ་ལས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་ཕན། དེའི་ལོ་འདབ་ལས་སྣུམ་དྭངས་མ་ཅན་བཙིར་ཐུབ་ལ། ཁུ་བ་ལས་ཐང་ཆུ་དང་ཐང་ཆུ་དྭངས་མ་བཟོཐུབ་པས་བཟོ་ལས་ཀྱི་རྒྱུ་ཆ་གལ་ཆེན་ཞིག་ཡིན། དེའི་རྩ་བ་དང་ཡལ་ག་ནི་བུད་ཤིང་བཟང་པོ་ཡིན། དབྱར་ཚ་གདུག་གི་དུས་ལ་སླེབས་ཚེ་མི་རྣམས་ཀྱིས་ད་དུང་དེའི་རྩར་ངལ་གསོ་བྱེད་ཆོག་པར་མ་ཟད། མཚན་མོ་ལམ་དུ་འགྲོ་ཚེ་དེའི་ཡལ་ག་སྦར་ན་མུན་པ་སེལ་བའི་ལམ་སྒྲོན་གྱི་གོ་ཡང་ཆོད། མདོར་ན་གསོམ་སྡོང་ལ་མི་རྣམས་ཀྱི་ས་ནས་ཅི་ཡང་མི་དགོས་པ་ཕར་ཞོག མི་རྣམས་ལ་ཕན་པ་མང་པོ་ཐོགས་ཤིང་ཐ་ན་མིའི་རིགས་ཀྱི་དོན་དུ་རང་ཉིད་གྱི་ལུས་སྲོག་ཀྱང་བློས་གཏོང་བ་ཡིན་ནོ། །
དེའི་ཕྱིར་བདག་ནི་གསོམ་སྡོང་ལ་ཞེན་ཆགས་ཆེ་བས། བདག་གིས་སྤྱི་བོའི་གཙུག་ཏུ་བཀུར་ལ། དེའི་འགྲན་ཟླ་དང་བྲལ་བའི་སྙིང་སྟོབས་ལ་སློབ་སྦྱོང་གི་དཔེ་བླངས་ནས་ཚེ་གང་བོར་འདི་ལྟར་བྱེད་ལོས་དགོས་བསམས། ངས་གསོམ་སྡོང་དང་བསྡུར་ན་མི་ཁ་ཤས་ལ་དེའི་ཡོན་ཏན་གྱི་ཆ་ཤས་ཙམ་ཡང་མི་གདའ་སྟེ། དཔེར་ན་དཀའ་ཁག་དང་ཐུག་སྐབས་ཁྱད་གསོད་བྱེད་མི་ནུས་ལ། དོན་གལ་ཆེན་ཞིག་དང་ཐུག་ཚེ་བསམ་བློ་ཞིབ་ཏུ་མི་གཏོང་བར་མགོ་བོ་རྨོངས་ནས་མི་གཞན་གྱི་རྗེས་སུ་འབྲངས་ནས་མགྲིན་པ་གཟེངས་སུ་བསྟོད་ནས་ཅ་ཅོ་སྒྲོགས་པས་ན་རང་གི་རང་བཞིན་གཞན་གྱིས་བསྒྱུར་ནས་གཡོ་སྒྱུའི་གཡེང་སར་ལྷུང་བ་དང༌། སྤྱི་དོན་ལས་སྒེར་དོན་ཆེ་བ། མི་ལ་ལ་ད་དུང་ཟང་ཟིང་གི་སེམས་ཀྱིས་མྱོས་ཏེ་རང་གཞན་ལ་གནོད་པ་དང༌། ལ་ལས་ཉིན་མཚན་དུས་དྲུག་ཏུ་ཉེས་པ་བསགས་པར་བསམ་པ། ལ་ལ་ངེས་འབྱུང་ཆེ་ཞིང་སེམས་སྡུག་གིས་བསྔལ་ནས་མི་རྟག་པའི་ལམ་དུ་དོན་མེད་དུ་སོང་བ་ལ་སོགས་པའི་སྤྱོད་པ་དེ་དག་ནི་གསོས་སྡོང་གི་གཤིས་ལུགས་དང་གཏན་ནས་མི་མཐུན་པ་ཡིན་ནམ་ཞེ་ན། གཏན་ནས་མི་མཐུན་པ་ཡིན་ནོ། ། དེས་ན་ང་ཚོས་གསོམ་སྡོང་ལྟར་དུས་ནམ་ཡིན་ཡང་དཀའ་ངལ་ལ་མི་སྐྲག་ཅིང༌། ཡང་དག་པའི་ལས་ལ་བརྩོན་པ། དོན་གལ་ཆེན་ཅི་འདྲ་ལ་ཐུག་ཀྱང་བསམ་བློ་ཞིབ་ཏུ་གཏོང་བ་ལས་གཞན་གྱི་རྗེས་སུ་རང་དགར་མི་འབྲང་བ། སྒེར་དོན་ལས་སྤྱི་དོན་གཙིགས་སུ་འཛིན་པ་བཅས་བྱས་ན་ད་གཟོད་མི་དམངས་ལ་ཕན་ཐོགས་ཡོད་པར་ངེས་སོ། །