ཟླ་རེའི་གསར་འགྱུར།

སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་དེབ་ཕྲེང་དང་པོ་དབུ་འབྱེད་གནང་བ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༢ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་ཉམས་ཞིབ་དེབ་ཕྲེང་དང་པོ། ཨ་འཁོར་བཟོད་པ་ལགས་ཀྱིས་འབྲི་རྩོམ་གནང་བའི་༼བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་རིག་པའི་དཔྱད་ཞིབ།༽ཅེས་པའི་དཔེ་དེབ་དབུ་འབྱེད་གནང་།
དེ་ཡང་གོང་ཚེས་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་འབུམ་རམས་པ་བློ་བཟང་སེངྒེ་མཆོག་དབུ་ཞུགས་ཐོག འདི་ག་ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་དང་། ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། འབྲེལ་ཡོད་ལས་བྱེད། ས་རཱ་མཐོ་སློབ་ཀྱི་འགན་འཛིན། སྒྲོལ་མ་གླིང་གི་འགན་འཛིན། ནོར་གླིང་གིས་གཙོས་པའི་རྡ་ས་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ། ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་གནང་བ་དང་། ཐོག་མར་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་། དེ་ནས་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་རིགས་གཅིག་རྐང་འཛིན་ཉམས་ཞིབ་པ་ཨ་འཁོར་བཟོད་པ་ལགས་ཀྱི་འཕྲིན་ཡིག་སྒྲོགས་སྦྱང་ཞུས་གྲུབ་མཚམས། སྐུ་མགྲོན་གཙོ་བོ་མཆོག་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན།
གོང་དུ་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ངོ་སྤྲོད་གནང་བ་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིགས་གཅིག་རྐང་འཛིན་གང་མང་དགོས་པའི་བཀའ་སློབ་རིམ་པ་ཕེབས་པ་གཞིར་བཟུང་། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༣ ནས་སྒྲིག་ཞུགས་མ་ཡིན་པའི་ཐོག་ལས་གཞི་སྤེལ་ཏེ་འབད་བརྩོན་བྱེད་དགོས་འདུག ཅེས་ད་བར་ལོ་རེར་ཧིན་སྒོར་ཁྲི་དྲུག་གནང་སྟེ་ལོ་གསུམ་རིང་སློབ་ཡོན་གནང་གི་ཡོད། ད་བར་དུ་སློབ་ཕྲུག་གྲངས་ ༤༣ ལ་ཉམས་ཞིབ་སློབ་གཉེར་གྱི་གོ་སྐབས་ཕུལ་དང་འབུལ་བཞིན་ཡོད།
ད་བར་གྲུབ་འབྲས་སྨིན་པའམ་ལག་འཁྱེར་ཆ་ཚང་ཐོན་པ་གཉིས་བྱུང་བའི་ནང་ནས་གཅིག་གིས་ཁོ་རང་སྒེར་ངོས་ནས་དཔེ་དེབ་པར་སྐྲུན་གནང་གྲུབ་པ་དང་། གཅིག་ནི་ཤེས་རིག་ལས་ཁུངས་ནས་དཔར་འགྲེམས་གནང་བཞིན་ཡོད། གཞན་བདུན་ད་ཆ་འབྱོར་ཡོད། འབྱོར་དོན་བཞིན་མཁས་པ་ཁག་གསུམ་གྱིས་གཟིགས་ནས་ཚད་དང་ལྡན་པ་དང་པར་སྐྲུན་བྱེད་འོས་པ་རེད་འདུག ཅེས་བརྗོད་པ་ཡིན་ན། ཤེས་རིག་ལས་ཁུངས་ནས་མཐུན་འགྱུར་སྦྱར་གྱི་ཡོད། དེར་བརྟེན་ད་རེས་གཞུང་འབྲེལ་ཐོག་ཉམས་ཞིབ་དཔེ་དེབ་པར་སྐྲུན་གནང་བ་ཐེངས་དང་པོ་ཡིན་སྟབས། ང་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་ཡིན་པར་བརྟེན་ངས་འགན་འཁུར་ནས་དགའ་པོའི་ངང་ལས་གཞི་ཡག་པོ་ཕྱིན་པ་དེ་རྟེན་འབྲེལ་རེད། ཅེས་དེ་རིང་འདིར་བཅར་བ་ཡིན།
གཞི་རྩའི་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་པ་ཚོར་སྲོལ་རྒྱུན་ལམ་ནས་གནང་སྟངས་ཡོད་པ་རེད། འོན་ཀྱང་ཁོ་རང་ཚོས་དེང་དུས་དང་མཐུན་པའི་ཐོག་ནས་འགྲོ་དགོས་ཀྱི་འདུག་ཟེར་ནས་ཕྱི་ལོ་ ༢༠༡༢ ལོར་ཝ་ར་ཎ་སིར་ཟབ་སྦྱོང་ཞིག་གནང་བ་རེད། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་ས་རཱ་མཐོ་སློབ་དུ་ཟབ་སྦྱོང་གནང་བ་རེད། གང་ཡིན་ཞེ་ན། ལོ་རྒྱུས་སོགས་དེབ་ཅི་འདྲ་ཞིག་བརྩམས་པ་ཡིན་ནའང་། སྔོན་མ་ཡིན་ན་དེབ་བརྩམས་པ་མ་གཏོགས་ཟུར་བལྟའི་དཔྱད་གཞི་བཀོད་པ་ཧ་ཅང་དཀོན་པོ་རེད།དེའི་ནང་ནས་ནུབ་ཕྱོགས་པས་ཞིབ་འཇུག་གནང་སྟངས་ནི། ཞབས་མཆན་ཧ་ཅང་གལ་ཆེན་པོ་བརྩིས་ཀྱི་ཡོད། ཞབས་མཆན་དགོས་རེད། གང་ཡིན་ཞེ་ན། རྩོམ་ཚད་དང་ལྡན་པ་ཡིན་མིན་ཞབས་མཆན་ཁུངས་སྐྱེལ་རྒྱུ་ཡོད་དང་མེད། དེ་བཞིན་དེབ་དང་རྩོམ་གང་གཟིགས་པ་དེ་དག་མཐའ་མར་སྦྱར་ན། འབུམ་རམས་པའི་ལག་འཁྱེར་བླང་བ་ཡིན་ན་རེད། མཁས་པ་ཡིན་དང་མིན་ཐག་ཇི་ལྟར་གཅོད་ཐུབ་ཀྱི་རེད་ཟེར་ན། མཁས་པས་ག་དུས་ཡིན་ན་དེབ་ཀློག་གི་མ་རེད། ཞབས་མཆན་ཀློག་ནས་ཞིབ་འཇུག་གཏིང་ཟབ་པོ་ཇི་ཙམ་བྱས་འདུག དེ་བཞིན་ཟུར་བལྟའི་དཔྱད་གཞི་དེབ་ག་ཚོད་བལྟས་འདུག་བལྟས་ནས་དེབ་ཀྱི་སྤུས་ཚད་ཇི་ཙམ་ཡོད་མེད་ཧ་ཅང་གསལ་པོ་ཆགས་ཡོང་གི་ཡོད། ཅེས་བཤད་སྲོལ་ཡོད།
དེབ་དེ་འདྲ་བརྩམས་ཏེ་དེབ་གཞན་ཞིག་ནས་ལུང་འདྲེན་ནས་བཀོད་ཡོད་ནའང་། ཞབས་མཆན་དང་ཟུར་བལྟའི་དཔྱད་གཞི་མེད་པ་ཡིན་ན། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དཔེ་བཤུས་བྱས་འདུག་ཅེས་དམའ་འབེབས་ཡོང་གི་ཡོད། དེར་བརྟེན་དེབ་ག་འདྲ་ཞིག་གཟིགས་པ་ཡིན་ནའང་དེ་ཟུར་དུ་བཀོད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་རེས་ཨ་འཁོར་བཟོད་པ་ལགས་ཀྱིས་རྩོམ་པའི་དེབ་འདི་ནུབ་ཕྱོགས་མཁས་པ་ཞིག་གིས་གཟིགས་པ་ཡིན་ན། ཚད་དང་ལྡན་པ་རེད་འདུག་བརྗོད་རྒྱུ་དང་། དེ་བཞིན་སྲོལ་རྒྱུན་ཐོག་ནས་གཟིགས་པ་ཡིན་ནའང་ཚད་དང་ལྡན་པ་ཞིག་རེད་འདུག་ཅེས་བརྗོད་རྒྱུའི་དེབ་ཅིག་ཆགས་འདུག དེབ་འདི་ཚ་ཚང་ངས་བཀླགས་པ་ཡིན་བརྗོད་ན། ཧམ་པ་ཆགས་འགྲོ་གི་རེད། ཡིད་ཆེས་མཁན་ཡོད་རེད་དྲན་གྱི་མི་འདུག འོན་ཀྱང་འདིའི་ནང་ངས་ཧ་གོ་བ་ལྟར་ན། ནང་བསྟན་རིག་པ་དང་། གཡུང་དྲུང་བོན་གྱི་རིག་པ། སྲོལ་རྒྱུན་དམངས་ཁྲོད་རིག་པ་བཅས་དེ་དག་གསུམ་ཀར་ཡོད་པའི་ཐོག་ནུབ་ཕྱོགས་དང་སྲོལ་རྒྱུན་ཐོག་ནས་ང་ཚོས་ཤེས་ཡོན་སློབ་སྟངས་ག་འདྲ་སློབ་ཀྱི་ཡོད་པ་དེ་དག་ཆ་ཚང་ཕན་ཚུན་བསྡུར་པའི་དཔྱད་ཞིབ་དང་། སྲོལ་རྒྱུན་ཐོག་ནས་ང་ཚོས་ཤེས་ཡོན་སློབ་སྟངས་ག་འདྲ་ཡིན་པ་ཆ་ཚང་ཡོད་པ་ཞིག་རེད་འདུག ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་ཀྱི་དམིགས་ཡུལ།
སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་སློབ་སྦྱོང་འདི་ནི། རྒྱ་གར་གཙུག་ལག་སློབ་ཁང་ནང་ཉམས་ཞིབ་དེབ་སྐྱེལ་གྱིས་ལམ་ནས་གནང་མ་ཐུབ་པའི་བོད་སྐད་ཡིག་དང་རིག་གཞུང་གནས་ཚད་ངེས་ཅན་ཡོད་པའི་གཞོན་སྐྱེས་གང་ཞིག་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་ཐོག་སློབ་གཉེར་གཏིང་ཟབ་བྱ་བའི་འདུན་པ་མཆིས་མཁན་རིགས་ལ་ལག་ཁྱེར་དང་། ལོ་ཚད་ཀྱི་ཚད་བཀག་མེད་པར་མི་རིགས་རང་གི་རིག་གཞུང་ཐོག་ཆེད་ལས་ཞིབ་འཇུག་པ་གང་མང་གསོ་སྐྱོང་བྱ་རྒྱུར་དམིགས་ཡུལ་བཟུང་ཡོད།
ཉམས་ཞིབ་གནང་ཕྱོགས།
གཙུག་ལག་སློབ་ཁང་བྱེ་བྲག་པ་གཅིག་ཏུ་སློབ་འཇུག་མི་དགོས་པར་བོད་ཀྱི་སྲོལ་རྒྱུན་སློབ་གཉེར་གནང་སྟངས་ལྟར་སློབ་གཉེར་བྱེད་སའི་གནས་ཡུལ་གང་སར་འགྲོ་བསྐྱོད་ཆོག་པ་དང་འབྲེལ། ལས་ཞོར་ལ་ཉམས་ཞིབ་ལས་དོན་སྤེལ་ཐུབ་པ་དང་བརྗོད་གཞི་གང་རུང་ཐོག་ཉམས་ཞིབ་བྱ་ཆོག་པའི་རང་དབང་ལྡན་པ་ཡིན།
ཉམས་ཞིབ་ཀྱི་གདོང་འཇོག
ཤེས་རིག་ལས་ཁུངས་ཀྱིས་བསྐོ་འཛུགས་བྱས་པའི་མཁས་པའི་ལྷན་ཚོགས་ལ་སྤྱན་འབུལ་ཞུ་བ་དང། ཉམས་ཞིབ་པ་རང་ཉིད་ཀྱིས་མཁས་པའི་ལྷན་ཚོགས་མདུན་ནས་དཔྱད་རྩོམ་ཀྱི་བརྗོད་གཞིའི་སྟེང་བགྲོ་གླེང་དམ་བཅའ་ཕུལ་རྗེས། མཁས་པའི་ལྷན་ཚོགས་ཀྱི་རྒྱབ་གཉེར་བྱུང་བ་རྣམས་ལ་ཤེས་རིག་ལས་ཁུངས་ཀྱིས་ལོ་གསུམ་རིང་བརྗོད་གཞི་བྱེ་བྲག་པ་ཞིག་གི་ཐོག་ཉམས་ཞིབ་ལེགས་ཐོན་བྱུང་བའི་ཕྱག་ཁྱེར་གནང་བཞིན་ཡོད་པ་བཅས།

སྔོན་མ།
གཞི་རིམ་བར་མའི་ཨིན་དགེ་ཁག་གཅིག་ལ་སློབ་ཁྲིད་ཡར་རྒྱས་གཏོང་ཐབས་ཀྱི་ཟབ་སྦྱོང་གནང་།
ཕྱི་མ།
དབྱར་དུས་ཚན་རིག་སློབ་ཁྲིད་ལས་འཆར་གྱི་ཟབ་སྦྱོང་དབུ་འཛུགས་གནང་བ།