ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༡༦ ལོ་ཡང་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་བུ་མོས་མཐོ་བ་བླངས་འདུག

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༡ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ CBSE ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང་། འདི་ལོའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་ ༡༧ ནས་སློབ་ཕྲུག་གྲངས་ ༡༣༥༩ ཀྱིས་ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༢༢༤ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༡༡༥ ཡོད། རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༡༨། འདི་ལོར་ཡང་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་དེ་བོད་སློབ་ཁག་གི་ནང་བུ་ལས་བུ་མོས་བརྒྱ་ཆ་མཐོ་བ་བླངས་འདུག
འདི་ལོར་རྒྱ་གར་ནང་གི་བོད་པའི་སློབ་གྲྭ་ཁག་ ༡༧ ནས་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ནང་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ནས་ ༡༠༠ ལེན་མཁན་སློབ་གྲྭ་བཞི་ཡོད་པ་ནི། སེ་ལ་ཁུ་བོད་ཁྱིམ་སློབ་གྲྭ་དང་། སུ་ཇཱ་བོད་ཁྱིམ། སྤོན་ཊ་གཏན་སློབ། སྦེལ་ཀོབ་བོད་ཁྱིམ་བཅས་ཡིན་འདུག
འདི་ལོར་བོད་སློབ་ཁག་གི་སློབ་ཕྲུག་གྲངས་ ༣༤༢ ཀྱིས་བརྒྱ་ཆ་ ༧༥ ཡན་ལོན་ཡོད་པ་དང་། དེའི་ཁོངས་ནས་སློབ་ཕྲུག་ ༡༠ གིས་བརྒྱ་ཆ་ ༩༠ ཡན་ལོན་ཡོད། འདི་ལོར་བོད་སློབ་ཁག་གི་ནང་རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༧ ཉུང་འཕྲི་ཕྱིན་ཡོད་པ་དང་། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༡༥ མང་དུ་ཕྱིན་འདུག འདི་ལོར་བོད་སློབ་ཁག་སྤྱི་ཡོངས་ཀྱི་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་ ༩༠།༧ ཡིན་འདུག
ཕྱི་ལོ་ ༢༠༡༦ ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཚན་རིག་དང་ཚོང་རིག འབྱུང་རིག་བཅས་སྡེ་ཚན་གསུམ་ཁོངས་ནས་བརྒྱ་ཆ་རྩེ་ཕུད་ཐོབ་མཁན་རྣམས་ནི།
ཚན་རིག་སྡེ་ཚན་གྱི་ཨང་དང་པོ་སེ་ལ་ཁུ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་མཚོ་མོ་ལ་བརྒྱ་ཆ་ ༩༤་༢། ཚོང་རིག་གི་སྡེ་ཚན་ཁོངས་ནས་ཨང་དང་པོ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ནོར་སྒྲོན་ལ་བརྒྱ་ཆ་ ༨༨། སྒྱུ་རྩལ་སྡེ་ཚན་ཁོངས་ནས་ཨང་དང་པོ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཕུན་ཚོགས་ལ་བརྒྱ་ཆ་ ༩༢༌༨ ཐོབ་ཡོད།
འདི་ལོའི་དགའ་ལྡན་ཕོ་བྲང་གི་བྱ་དགའ་ལེན་མཁན་ཁོངས། ཚན་རིག་སྡེ་ཚན་གྱི་ཨང་དང་པོ་སེ་ལ་ཁུ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་མཚོ་མོ་ལ་བརྒྱ་ཆ་ ༩༤་༢། ཨང་གཉིས་པ་ཀ་སྦུག་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་བདེ་ཆེན་ལ་བརྒྱ་ཆ་ ༩༡། ཨང་གསུམ་པ་སེ་ལ་ཁུ་བོད་ཁྱིམ་སློབ་གྲྭའི་སློབ་མ་ཚེ་རིང་བསོད་ནམས་ལ་བརྒྱ་ཆ་ ༨༩་༦། ཐོབ་ཡོད་པ་དང་།
ཚོང་རིག་སྡེ་ཚན་ཁོངས་ནས་ཨང་དང་པོ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ནོར་སྒྲོན་ལ་བརྒྱ་ཆ་ ༨༨། ཨང་གཉིས་པ་མོན་གྷོོཌ་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་རྣམ་གྲོལ་ལ་བརྒྱ་ཆ་ ༨༣༌༦། ཨང་གསུམ་པ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཡིད་དགའ་དང་འཕྲིན་ལས་དབང་མོ་ལ་བརྒྱ་ཆ་༨༢་༤ ཐོབ་ཡོད།
སྒྱུ་རྩལ་སྡེ་ཚན་ཁོངས་ནས་ཨང་དང་པོ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཕུན་ཚོགས་ལ་བརྒྱ་ཆ་ ༩༢༌༨། ཨང་གཉིས་པ་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་བུ་ཁྲིད་དང་བསྟན་འཛིན་ནོར་ལྡན་ལ་ ༩༡༌༦། ཨང་གསུམ་པ་སྦེལ་ཀོབ་གཏན་སློབ་ཀྱི་སློབ་མ་ཟླ་བ་ཆོས་སྒྲོན་ལ་བརྒྱ་ཆ་ ༩༡ ཐོབ་ཡོད།
གཤམ་གསལ་རེའུ་མིག་དེས་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་བོད་སློབ་ཁག་གི་སློབ་ཕྲུག་བརྒྱ་ཆ་ ༧༥ ཡན་ལོན་མཁན་རྣམས་གསལ་སྟོན་བྱས་ཡོད།

ཕྱི་ལོ་ ༢༠༡༦ ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག

སྔོན་མ།
བྷུན་ཏར་དགེ་འོས་མཐོ་སློབ་ཁང་གི་དགེ་འོས་པ་རྣམས་ལ་ཉིན་ལྔའི་རིང་འཚེ་མེད་ཞི་བའི་ཡོངས་ཁྱབ་སྦྱོང་བརྡར་དབུ་འཛུགས་གནང་།
ཕྱི་མ།
སུ་ཇཱ་བོད་ཁྱིམ་དུ་གཞི་རིམ་འོག་མའི་དགེ་རྒན་ཁག་གཅིག་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་གནང་བ།