༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡ དང་ ༢ ཉིན་གཉིས་རིང་བྱང་ཨ་རི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ལྔ་པར་གྲོས་འཆམ་བྱུང་བའི་གྲོས་ཆོད།
གོ་སྒྲིག་པ། བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་།
ཚོགས་ཡུལ་དང་མཐུན་འགྱུར་གནང་མཁན། མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པ།
- ཚོགས་འདུ་འདིའི་ཐོག་ནས་སྔོན་འགྲོ་དང་འཛིན་རིམ་དང་པོ། གཉིས་པ་བཅས་ཀྱི་སློབ་དེབ་རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་ལགས་དང་། ལས་རོགས་སྐལ་བཟང་དབྱངས་སྒྲོན་ལགས། བློ་བཟང་ཚེ་རིང་ལགས། སངས་རྒྱས་སྒྲོལ་མ་ལགས་རྣམས་དང་། འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་སློབ་དེབ་རྩོམ་སྒྲིག་པ་བྱམས་པ་མཁས་གྲུབ་ལགས་དང་། སྐལ་བཟང་ཚེ་རིང་ལགས། ཀརྨ་དངོས་གྲུབ་ལགས། སྐལ་བཟང་ཅུང་ལགས། བསྟན་འཛིན་རྡོ་རྗེ་ལགས། ཚེ་བརྟན་ཆོས་འབྱོར་ལགས་བཅས་ནས་སོ་སོའི་ལས་བྲེལ་ལ་མ་ལྟོས་པར་བོད་མི་རིགས་ཀྱི་ཆེད་དུ་དུས་ཚོད་ཆེད་བཏང་གིས་སློབ་དེབ་བརྩམས་གནང་བར་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཤེས་རིག་ལས་ཁུངས་དང་། འབྲེལ་ཡོད་བསྐྱར་ཞིབ་དང་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང་། ཨ་རི་དོན་ཁང་དང་འབྲེལ་ཡོད་དེའི་སྐབས་ཀྱི་ལས་བྱེད་ཚེ་དབང་ཕུན་ཚོགས་ལགས་དང་། ད་ལྟའི་ལས་བྱེད་བསྟན་འཛིན་དབྱིག་གཉེན་ལགས་ལ་ལེགས་གསོའི་བཀའ་དྲིན་ཆེ་ཞུ།
- ཚོགས་འདུའི་ཐོག་དམིགས་བསལ་འཛིན་རིམ་གཉིས་པའི་སློབ་དེབ་ནང་དག་ཡིག་དང་རྟགས་འཇུག བརྡ་སྤྲོད་དང་མ་མཐུན་པའི་གནད་དོན་ཁག་ཚོགས་མི་རྣམ་པས་དགོངས་ཚུལ་སྦྱང་བཤད་ཞུས་པར་གསལ་བཤད་ཀྱིས་དག་པ་རྣམས་ཕུད། གཞན་དགོངས་ཚུལ་བྱུང་བ་རྣམས་སློབ་དེབ་རྩོམ་སྒྲིག་པ་དང་། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ནས་བློ་ངེས་བྱུང་ཐོག སྐབས་འཕྲལ་བརྡ་སྤྲོད་དང་མ་མཐུན་པ་ཁག་བསྒྱུར་བཅོས་ཀྱིས་ཤེས་རིག་ལས་ཁུངས་ནས་དོན་ཁང་བརྒྱུད་ས་གནས་སོ་སོར་གཏོང་རྒྱུ།
- ས་གནས་ཁག་ཅིག་གིས་སློབ་དེབ་བསྐྱར་ཞིབ་དང་འགྲེམས་སྤེལ་ཟིན་པའི་སློབ་དེབ་ས་གནས་སུ་མ་བཏང་གོང་རགས་ཟིན་ཚོད་ལྟ་གནང་ཟིན་པ་ཁག་ཕུད། ས་གནས་གཞན་སོ་སོར་སྔོན་འགྲོ་དང་འཛིན་རིམ་དང་པོའི་སློབ་དེབ་རྣམས་ལག་བསྟར་ཞུ་རྒྱུ། འཛིན་རིམ་གཉིས་པའི་སློབ་དེབ་ནང་བརྡ་སྤྲོད་དང་མ་མཐུན་པའི་རིགས་ཕུད་གཞན་རྣམས་ཚོད་ལྟ་གནང་སྟེ་ས་གནས་སོ་སོའི་དགེ་རྒན་ཐུན་མོང་གི་བསམ་ཚུལ་ཇི་ཡོད་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༥ ནང་ཚུད་ཨ་རི་དོན་ཁང་བརྒྱུད་ཤེས་རིག་ལས་ཁུངས་སུ་འབུལ་ཐུབ་པ་དགོས་རྒྱུ་དང་། ཤེས་རིག་ལས་ཁུངས་ནས་ཟླ་བཞི་ནང་ཚུད་བསྐྱར་ཞིབ་གནང་འོས་གནང་སྟེ་མཐའ་མའི་གཏན་འབེབས་གནང་རྒྱུ།
- འཛིན་རིམ་གསུམ་པ་དང། བཞི་པ། ལྔ་པ་བཅས་ཀྱི་སློབ་དེབ་རྣམས་འཛིན་རིམ་དེ་དག་ཡོད་པའི་སློབ་གྲྭ་ཁག་ནང་ཚོད་ལྟ་གནང་རྒྱུ། དེ་དག་ནང་སྐྱོན་ཡོད་རིགས་ཕྱི་ལོ་ ༢༠༡༧ ཕྱི་ཟླ་དྲུག་པའི་ཟླ་མཇུག་སྔོན་ཨ་རི་དོན་ཁང་བརྒྱུད་ཤེས་རིག་ལས་ཁུངས་སུ་འབུལ་རྒྱུ།
- ཡིག་རྒྱུགས་གཏོང་ཕྱོགས་ཐད་གཅིག་མཚུངས་ཡོང་ཐབས་སུ་ཤེས་རིག་ལས་ཁུངས་ནས་ལམ་སྟོན་ལྟར་ས་གནས་སོ་སོས་གང་འགབ་ལག་བསྟར་གནང་རྒྱུ།
- ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ་ནང་ཟུར་ལྟའི་ཡིག་ཆ་ཁག་མང་དག་ཡོད་པ་ས་གནས་སོ་སོས་གང་ཐུབ་བེད་སྤྱོད་གནང་རྒྱུ།
- མཐུན་རྐྱེན་སྦྱོར་ཐུབ་མཚམས་འགུལ་རིས་ཐོག་ནས་ན་གཞོན་ཚོར་བོད་སྐད་ལ་དོ་སྣང་ཆེ་རུ་སླེབས་ཐུབ་ཐབས་བྱ་རྒྱུ།
- སྔོན་འགྲོ་ནས་འཛིན་རིམ་གསུམ་པའི་བར་གྱི་སློབ་དེབ་རྣམས་དབུ་ཅན་དང་དབུ་མེད་གཉིས་ཀའི་ནང་ཡོད་པ་ཤེས་རིག་ལས་ཁུངས་ནས་བཟོ་འགོད་གནང་རྒྱུ།
- སློབ་མ་ཚོས་བོད་ཀྱི་སྐད་ཡིག་སློབ་སྤེལ་ཐད་ཕ་མ་རྣམས་ནས་དོ་འཁུར་ཆེ་ཙམ་གནང་དགོས་པ་དང་། དེ་བཞིན་ཕ་མ་རྣམས་ལ་གོ་བཀོན་སློབ་གསོ་གནང་རྒྱུ།
- དགེ་རྒན་རྣམས་ལ་སློབ་འཁྲིད་ཐབས་ལམ་དང་འབྲེལ་བའི་སྐོར་ལ་ཟབ་སྦྱོང་དང་ཉམས་མྱོང་བརྗེ་རེས་གོ་སྒྲིག་ཞུ་ཐབས་གནང་རྒྱུ།
- ཕྱི་ལོ་ ༢༠༡༧ ལོའི་ཚོགས་འདུ་དྲུག་པ་ས་གནས་པོཊ་ལེན་ཌ་བོད་རིགས་སྤྱི་མཐུན་ཚོགས་པ་ནས་གོ་སྒྲིག་ཞུ་རྒྱུའི་སྤྱི་མོས་ཐུགས་གཏན་འཁེལ།