༄༅། ། ཉེ་སྔོན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གཏན་འབེབས་དང་། དཔར་འགྲེམས་ཞུས་པའི་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་ཐོག སྤྱི་ཚོགས་དྲ་རྒྱ་ཁག་ཏུ་བསམ་ཚུལ་གང་མང་འདོན་སྤེལ་བྱེད་བཞིན་འདུག་པར། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་དོ་འཁུར་གྱིས་བགྲོ་གླེང་གནང་བར་དགའ་བསུ་དང་སྦྲགས། འདི་ལས་ནས་དེ་འབྲེལ་གྱི་དངོས་ཡོད་གནས་ཚུལ་གསལ་བཤད་ཞུ་རྒྱུར།
- བོད་མི་རྣམས་བཙན་བྱོལ་དུ་གྱར་རྗེས། ཕྱི་ནང་རྒྱུ་རྐྱེན་དུ་མ་ཞིག་གིས་ལོ་རེ་བཞིན་ཕྱི་རྒྱལ་ཡུལ་གྲུ་གང་སར་གནས་སྤོས་བྱེད་མཁན་མང་དུ་འགྲོ་བཞིན་པ་དང་། གནས་ཡུལ་རྒྱལ་ཁབ་སོ་སོའི་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཚོགས་སྒེར་གང་མང་ནས། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་ཆེད་གཟའ་མཇུག་སློབ་གྲྭ་དང་འཛིན་གྲྭ་གསར་འཛུགས་དང་། སློབ་དེབ་གསར་རྩོམ་སོགས་ཀྱི་ལས་འཆར་གང་ཐུབ་སྤེལ་བཞིན་ཡོད། གོང་གསལ་ལས་དོན་ཁག་གལ་ཆེར་སོང་། ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་༢༠༡༢ ནས་བཟུང་། བསླབ་གཞི་མཁོ་འདོན་དང་། བརྙན་འཕྲིན་བཟོ་སྒྲིག སློབ་དེབ་བསྐྱར་ཞིབ་སོགས་ཀྱི་མཐུན་འགྱུར་གང་ཐུབ་ཞུས་ཡོད།
- བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་གི་འབྲེལ་ཡོད་དགེ་རྒན་རྣམས་ནས། སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་གྱི་བོད་ཡིག་སློབ་དེབ་རགས་ཟིན་བཟོ་འགོད་བྱས་ཡོད་ཅིང་། སྔོན་འགྲོ་དང་། འཛིན་རིམ་དང་པོ། འཛིན་རིམ་གཉིས་པ་བཅས་ཀྱི་སློབ་དེབ་འདི་ལས་ནས་གཏན་འབེབས་ཟིན་ཏེ། ཉེ་ཆར་པར་སྐྲུན་དང་འགྲེམས་སྤེལ་བྱས་ཡོད།
- གོང་གསལ་སློབ་དེབ་ཁག་ཕྱི་ལོ་༢༠༡༤ ཟླ་༨ ཚེས་༡༥ ནས་༡༧ བར་ཉིན་གསུམ་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་བསྐོང་ཚོགས་བྱས་པའི་བོད་ཀྱི་སྐད་ཡིག་རིག་གཞུང་སློབ་གྲྭའི་ཚོགས་འདུའི་གྲོས་ཆོད་ཀྱི་སྔོན་གླེང་ནང་“༢༠༡༢ ནང་བསྡུ་བསྐོང་བྱས་པའི་ཚོགས་འདུ་གཉིས་པའི་ཐོག་སྔོན་འགྲོ་དང་འཛིན་རིམ་དང་པོ། འཛིན་རིམ་གཉིས་པ་ལས་གྲུབ་པའི་ཚན་པ་དང་པོ། འཛིན་རིམ་གསུམ་པ་དང་བཞི་པ། ལྔ་པ་གསུམ་ལས་གྲུབ་པའི་ཚན་པ་གཉིས་པ། འཛིན་རིམ་དྲུག་པ་དང་། བདུན་པ། བརྒྱད་པ་གསུམ་ལས་གྲུབ་པའི་ཚན་པ་གསུམ་དུ་དབྱེ་ཐོག ཚན་པ་དང་པོའི་དམིགས་ཚད་གཙོ་བོ་སློབ་མ་ཚོས་བོད་སྐད་རྒྱག་ཐུབ་པ་ཞིག་དང་། ཚན་པ་གཉིས་པའི་དམིགས་ཚད་བོད་ཡིག་ཀློག་ཐུབ་པ། ཚན་པ་གསུམ་པའི་དམིགས་ཚད་འབྲི་ཀློག་གཉིས་ཀ་ཡོང་ཐབས་འབད་བརྩོན་ཞུ་རྒྱུ།” ཞེས་གསལ་བ་ལྟར། གོང་གསལ་དམིགས་ཚད་གཙོ་བཟུང་གིས། རྩོམ་སྒྲིག་དང་རགས་ཟིན་བཟོ་འགོད་བྱས་ཡོད།
- ཤེས་རིག་ལས་ཁུངས་ནས་སྔ་ཕྱིར་གཞི་རིམ་སློབ་གྲྭ་ཁག་གི་བོད་ཀྱི་སྐད་ཡིག་སློབ་དེབ་གཙོས། སློབ་དེབ་མང་དག་ཅིག་རྩོམ་སྒྲིག་དང་འདོན་སྤེལ་ཞུས་ཡོད་ཅིང་། སློབ་དེབ་དེ་དག་བོད་ཀྱི་རིག་གཞུང་དང་། བརྡ་སྤྲོད་ཀྱི་རྣམ་གཞག་དང་མཐུན་པར་རྩོམ་སྒྲིག་བྱས་ཡོད། དེ་ལྟར་ཡང་། ད་ཡོད་བོད་ཀྱི་སྐད་ཡིག་སློབ་དེབ་རྣམས་བྱང་ཨ་རིས་གཙོས་པའི་ནུབ་ཕྱོགས་ཡུལ་གྲུ་ཁག་གི་གཟའ་མཇུག་སློབ་གྲྭའི་འཛིན་གྲྭའི་ཚོགས་དུས་དང་། སློབ་མའི་གནས་ཚད་ལ་ལྟོས་ནས། ཐད་ཀར་བེད་སྤྱོད་གཏོང་ཐབས་མེད་པའི་དངོས་ཡོད་གནས་ཚུལ་ལ་བརྟེན། བོད་ཀྱི་སྐད་ཡིག་དེ་བཞིན་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་ཁྲིད་མི་བྱེད་ཐབས་མེད་དུ་གྱུར་ཡོད། དེར་བརྟེན་གོང་གསལ་ཚོགས་འདུའི་དགོངས་དོན་དང་། སློབ་ཕྲུག་དེ་དག་ལ་དངོས་སུ་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་རྣམ་པའི་ལོ་མང་གི་ཉམས་མྱོང་ལ་བརྟེན་ནས་རགས་ཟིན་བཟོ་འགོད་བྱས་པར། འདི་ལས་ནས་གཙིགས་ཆེར་བཟུང་ཏེ་གཏན་འབེབས་བྱས་པ་ཡིན།
- གོང་གསལ་གཏན་འབེབས་བྱས་པའི་སློབ་དེབ་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཆེད་བརྗོད་ནང་། “སློབ་དེབ་རྣམས་སྤུས་ཚད་དང་ལག་ལེན་དངོས་ནང་ཚད་ལྡན་ཡོང་ཆེད་ལོ་གཅིག་རིང་ཚོད་ལྟའི་ཐོག་ནས་བེད་སྤྱོད་བྱ་རྒྱུ་དང་། སློབ་དེབ་ཀྱི་བརྗོད་བྱ་དང་། རྗོད་བྱེད། སྒྲིག་སྟངས། ཐབས་ཚུལ། ཆད་ལྷག་ཅི་ཡོད་ཐོག་རྒྱ་ཆེའི་བོད་དགེ་རྣམས་དང་། ཕ་མ། ཚོགས་སྒེར་ཅི་རིགས་ནས་དགོངས་འཆར་གནང་སྐྱོང་ཡོང་བའི་རེ་བ་དང་འབོད་སྐུལ་ཅི་ཆེར་ཞུ་བཞིན་ཡོད།” ཅེས་གལ་ཆེ་དོན་ཆེན་དུ་བརྩིས་ནས་བཀོད་ཡོད་ཀྱང་། སྤྱི་ཚོགས་དྲ་རྒྱ་ཁག་ཏུ་བསམ་ཚུལ་འདོན་པ་ཙམ་ལས། ཤེས་རིག་ལས་ཁུངས་སུ་དེ་འབྲེལ་གྱི་ཡིག་ངག་གང་རུང་ནས་བསམ་ཚུལ་འབུལ་མཁན་གཅིག་ཀྱང་མ་བྱུང་། ད་ལན་གསལ་བཤད་འདི་བརྒྱུད་ནས་རྒྱ་ཆེའི་མང་ཚོགས་རྣམས་ལ་སླར་ཡང་ཞུ་རྒྱུར། བོད་ཀྱི་སྐད་ཡིག་དེ་བཞིན་སྐད་ཡིག་གཉིས་པའི་ཚུལ་དུ་ཁྲིད་ཐབས་ཀྱི་བསླབ་གཞི་དང་། སློབ་ཁྲིད་ཐབས་ལམ། སློབ་དེབ་རྩོམ་སྒྲིག་བྱ་ཕྱོགས་སོགས་ལ་དགོངས་འཆར་གང་ཡོད། འདི་ལས་སུ་ཡིག་ཐོག་ནས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
- གོང་གསལ་སློབ་དེབ་ཁག་ནང་དག་ནོར་ཁག་ཅིག་བྱུང་འདུག་པར། བཟོད་གསོལ་དང་སྦྲགས། འདི་ནས་བཅོས་སྒྲིག་གིས་མཐའ་མའི་གཏན་འབེབས་སྐབས་དེ་རིགས་མི་ཡོང་བར་གཙོ་འདོན་ཞུ་རྒྱུ་བཅས།
ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༡༦ ཟླ་༨ ཚེས་༢ ལ།