ཟླ་རེའི་གསར་འགྱུར།

ཤེས་རིག་མདུན་ལམ་སློབ་སྟོན་པས་སློབ་ཕྲུག་དང་ཕ་མ་རྣམས་ལ་མདུན་ལམ་སློབ་སྟོན་ཆེད་གཞུང་འབྲེལ་ཕྱོགས་ཕེབས།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༣ ནས་ཟླ་ ༨ ཚེས་༢ བར་ཤེས་རིག་ལས་ཁུངས་ཀྱི་འདི་ལོའི་མདུན་ལམ་སློབ་སྟོན་དང་འབྲེལ་བའི་རྒྱ་ཁྱབ་ལས་གཞི་ཐེངས་དང་པོ་དེ་ཌལ་ཧོར་དང་། ཌོ་ལན་ཇི། སིམ་ལ་གཏན་སློབ་བཅས་ནས་དབུ་འཛུགས་གནང་། ད་རེས་ཀྱི་ལས་གཞི་འདི་བརྒྱུད་ཤེས་རིག་མདུན་ལམ་སློབ་སྟོན་པས་སློབ་གྲྭ་དེ་དག་གི་འཛིན་རིམ་ ༦ ནས་ ༡༢ བར་གྱི་སློབ་ཕྲུག་རྣམས་ལ་མདུན་ལམ་ཐོག་ལམ་སྟོན་གནང་བཞིན་ཡོད།
མདུན་ལམ་སློབ་སྟོན་སྐབས་རང་ཉིད་ངོས་འཛིན་བྱེད་སྟངས་དང་། མདུན་ལམ་གྱི་འཆར་གཞི་བཟོ་སྟངས། ལག་ཤེས། དབང་ཡོད་དང་ཐུབ་ཚོད། མྱོས་རྫས་ལང་ཤོར། གྲོགས་པོའི་ཤུགས་རྐྱེན། འབྱུང་རིག་དང་། ཚན་རིག ཚོང་ལས་སྡེ་ཚན་བཅས་གསུམ་པོ་སོ་སོའི་ནང་སློབ་སྦྱོང་གི་འདམ་ཀ ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཁག དེ་བཞིན་དམིགས་ཡུལ་འཛིན་སྟངས་བཅས་ཀྱི་བརྗོད་གཞིའི་ཐོག་གོ་རྟོགས་སྤེལ་རྒྱུ་དང་སྟབས་བསྟུན། ཕྱི་དྲོ་བུ་དང་བུ་མོ་ཁག་སོ་སོར་འཕྲོད་བསྟེན་དང་འཚར་ལོངས་ཀྱི་བརྗོད་གཞིའི་ཐོག་ལམ་སྟོན་གནང་བཞིན་ཡོད་པ་མ་ཟད། དཀའ་ངལ་ཅན་གྱི་སློབ་ཕྲུག་ཡོད་རིགས་ཀྱི་སློབ་ཕྲུག་སྒེར་སོ་སོར་ཟུར་དུ་དམིགས་བསལ་ལམ་སྟོན་གནང་བཞིན་ཡོད་པ་དང་། མདུན་ལམ་སློབ་སྟོན་པའི་ལམ་སྟོན་འོག་འཛིན་རིམ་མཐོ་བའི་སློབ་ཕྲུག་རྣམས་ཀྱིས་མདུན་ལམ་གྱི་བརྗོད་གཞི་འདྲ་མིན་ཐོག་འགྲེམས་སྟོན་གནང་གི་ཡོད་པ་མ་ཟད། འཛིན་རིམ་བརྒྱད་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་ཡོངས་ལ་སེམས་ཁམས་གནས་སྟངས་ཀྱི་ཚོད་རྒྱུགས་ཀྱང་ལེན་བཞིན་ཡོད། མདུན་ལམ་སློབ་སྟོན་གནང་ཕྱོགས་ཀྱི་ཐབས་ལམ་ནི། བརྙན་ཆས་ཀྱི་ལམ་ནས་ངོ་སྤྲོད་གཟིགས་འབུལ་དང་། བྱེད་སྒོ རུ་ཁག་ཆ་བགོས། གསུང་བཤད་དང་། དྲི་བ་དྲིས་ལན་བཅས་ཡིན།
ཤེས་རིག་མདུན་ལམ་སློབ་སྟོན་པ་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༨ ནས་ ༢༦། ཟླ་ ༨ ཕྱི་ཚེས་ ༢ བཅས་སོ་སོར་ཌལ་ཧོར་དང་། ཌོ་ལན་ཇི། སིམ་ལ་གཞིས་ཆགས་གསུམ་དུ་ཆེད་བཅར་གྱིས་ཆུ་ཚོད་གཉིས་རེའི་རིང་གཞིས་ཆགས་སོ་སོའི་ནང་གི་ཕ་མ་རྣམས་ལ་ཕྲུ་གུའི་འཚར་ལོངས་དང་། ཕྲུ་གུའི་མི་ཚེའི་ཤེས་ཡོན་དང་མདུན་ལམ་ཐད་ཕ་མ་རྣམས་ཀྱི་འོས་འགན། བྱིས་པར་བཙན་གཡེམ་གྱི་ཕོག་ཐུག་བྱུང་སྐབས་ཤེས་དགོས་པའི་གནད་དོན་ཁག ཕྲུ་གུའི་མདུན་ལམ་དང་ཤེས་ཡོན་ཆེད་དངུལ་གསོག་འཇོག་ཇི་ལྟར་བྱ་ཐབས། ཕྲུ་གུ་ཉེས་རྡུང་གཏང་སྟེ་བཅུན་ཐབས་ལས་གཞན་པའི་ཐབས་ལམ་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག་ལམ་སྟོན་གསུང་བཤད་དང་། དྲི་བ་དྲིས་ལན་གནང་རྒྱུ།
ཤེས་རིག་ལས་ཁུངས་མདུན་ལམ་སློབ་སྟོན་ཚན་པས་ལས་གཞི་འདི་ལས་གཞན་པ་སློབ་གྲྭ་ཁག་སོ་སོར་འཛིན་རིམ་ ༡༢ ཀྱི་སློབ་ཐོན་པ་རྣམས་ལ་མཐོ་སློབ་སློབ་འཇུག་གི་རྒྱུས་སྟོན་དང་། གཏན་སློབ་ཁག་གི་རྒན་བདག་རྣམས་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་། བོད་སློབ་ཁག་གི་མདུན་ལམ་སློབ་སྟོན་པ་རྣམས་ལ་ཆེད་ལས་ཟབ་སྦྱོང་། མཐོ་སློབ་སློབ་ཕྲུག་ལ་སློབ་སྟོན། ཕ་མ་དང་སློབ་ཕྲུག་རྣམས་ཀྱི་བསྐུལ་བའི་དྲི་བ་རྣམས་ལ་ལན་འདེབས། སློབ་གྲྭ་ཁག་གི་ཁང་ཚན་ནང་ཁུལ་དབར་མདུན་ལམ་འདྲི་རྩད་འགྲན་བསྡུར་གྱི་རྒྱུ་སྦྱོར། དེ་བཞིན་སློབ་གྲྭ་ཁག་ནང་ཁྱད་ལས་པ་དང་མཁས་དབང་གདན་ཞུས་ཀྱིས་མདུན་ལམ་ཐོག་གསུང་བཤད་གནང་རྒྱུ་བཅས་ཀྱི་གོ་སྒྲིག་དང་མཐུན་རྐྱེན་སྦྱོར་བཞིན་ཡོད།
འདས་པའི་ཕྱི་ལོ་ ༢༠༡༤ ལོའི་ནང་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པ་དང་ལྷོ་ཁུལ་ས་གནས་མདུན་ལམ་སློབ་སྟོན་ཚན་པ་གཉིས་ནས་རྒྱ་གར་གྱི་ལྷོ་བྱང་གཉིས་དང་ཤར་ཕྱོགས་བཅས་ཀྱི་སློབ་གྲྭ་ཁག་ ༢༤ ལ་ཆེད་བཅར་གྱིས་ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༢༨༠༥ དང་། གཞིས་ཆགས་ཁག་ ༢༤ ཡི་ཕ་མ་གྲངས་ ༡༠༢༢ ལ་མདུན་ལམ་སློབ་སྟོན་གྱི་ཕན་པ་བསྐྲུན་ཐུབ་ཡོད། །

སྔོན་མ།
གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་འགོ་འཛུགས་གནང་བ།
ཕྱི་མ།
སྤྱི་ཚོགས་ཚན་རིག་སློབ་དེབ་སློབ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཚོགས་པ།