བྱ་བ་གང་ཞིག་བརྩམ་ཡང་ཐོག་མར་གྲ་སྒྲིག་ལེགས་པོ་ཞིག་བྱེད་དགོས་ལ། སློབ་སྦྱོང་ཡང་དེ་ལས་མ་འདས་སོ། །
སློབ་ཚན་སྔོན་སྦྱོང་ཞེས་པ་ནི། སློབ་ཚན་མ་ཁྲིད་པའི་ཡར་སྔོན་གྱི་གྲ་སྒྲིག་ལ་ཟེར་བ་ཡིན་ལ། དེ་ནི་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ཀྱི་རྩ་བའི་གནད་འགག་དང་པོའང་ཡིན། སློབ་ཚན་སྔོན་སྦྱོང་གིས་ཤེས་བྱ་གསར་པ་ལ་སློབ་སྦྱོང་བྱེད་པའི་བཀག་འགོག་སེལ་ཐུབ་པ་དང༌། སློབ་ཁྲིད་ཉན་པའི་ནུས་པ་མཐོར་འདེགས་གཏོང་ཐུབ་ལ། རང་སྦྱོང་གི་ནུས་པའང་འཐོར་འདེགས་གཏོང་ཐུབ། འོ་ན། ང་ཚོས་གང་ལྟར་སྔོན་སྦྱོང་བྱེད་ཅེ་ན། ཕལ་ཆེར་ཕྱོགས་ལྔ་ནས་ལག་ལེན་བསྟར་དགོས།
དང་པོ་ཀློག་འདོན། སློབ་ཚན་གྱི་ནང་དོན་ལ་ཐེངས་གཅིག་བལྟས་རྗེས། ཀློག་འདོན་ལེགས་པོ་བྱས་ནས་སློབ་ཚན་གྱི་ནང་དོན་དང་སྙིང་དོན་ལེགས་པོ་རྟོགས་ཐབས་ལ་བསམ་བློ་ལེགས་པོ་གཏོང་རྒྱུ།
གཉིས་པ་གནད་བསྡུས། སློབ་ཚན་གྱི་གནད་འགག་གཙོ་བོ་དག་སྔོན་སྦྱོང་ཟིན་ཐོ་འབྲི་དེབ་ཏུ་བཤུ་འབྲི་བྱེད་པའམ་ཡང་ན་སློབ་དེབ་ཀྱི་སྟེང་གི་འབྲེལ་ཡོད་ཀྱི་སར་མཆན་རྟགས་འགོད་དགོས།
གསུམ་པ་དོགས་འདྲི། སློབ་ཚན་ནང་གི་རྟོགས་དཀའ་བའམ་གསལ་ལ་མི་གསལ་བའི་དོན་དེ་དག་ལ་དཔེ་དེབ་སྟེང་དུ་དྲི་རྟགས་རེ་འབྲི་བ་དང༌། ཡང་ན་སྔོན་སྦྱོང་ཟིན་ཐོ་འབྲི་དེབ་ཐོག་ཏུ་འགོད་ནས་དགེ་རྒན་ལ་འདྲི་བའམ་སློབ་ཁྲིད་སྐབས་དགེ་རྒན་གྱི་དཔེ་ཁྲིད་ལ་གཟབ་ནན་གྱིས་ཉན་ནས་དོན་རྟོགས་པར་བྱེད་དགོས།
བཞི་པ་དོགས་འཚོལ། འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཚགས་བཙལ་ཏེ་ཀློག་འདོན་བྱས་ནས་བཏོན་པའི་དྲི་བ་དག་སེལ་ཐབས་བྱེད་དགོས།
ལྔ་པ་སྔར་སོང་རྗེས་དྲན། དུས་ཚོད་ཀྱི་ཁོམ་ལོང་རེ་ཡོད་ན་དཔེ་དེབ་ཀྱི་ཁ་བསུམ་ནས་རང་ཉིད་ཀྱིས་བལྟས་ནས་ཤེས་རྟོགས་རགས་ཙམ་བྱུང་བའི་ནང་དོན་དག་ལ་སྔར་སོང་རྗེས་དྲན་རེ་བྱས་ནས། སློབ་ཚན་དུ་ཁྱོན་ནང་དོན་གང་དག་བཤད་ཡོད། གཙོ་བོའི་རིགས་ལམ་ཅི་ཞིག་ཡིན་པ། ད་རུང་ཕྱོགས་གང་དག་རྟོགས་མེད་པ་སོགས་ལ་བསམ་བློ་རེ་གཏོང་དགོས།
འདི་ལྟར་བྱས་ན་ཤེས་རྟོགས་དང་དྲན་ཤེས་ཀྱི་ནུས་པ་མཐོར་འདེགས་གཏོང་ཐུབ་པ་མ་ཟད། སྔོན་སྦྱོང་གི་ཕན་འབྲས་ལ་ཞིབ་གཤེར་བྱེད་པའི་ནུས་པའང་ལྡན། སློབ་ཚན་སྔོན་སྦྱོང་གི་འབྲས་བུ་ཟིན་ཐོ་འབྲི་དེབ་ཐོག་ཏུ་བཀོད་ན། སློབ་ཁྲིད་སྐབས་གཞི་འཛིན་ས་ཞིག་ཡོད་པ་དང༌། སྔོན་སྦྱོང་ཟིན་ཐོ་འགོད་ཚུལ་དེ་རང་ཉིད་ཀྱི་གནས་ཚུལ་ལྟར་འབྲི་བ་ལས་ངོ་བོ་སྣ་ཚོགས་བྱས་ནས་འབྲི་དགོས་པའི་ངེས་པ་མེད་ལ་རང་ཉིད་ཀྱི་གོ་བ་ལོན་ཚུལ་ལྟར་རྒྱས་བསྡུས་གང་འཚམས་བྱས་ན་ཆོག་གོ།