ཟླ་རེའི་གསར་འགྱུར།

རྒྱ་བལ་གཉིས་ཀྱི་གཞི་རིམ་བར་མའི་བོད་དགེ་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུགས་གནང་།

༄༅། །ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༤ ནས་ ༡༢ བར་གྱི་གཞི་རིམ་བར་མའི་བོད་དགེ་ཟབ་སྦྱོང་དང་པོ་དེ་མཇུག་བསྒྲིལ་ཟིན་ཏེ། ཕྱི་ཚེས་ ༡༦ ནས་ ༢༤ བར་གྱི་ཟབ་སྦྱོང་གཉིས་པ་དེ་ཡང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དབུ་འཛུགས་གནང་།
ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་ཡོན་སྡེ་ཚན་གྱི་འགན་འཛིན། འབྲེལ་ཡོད་ལས་བྱེད། ཚོགས་བཅར་བ་རྣམས་ལྷན་འཛོམས་བྱུང་བ་དང་། ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་ཟབ་སྦྱོང་གི་དམིགས་ཡུལ་དང་ཚོགས་བཅར་བ་ངོ་སྤྲོད་གནང་དོན།
ད་རེས་ཀྱི་ཟབ་སྦྱོང་སྔ་ཕྱི་གཉིས་ཀའི་དམིགས་ཡུལ་གཙོ་བོ་ནི་གཞི་རིམ་བར་མའི་སློབ་ཕྲུག་གི་འབྲི་རྩལ་གོང་མཐོར་གཏོང་ཐབས་ཉག་ཅིག་ཡིན་པར་སོང་། ས་རཱ་མཐོ་སློབ་ཀྱི་རྩོམ་རིག་དགེ་རྒན་གཉིས་ཀྱིས་གཙོ་བོར་གྱུར་པའི་དཔེ་སྟོན་སློབ་གྲྭ་སྟེང་ཤོད་གཉིས་ཀྱི་དགེ་རྒན་ཁག་གསུམ་ནས་ཉམས་མྱོང་བརྗེ་རེས་དང་། དྷ་ས་བོད་ཁྱིམ་བོད་ཡིག་རྒྱུས་སྟོན་པས་སློབ་ཕྲུག་ལ་བྱ་ཚིག་ཁྲིད་ཐབས། ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ནས་ཤེས་ཡོན་སྲིད་བྱུས་ཀྱི་ངོ་སྤྲོད་སོགས་ཁྱོན་བསྡོམས་ཉིན་གྲངས་བརྒྱད་རིང་ཆུ་ཚོད་གཅིག་དང་ཕྱེད་ཀ་ཅན་གྱི་ཚོགས་ཐུན་སུམ་ཅུ་ཐམ་པ་སློབ་ཁྲིད་གནང་རྒྱུ་ཡིན་པ་དང་། ཕྱི་དྲོ་ཆུ་ཚོད་གཅིག་དང་སྐར་མ་བཅོ་ལྔའི་རིང་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་འབྱུང་འགྱུར་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཐོག་གོ་བསྡུར་སྦྱངས་བཤད་དང་བསམ་འཆར་བསྡུ་ལེན་གནང་རྒྱུ་དང་། ཐེངས་འདིའི་ཟབ་སྦྱོང་ནང་བོད་ཁྱིམ་གཉིས་དང་སཾ་བྷོ་ཊ། བལ་ཡུལ་བཅས་ཀྱི་སློབ་ཁག་ ༡༢ ནས་དགེ་རྒན་བུད་མེད་ ༥ དང་དགེ་རྒན་བུ་ ༡༥ བཅས་ཁྱོན་བསྡོམས་དགེ་རྒན་ ༢༠ མཉམ་ཞུགས་གནང་ཡོད་པ་བཅས་ངོ་སྤྲོད་གནང་།
དེ་ནས་ཤེས་རིག་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། བོད་ཀྱི་སྐད་ཡིག་གལ་གནད་སྐོར་རྒྱུན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་མུས་ལྟར་ངས་བསྐྱར་ཟློས་ཞུ་མི་དགོས་པར། སྤྱིར་སློབ་ཕྲུག་གི་སྐད་ཡིག་ཡར་རྒྱས་གཏོང་རྒྱུའི་གཞི་རྩའི་ཆ་རྐྱེན་གལ་གནད་ཆེ་ཤོས་བཞི་ནི། ཉན་རྩལ་དང་། ཀློག་རྩལ། འབྲི་རྩལ། བཤད་རྩལ་བཅས་བཞི་ཡིན་པས། དེའི་ནང་ནས་སློབ་ཕྲུག་གི་འབྲི་རྩལ་གོང་མཐོར་གཏོང་ཐབས་སུ་རྒྱུན་དུ་ལས་རིམ་སྤེལ་དགོས་པ་ལས་སྐབས་ཐོབ་འབྲི་རྩོམ་འགྲན་བསྡུར་ལྟ་བུའི་ནང་གྲ་སྒྲིག་གང་ཡང་མེད་པར་འཛུལ་ཞུགས་བྱས་པ་ཙམ་གྱིས་རྩོམ་འབྲིའི་གནས་ཚད་མཐོར་འདེགས་ཐུབ་ཐབས་མེད་པ་དང་། དེ་ཡང་སློབ་གྲྭའི་ལོ་འཁོར་གཅིག་གི་ཤེས་ཡོན་དང་འབྲེལ་བའི་ལས་རིམ་ཆ་བགོས་སྐབས་དང་པོ་ཉིད་ནས་ཟླ་དུས་གཏན་འཁེལ་གནང་སྟེ་དུས་ཚོད་དངོས་གཞི་མ་སླེབས་བར་སྔོན་ཚུད་ནས་སློབ་ཕྲུག་ཚོར་འབྲི་རྩོམ་མང་པོ་འབྲིར་བཅུག་ན། ད་གཟོད་སློབ་ཕྲུག་ཚོར་འབྲི་རྩོམ་གྱི་གོམས་འདྲིས་ཅུང་ཟད་ཆགས་ཏེ་འབྲི་རྩལ་ཇེ་བཟང་དུ་འགྲོ་རྒྱུ་ཡིན། རྩོམ་གཞི་གང་འདྲ་ཞིག་ཐོག་འབྲི་དགོས་ཀྱང་། བརྗོད་གཞི་སྤྲད་མ་ཐག་ཏུ་རྩོམ་འབྲི་རུ་མ་བཅུག་པར་བརྗོད་གཞི་དེའི་ཐོག་རྒྱུས་ལོན་བྱ་རྒྱུའི་དུས་ཚོད་ངེས་ཅན་ཞིག་འབུལ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས།
དེ་ནས་ཁེ་ན་ཌ་གྷོ་ལོ་བལ་ཨེ་ཕེ་ཡར་སི་ལས་གཞིའི་འབྲེལ་མཐུད་པ་སྐུ་ཞབས་པོལ་ལགས་ཀྱིས་གསུང་དོན། ང་རང་དེ་སྔ་བོད་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དང་འབྲེལ་བའི་ཐོག་ལས་ཀ་བྱས་མྱོང་ཡོད་ལ། འོན་ཀྱང་ད་ལྟ་ལས་གཞི་འདིའི་འོག་དྷ་སར་སླེབས་པ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད། ཁྱེད་རང་ཚོས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་སོ་སོའི་རིག་གཞུང་སྲུང་སྐྱོབ་གནང་བཞིན་པར་ང་ཡང་ཁྱེད་ཚོའི་མཉམ་དུ་ལས་ཀ་བྱེད་རྒྱུ་བྱུང་བར་དགའ་པོ་བྱུང་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནས་ཚོགས་བཅར་བ་ཚང་མར་འཚམས་ཞུ་དང་སྦྲགས་བཀའ་སློབ་གནང་དོན། སྤྱིར་བོད་ཀྱི་སྐད་ཡིག་གལ་གནད་སྐོར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཙམ་མ་ཟད་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མང་ཚོགས་ལའང་བཀའ་སློབ་གནང་བཞིན་ཡོད་པ་དང་། འདས་པའི་ལོ་ཤས་སྔོན་ལ་སྤྱི་ཚོགས་ནང་འཛིན་རིམ་བཅུ་གཉིས་ཐོན་ཡང་བོད་ཨིན་ནང་སྙན་ཞུ་ཡང་འབྲི་གོ་མི་འཕེར་བའི་གསུང་སྐད་འཆོར་བཞིན་ཡོད་ཀྱང་། ༸གོང་ས་མཆོག་གི་བོད་ཀྱི་སྐད་ཡིག་གལ་གནད་ཐོག་བཀའ་སློབ་ཡང་ཡང་ཕེབས་པའི་ཉེར་ལེན་ལས་ད་ལྟའི་ཆར་ང་རང་ཚོའི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་ཐོག་དོ་དབྱིངས་ཆེ་རུ་སོང་ཡོད་པ་མ་ཟད། སློབ་གྲྭ་ཁག་ནང་བོད་ཡིག་གི་གནས་ཚད་ཀྱང་ཅུང་ཡར་རྒྱས་ཀྱི་རྣམ་པ་ཞིག་མངོན་བཞིན་འདུག  སྤྱིར་ང་ཚོས་དུས་ཚོད་བསྐྱལ་ཏེ་སྡོད་ཀྱི་མེད་རུང་། གལ་ཏེ་སོ་སོའི་ཕྲག་པར་བབས་པའི་ལས་འགན་དེའི་ཐོག་གྲུབ་འབྲས་འབུར་དུ་ཐོན་པ་ཞིག་བཟོ་མི་ཐུབ་ན་སོ་སོའི་ལས་འགན་སྒྲུབ་ཕྱོགས་ཐད་ཅུང་ཟད་འཐུས་ཤོར་འགྲོ་གི་ཡོད་པས། ངེས་པར་དུ་ང་ཚོ་ཚང་མས་སོ་སོར་འགན་ཡོད་པའི་ལས་ཀ་དེ་ཉིད་ནུས་པ་ཐོན་ཐབས་སུ་སྔར་ལྷག་ཧུར་བསྐྱེད་གནང་རོགས་གསུངས། སྐད་ཡིག་ཡར་རྒྱས་གཏོང་དགོས་ན་སྐད་ཡིག་དེ་ཉིད་བེད་སྤྱོད་གང་མང་གནང་དགོས་ཤིང་། སྤྱིར་འཛམ་བུ་གླིང་ནང་སྐད་ཡིག་མང་པོ་ཡོད་པའི་ནང་ནས་སྐད་ཡིག་དྲུག་བདུན་ཙམ་ལས་གཞན་སྐད་ཡིག་མང་པོ་ཞིག་བེད་སྤྱོད་བྱེད་མཁན་ཉུང་བའི་རྐྱེན་གྱིས་འབྱུང་འགྱུར་ལོ་ལྔ་ནས་བཅུ་ནང་འཇིག་ལ་ཉེ་བའི་སྐོར་གསུང་བཞིན་ཡོད་ལ། ང་ཚོའི་བོད་ཀྱི་སྐད་ཡིག་ནི་དེ་འདྲའི་ཉེན་ཚབས་ཀྱི་གནས་སྟངས་ཤིག་ལ་ཐུག་མེད། འོན་ཀྱང་འབྱུང་འགྱུར་ལོ་མང་པོའི་རྗེས་ལ་དེ་འདྲའི་གནས་སྟངས་ཤིག་ཡོང་རྒྱུའི་ཕྱི་ནང་གི་འགལ་རྐྱེན་ཞིག་ང་ཚོར་ཚང་ཡོད་པར་མངོན། ཕྱིའི་འགལ་རྐྱེན་ནི་བོད་ནང་རྒྱ་མིས་བོད་ཀྱི་སྐད་ཡིག་རིག་གཞུང་ཐོག་བཀག་འགོག་ཤུགས་ཆེར་བྱེད་བཞིན་པར་ང་ཚོ་བོད་ཀྱི་རྒྱལ་ཞེན་སྙིང་སྟོབས་ཅན་མང་པོས་དེར་གདོང་ལེན་བྱེད་ཀྱི་ཡོད་པ་མ་ཟད། ཐ་ན་སློབ་ཕྲུག་ཚོས་ཀྱང་སོ་སོའི་སྐད་ཡིག་གི་སྲུང་སྐྱོབ་དང་དར་སྤེལ་སླད་རྒྱ་མིའི་དྲག་གནོན་ལ་གདོང་ལེན་བྱེད་བཞིན་ཡོད། ནང་གི་འགལ་རྐྱེན་ནི་བཙན་བྱོལ་ལ་ཡོད་པའི་བོད་མི་ཚོར་རང་དབང་ཡོད་ཀྱང་བོད་ཀྱི་སྐད་ཡིག་ལ་སྣང་ཆུང་དང་མཐོང་ཆུང་ལྟ་བུར་བྱེད་བཞིན་འདུག་པས། ང་ཚོར་ཕྱི་ནང་གཉིས་ཀའི་འགལ་རྐྱེན་འཛོམས་བསྡད་པ་ཞིག་ཏུ་མངོན། ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་པ་ཚོས་བོད་ཡིག་ཐད་ཤུགས་མ་བརྒྱབ་པ་ཡིན་ན་ང་ཚོ་བོད་ཀྱི་སྐད་ཡིག་དེ་ཉག་ཕྲ་བོ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་འདུག་གསུངས།
ཕྱི་རྒྱལ་ཁག་ནང་བོད་བརྒྱུད་ནང་བསྟན་ལ་དོ་དབྱིངས་ཆེ་རུ་ཕྱིན་ཏེ་རྒྱལ་ཁབ་འདྲ་མིན་ནང་ཆོས་ཚོགས་ཀྱང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟ་བུ་ཁྱབ་གདལ་དུ་འགྲོ་བཞིན་ཡོད་ཀྱང་། ཁོང་ཚོས་ནང་ཆོས་ལ་སློབ་གཉེར་བྱེད་པ་དེ་ཡང་བོད་ཡིག་བརྒྱུད་ནས་མ་བྱས་པར་སོ་སོའི་སྐད་ཡིག་ཐོག་ནས་བྱེད་ཀྱི་ཡོད་པར་སོང་། ང་ཚོའི་ནང་ཆོས་དེ་གོང་འཕེལ་དུ་འགྲོ་ངེས་པས་དེ་ཡང་ང་ཚོར་གཏམ་བཟང་ཞིག་ཡིན་ནའང་། ང་ཚོའི་བོད་ཀྱི་སྐད་ཡིག་ནི་ང་ཚོ་བོད་མི་ས་ཡ་དྲུག་རང་གིས་བདག་པོ་རྒྱག་དགོས་པས་ང་ཚོར་འགན་ཆེ་ཤོས་ཤིག་ཡིན། དེ་སོང་ཙང་འབྱུང་འགྱུར་ལོ་གསུམ་ནས་ལྔ་བར་བཙན་བྱོལ་ནང་བོད་ཡིག་དེ་ཧྲ་ཐག་ཐག་ཅིག་བཟོ་དགོས་བསམ་པའི་སེམས་ཤུགས་ཡོད། འོན་ཀྱང་ང་ཚོའི་སེམས་ཤུགས་གཅིག་པུས་མ་འགྲིགས་པར་དགེ་རྒན་ཚོས་ཀྱང་ཤུགས་ཤིག་ངེས་པར་དུ་རྒྱག་དགོས་ཀྱི་འདུག ཕ་མ་ཚོ་ལའང་དེ་བཞིན་རེ་སྐུལ་ཞུ་བཞིན་ཡོད། དགེ་རྒན་དང་སློབ་ཕྲུག་ལྟ་ཅི་འཛིན་སྐྱོང་དང་ཕ་མ་བཅས་ཕྱོགས་བཞི་ཀ་ནས་མཉམ་རུབ་ཀྱིས་ཤུགས་ཤིག་རྒྱབ་པ་ཡིན་ན་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཏན་ཏན་གཏོང་ཐུབ་པ་འདུག་སྙམ། ཉེ་སྔོན་ང་ཚོས་འཛིན་རིམ་ལྔ་པ་ཡོངས་རྫོགས་ཀྱི་སྤྱི་རྒྱུགས་ཤིག་བཏང་སྟེ་སྤྱི་ཡོངས་ནས་གང་ལེགས་བྱུང་འདུག་ཀྱང་། བོད་ཨིན་ལྟ་བུར་མཚོན་ན་བརྡ་སྤྲོད་ཀྱི་སྡེ་ཚན་དེ་བརྒྱ་ཆ་མཐོ་པོ་སོན་ཡོད་ཀྱང་། འབྲི་རྩོམ་གྱི་སྡེ་ཚན་དེ་ཙམ་གྱིས་ཡག་པོ་བྱུང་མེད་པར་སོང་། ད་ཕན་ང་ཚོས་འབྲི་རྩལ་ཐད་འཐུས་ཤོར་ཕྱིན་ཡོད་པར་མངོན་གསལ་དོད་པོ་ཡིན་པས། མ་འོངས་པར་འབྲི་རྩལ་ཐད་ངེས་པར་དུ་ཤུགས་རྒྱག་དགོས་པ་ཡིན།
སློབ་ཕྲུག་གི་མདུན་ལམ་ནང་དགེ་རྒན་གྱི་འགན་ཁུར་ཆེ་ཚུལ་སྐོར་ཞུ་ན། སྔོན་མ་གསར་འགྱུར་འགོད་མཁན་ཞིག་ལ་ཚན་རིག་པ་མཁས་པ་ཁག་གི་ལོ་རྒྱུས་ཞིབ་འཇུག་བྱེད་རྒྱུའི་ལས་འགན་ཞིག་སྤྲད་དེ། གསར་འགོད་པ་དེས་ཚན་རིག་ཐོག་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་ནས་བཟུང་སློབ་གྲྭའི་ཕྲུ་གུ་ཚན་རིག་ཐོག་དམིགས་བསལ་རྣམ་དཔྱོད་ལྡན་པ་མི་བརྒྱ་སྐོར་ཞིག་ལ་ཚན་རིག་ཐོག་དོ་དབྱིངས་ཇི་ལྟར་སླེབས་པའི་སྐོར་འདྲི་བརྩད་བྱེད་སྐབས་ཁག་ཅིག་གིས་ངའི་དགེ་རྒན་གྱིས་ང་ལ་ཚན་རིག་སློབ་ཁྲིད་སྐབས་སྤྲོ་སྣང་ལྡན་པ་བཟོས་ཚུལ་དང་། ཡང་ཁག་ཅིག་གིས་ངའི་དགེ་རྒན་གྱིས་ང་ལ་དམིགས་བསལ་ཐུགས་སྣང་གནང་བར་བརྟེན་ང་འདི་ལྟར་ཆགས་སོང་ཞེས་ཚན་རིག་པ་སུས་ཀྱང་སློབ་ཚན་ཁོ་རང་སྤྲོ་སྣང་ལྡན་པ་ཡིན་ཚུལ་མ་བཤད་པར། དགེ་རྒན་གྱིས་ཚན་རིག་སློབ་ཚན་དེ་སྤྲོ་སྣང་ལྡན་པ་བཟོས་སོང་ཞེས་བཤད་ཡོད་པར་སོང་། དགེ་རྒན་ནི་སློབ་ཕྲུག་ཅིག་གི་མི་ཚེའི་མདུན་ལམ་གྱི་ཁ་ཕྱོགས་སྟོན་མཁན་གྱི་མི་སྣ་གཙོ་བོ་དེ་ཡིན་པར་ར་འཕྲོད་ཐུབ་ཀྱི་ཡོད་པ་རེད། དེས་ན་ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་ནང་རྒྱུ་རྐྱེན་འཛོམས་པར་འབད་བརྩོན་ཞུ་མུས་ཡིན་པས། ཕྱོགས་གཞན་ནས་དགེ་ལགས་རྣམ་པས་མཉམ་རུབ་ཀྱི་ནུས་ཤུགས་ཕྱོགས་གཅིག་ཏུ་སྤུང་ཐུབ་ཚེ། སློབ་གྲྭ་ཁག་ནང་ཤེས་ཡོན་གྱི་ལོ་ཏོག་སྨིན་པར་གདོན་མི་ཟ་བས། དཔེར་ན། གཞི་ཞིང་ས་སྐྱོན་མེད་བཟང་དང་གཅིག རྒྱུ་ས་བོན་ནུས་པ་ལྡན་དང་གཉིས། རྐྱེན་ཆུ་ལུད་དྲོད་གཤེར་འཛོམས་དང་གསུམ། ཆོས་དེ་གསུམ་ཚོགས་ཤིང་དུས་བབས་ན། ལོ་ཏོག་ལ་མི་ལེགས་པའི་རང་དབང་མེད། ཅེས་གསུངས་པ་ལྟར་རྒྱུ་རྐྱེན་ནི་འཛིན་སྐྱོང་དང་སློབ་གྲྭའི་དགེ་སློབ། ཕ་མ་བཅས་ཚང་མ་ཚུད་ཀྱི་ཡོད་པས་མཉམ་རུབ་ཀྱི་ནུས་པ་འདོན་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་ཟབ་ཅིང་རྒྱས་པ་གནང་།

སྔོན་མ།
རྒྱ་བལ་གཉིས་ཀྱི་གཞི་རིམ་བར་མའི་བོད་དགེའི་ཟབ་སྦྱོང་དང་པོ་མཇུག་བསྒྲིལ།
ཕྱི་མ།
དཔེ་རིས་ཅན་གྱི་ཨང་རྩིས་ཚིག་མཛོད་བསྐྱར་ཞིབ་དང་གཏན་འབེབས་ཚོགས་འདུ།