ཟླ་རེའི་གསར་འགྱུར།

སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་མཇུག་སྡོམ་ཚོགས་འདུར་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༣ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་གྱི་མཇུག་སྡོམ་ཐོག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ལམ་སྟོན་གསུང་བཤད་གནང་དོན།
ད་ལྟ་ཤེས་ཡོན་འགན་འཛིན་གྱི་གསུངས་པ་བཞིན་དུས་ཚོད་ཀྱི་ཆ་ནས་ཏན་ཏན་ཉུང་དྲགས་པ་ཞིག་ཚོར་སྣང་ཡོང་གི་འདུག ང་ཚོའི་བསམ་བློའི་ནང་ལའང་ཉིན་མ་གཅིག་ད་དུང་ཚོགས་རྒྱུ་བྱུང་ན་བསམས་པ་ཞིག་དྲན་སོང་། ཡིན་ནའང་། ང་ཚོས་དེ་སྔོན་འཆར་གཞི་འགོད་སྐབས་ཕ་མའི་ཚོགས་ཆེན་དེ་བཞིན་ཐེངས་དང་པོ་དང་། དེ་སྔོན་དགེ་རྒན་དང་སློབ་ཕྲུག་ཚོར་ཟབ་སྦྱོང་སྤྲད་པའི་དུས་ཡུན་རིང་པོ་ཡིན་པར་བརྟེན་ཁོ་རང་ཚོ་ཡིན་ནའང་ཟབ་སྦྱོང་ནང་དུས་ཚོད་གང་ཙམ་བཏང་དགོས་པ་བྱུང་ཡོད་རུང་། ཁོང་ཚོ་གོམས་གཤིས་ལྟ་བུ་འཇགས་པར་བརྟེན་ཉོབ་སྣང་དང་སུན་སྣང་ཡོང་གི་མེད། ཕ་མ་རྣམ་པ་ཚོ་ཐེངས་འདིར་ཚོགས་འདུ་སྐབས་དང་པོ་དང་། ལྷག་པར་ཕ་མ་མང་པོ་ཞིག་ལུ་དི་ཡ་ནར་ཚོང་རྒྱག་མཁན་ཡིན་ཙང་། ཉིན་མང་པོ་ཟབ་སྦྱོང་ནང་བཞུགས་པ་ཡིན་ན། གང་འཚམས་ནས་སོ་སོའི་ཚོང་དེ་གང་འདྲ་ཞིག་བྱ་དགོས་ཡོད་ན་བསམས་པ་སོགས་ཀྱི་ཐུགས་འཚབ་ཡོང་མི་སྲིད་པ་མ་རེད། བྱས་ཙང་དེ་རིང་ཚོགས་འདུ་དེ་བཞིན་ཉིན་མ་གསུམ་གནང་རྒྱུའི་འཆར་གཞི་བསྒྲིགས་པ་རེད། དེ་རིང་གི་ཚོགས་འདུ་འདི་བཞིན་ཞལ་ལག་ལྟ་བུ་སྔོན་འགྲོ་སྟེ་ཁའི་ནང་རོ་བཅུད་མྱང་ཙམ་བྱ་རྒྱུ་དེ་དང་། རྗེས་མ་ཞལ་ལག་དེ་མ་ཞུས་ན་འགྲིག་མ་སོང་བསམས་ནས་ཟ་ཁང་ནང་འགྲོ་དགོས་པ་ལྟ་བུ་ཞིག་ལ་ང་ཚོས་ངོས་འཛིན་ཞུ་གི་ཡོད།
ཚོགས་འདུའི་སྐབས་དུས་ཚོད་ཀྱིས་རྐྱེན་པས་རྣམ་པ་ཚོ་ཚང་མར་དྲི་བ་དྲིས་ལན་གྱི་གོ་སྐབས་བྱུང་མེད་པ་ཚོར་དགོངས་གསོལ་ཞུ་རྒྱུ་ཡིན། དེ་རིང་མཇུག་སྡོམ་ལས་རིམ་ཐོག་ངས་འདི་འདྲ་ཞིག་ཞུ་དགོས་བསམས་བྱུང་། ཟབ་སྦྱོང་གི་ཉིན་གསུམ་རིང་རྣམ་པ་ཚོས་ཚོགས་ཆུང་ཆ་བགོས་ཀྱིས་གོ་བསྡུར་ལྷུག་པོ་གནང་བའི་ཐོག་ནས་གནད་འགག་ཆེ་རིགས་རྣམས་ལ་ཚང་མས་འགན་ཁུར་གནང་ཐོག་དགོངས་འཆར་ཕྱོགས་བསྡུས་གནང་བ་སོགས་ཧ་ཅང་ཡག་པོ་བྱུང་འདུག ཕ་མ་རང་ངོས་ནས་ཚོགས་ཆེན་དེའི་ཐོག་དགོངས་འཆར་དོན་ཚན་ ༡༤ བཞག་གནང་བ་འདི་ལས་ལྷག་པ་ཞིག་ང་ཚོར་དགོས་རྒྱུ་གང་ཡང་མེད། དེ་བཞིན་ཤེས་རིག་ལས་ཁུངས་དང་། སྤྱི་ཁྱབ་ཡིག་ཚང་། སློབ་གྲྭ་བཅས་དང་འབྲེལ་བའི་ཐོག་དགོངས་འཆར་བཞག་པ་དོན་ཚན་ ༢༡ འདུག དེ་ཚོ་ཡིན་ནའང་ཧ་ཅང་ཡག་པོ་འདུག གང་ལྟར་ཚོགས་འདུ་སྤྱི་ཡོངས་ཀྱི་ཐོག་ནས་བགྲོ་གླེང་ལྷུག་པོ་གནང་འདུག་བསམས་པ་ང་ཚོ་ཤེས་རིག་ངོ་ལས་ཚོར་འཚོར་སྣང་དེ་འདྲ་ཞིག་སྐྱེས་བྱུང་། དེར་བརྟེན་འདིར་འདུས་པའི་ཕ་མ་དང་ཕ་མའི་འཐུས་ཚབ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁ་སང་བོད་ཀྱི་བརྙན་འཕྲིན་ཁང་གིས་དྲི་བར་རྣམ་པ་ཚོ་ཚོགས་བཅར་བ་ཁ་ཤས་ཤིག་གིས་བཅར་འདྲི་དང་ལེན་ཞུས་ཐོག་ཐེངས་འདིའི་ཚོགས་འདུ་དེ་དགེ་མཚན་ཆེན་པོ་བྱུང་བ་སོགས་ཀྱི་བསམ་ཚུལ་བཤད་པ་ང་ཚོས་མཐོང་བྱུང་། དངོས་གནས་ཚོགས་འདུ་འདི་བསྐོང་ཚོགས་ཞུས་པ་བཞིན་འགྲིག་འདུག་བསམས་པའི་དགའ་ཚོར་ཆེན་པོ་བྱུང་།
ཤེས་ཡོན་དེ་གལ་ཆེན་པོ་བརྩིས་ཐོག་ང་ཚོ་ཚང་མས་མཉམ་རུབ་བྱ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད། ང་རང་ལྟ་བུར་མཚོན་ན་ཤེས་རིག་བཀའ་བློན་བྱས་ནས་ལོ་གཅིག་ཀྱང་འཁོར་གྱི་མེད། མཚམས་རེར་ཤེས་རིག་བཀའ་བློན་གྱི་འགན་ཁུར་བྱེད་ཐུབ་པ་མི་འདུག་བསམས་པ་དེ་འདྲའང་དྲན་ཡོང་གི་འདུག མ་འོངས་བོད་ཀྱི་སོན་རྩ་ཕྲུ་གུ་སྟོང་ཕྲག་མང་པོའི་བདག་ཐོབ་དེ་ང་ཚོས་བལྟ་སྐྱོང་མ་བྱས་པ་ཡིན་ན་མ་འོངས་པར་ཉེན་ཁ་ལྗིད་པོ་ཞིག་ཡོང་ངེས་རེད་བསམས་པ་དྲན་གྱི་འདུག ད་ལྟ་ང་རང་ཚོའི་ཐོག་ལ་འགན་ཞིག་འབབ་ཡོད་པ་བཞིན། ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་འབད་བརྩོན་ཞིག་བྱེད་དགོས་རེད་ཟེར་ནས། ད་ལྟ་ཤེས་རིག་ལས་ཁུངས་ནང་ངོ་ལས་ལྔ་བཅུ་ང་གྲངས་ཤིག་དང་། དགེ་རྒན་ཆིག་སྟོང་ཉིས་བརྒྱ། དེ་བཞིན་ལས་བྱེད་སྟོང་ཕྲག་གཅིག་ཙམ་ཡོད་པ་དེ་དག་ཚང་མས་མཉམ་རུབ་ཐོག་ནས་སློབ་ཕྲུག་ཚོའི་ཤེས་ཡོན་ཐོག་ཡར་རྒྱས་ཡོང་བ་འདུག་བསམས་པའི་སྤོབས་པ་དེ་འདྲའང་སྐྱེ་ཡོང་གི་འདུག དེ་བཞིན་ད་ལྟ་ཕ་མ་ཚོས་ཀྱང་ང་ཚོས་གཅིག་བྱས་ན་མ་གཏོགས་འགྲིག་གི་མི་འདུག་བསམས་པའི་ཐོག་ནས་ཐེངས་འདིའི་ཚོགས་འདུའི་ནང་མཉམ་བཞུགས་གནང་བ་དེ་དངོས་གནས་ང་རང་ཧ་ཅང་གི་དགའ་པོ་བྱུང་ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་ཤེས་རིག་ལས་ཁུངས་དང་འབྲེལ་བའི་དགོངས་ཚུལ་ཁག་ ༢༡ ཡོད་པ་རྣམས་ལ་འགྲེལ་བརྗོད་ཞིབ་པར་གནང་བ་དང་ཕྱོགས་མཚུངས། ང་ཚོའི་སྐད་ཡིག་དེ་བཞིན་ང་རང་ཚོས་དོ་སྣང་མ་བྱས་ན་ཉམས་དམས་སུ་འགྲོ་ངེས་ཡིན་པས་ཕ་མ་ཚོས་སོ་སོའི་སྐད་ཡིག་བཀོལ་སྤྱོད་བྱེད་ཕྱོགས་ཐོག་ལའང་འགན་ཁུར་ཡོད་པའི་ཐོག་ནས་འབད་བརྩོན་གནང་དགོས་པ་དང་། དེ་བཞིན་ང་རང་ཚོའི་མི་འབོར་ལ་གཞིགས་ཏེ་ཕ་མ་ཚང་མས་མི་འབོར་སྤེལ་ཤུགས་ཐད་ལའང་དགོངས་བཞེས་གནང་རོགས་ཅེས་རེ་སྐུལ་ཤུགས་དྲག་དང་། མཐར་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་རྣམ་པ་ཚོ་ཟབ་སྦྱོང་འདིའི་ནང་མཉམ་ཞུགས་གནང་བ་དང་། ཉིན་གསུམ་རིང་གྲོས་བསྡུར་ལྷུག་པོ་གནང་བ། ད་ལྟ་ངའི་སྐད་ཆ་བཤད་སྐབས་རྣམ་པ་ཚོ་ཚང་མས་གྲུང་རིལ་རིལ་ངང་དོ་སྣང་བྱས་པར་དངོས་གནས་ཧ་ཅང་དགའ་པོ་བྱུང་།
དེ་རིང་གི་ཟབ་སྦྱོང་འདིའི་འགྲོ་སོང་ཐོག་ལ་སྒོར་འབུམ་སུམ་བཅུ་འགྲོ་གི་འདུག ཚོགས་འདུ་དེ་ལྟ་བུ་འགྲོ་སོང་གི་ཐོག་ནས་ལོ་ལྟར་ཚོགས་རྒྱུ་ཁག་པོ་འདུག་ཏེ། འོན་ཀྱང་ལོ་གཉིས་སམ་གསུམ་རྗེས་ཚོགས་ཆོག་གི་རེད། ས་གནས་ས་ཐོག་ཏུ་གྲོས་གླེང་ལམ་སྟོན་བྱེད་ཕྱོགས་ཀྱི་ཚོགས་འདུ་རིགས་གོ་སྒྲིག་ཞུ་ཐུབ་པ་ང་ཚོས་འབད་བརྩོན་བྱེད་ཀྱི་ཡིན། ཁྱེད་རང་ཚོར་ཞུ་རྒྱུར། འདིར་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དང་དྲུང་འཕར། སྡེ་འགན་དང་ལས་བྱེད་ཚང་མས་ཕྱག་ལས་གནང་ཕྱོགས་ཧ་ཅང་ཡག་པོ་ཡོད། དེ་ལྟར་རྣམ་པ་ཚོར་ཞུ་དགོས་དོན་ནི། ང་ཚོ་ཚང་མའི་མཐར་ཐུག་གི་དགོས་པའང་གནད་དོན་གཅིག་དང་སྐྱིད་སྡུག་གཅིག་ཡིན་པའི་ཐོག་ནས་ང་ཚོས་རྣམ་པ་ཚོར་གསལ་བཤད་དེ་འདྲ་ཞིག་བྱས་པ་ཡིན་ན། རྣམ་པ་ཚོ་ཡིན་ནའང་ཕྱིར་ས་གནས་སོ་སོར་བློ་བདེ་བོའི་ངང་ཕེབས་ཐུབ་རྒྱུའི་དགེ་མཚན་ཡོད་པ་རེད་བསམས་ཀྱི་འདུག རྣམ་པ་ཚོ་ས་གནས་སོ་སོར་ཕེབས་རྗེས་མང་ཚོགས་ལ་སྐུལ་སློང་ཡང་ཡང་གནང་རོགས་ཞུ་རྒྱུ་དང་སྦྲགས། རྣམ་པ་ཚོ་ཚང་མ་ས་གནས་སོ་སོར་བདེ་འཁོད་ཡོང་བའི་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་། དེ་རྗེས་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཐེངས་འདིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་མཇུག་ལེགས་པར་སྒྲིལ།།

སྔོན་མ།
བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཉིན་མཐའ་མར་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་།
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་མེན་པཱཊ་གཞིས་ཆགས་སུ་ཕྱོགས་ཕེབས་གནང་།
Menu