༄༅། ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བྱིས་པའི་ཀློག་རྩལ་ཡར་རྒྱས་གཏོང་ཐབས་སུ་ལས་འཆར་གང་མང་ཞིག་སྤེལ་ཡོད་པའི་ཁོངས། རྒྱལ་ཁབ་གཞན་གྱི་གྲགས་ཅན་བྱིས་སྒྲུང་བོད་ཡིག་ཐོག་བསྒྱུར་རྒྱུའི་ལས་གཞི་བརྩམས་ནས། རང་རིགས་གཞོན་སྐྱེས་ཁག་ཅིག་ལ་བྱིས་སྒྲུང་ཕབ་སྒྱུར་གྱི་སྦྱོང་བརྡར་སྤྲད་དེ། ཁོང་རྣམས་ཀྱིས་བསྒྱུར་བའི་བྱིས་སྒྲུང་ཁག་ལ་ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་དང་ཇུས་འགོད་ཀྱིས། མཐར་སྒྲུང་དེབ་ཡོངས་རྫོགས་དབུ་ཅན་དང་དབུ་མེད་གཉིས་ཐོག་འདོན་སྤེལ་ཞུས་ཡོད་འདུག
དེ་ཡང་རྒྱ་གར་གྱི་ཤེས་ཡོན་བསྟི་གནས་ཨེཀ་ལ་བི་ཡ་ (Eklavya) ཡིས་རྩོམ་སྒྲིག་བྱས་པའི་སྒྲུང་དེབ་<<གྲུ་ཆུང་ཆུང་།>>དང་། <<ང་ཡང་།>> <<ཙི་ཙི་དང་ཞ་སྨྱུག>> <<བུ་མོ་ལྷ་མོ་དང་ཞི་མི་ཨ་མོ།>> <<ཞིམ་ཕྲུག་གསུམ།>> བཅས་སྒྲུང་དེབ་ལྔ་ས་རཱ་བོད་ཀྱི་པར་ཁང་ནས་པར་སྐྲུན་ཞུས་པ་དང་། དེ་རྗེས་ཨེཀ་ལ་བི་ཡ་ཡིས་<<གསལ་སྒྲོན་དང་དཔལ་སྒྲོན།>> དང་། <<ས་བོན་འདེབས་པ།>> གཉིས་པར་སྐྲུན་ཞུས་པ་དང་། བྱིས་པའི་དཔེ་དེབ་ཐེབས་རྩ་ཁང་(CBT) གིས་<<ཆུ་ཕོར་པ་གང་།>> དང་། <<གླང་ཆེན་སྟོབས་ལྡན།>> <<རྨོ་མོ་དང་ཁྭ་ཏ།>> བཅས་པར་སྐྲུན་ཞུས་པ། རྒྱལ་ཡོངས་དཔེ་དེབ་ཐེབས་རྩ་ཁང་(NBT) གིས་<<སྨུག་པའི་བུ་སྤེན་པ།>> དང་། <<ཁང་གླ་གཏོང་རྒྱུ་ཡོད།>> ཅེས་པ་པར་སྐྲུན་གྱིས། བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་ལ་རིན་མེད་འགྲེམས་སྤེལ་ཞུས་དང་ཞུ་མུས་ཡིན་འདུག
ད་ལྟའི་ཆར་རོལཌ་ཌལ་ཡིས་བརྩམས་པའི་གྲགས་ཅན་སྒྲུང་དེབ་<<གཟུགསྟོབས་ཆེ་བའི་ཆུ་སྲིན།>> དང་། སུ་པར་ན་སེེངྒེའི་<<སྟག་ཕྲུག་ཆུང་ཆུང་།>> ཇེ་རོལཌ་རོ་སི་ཡི་<<སྟག་ལྤགས་ཀྱི་གདན།>> རིན་ཆེན་གྱི་<<ང་ཞི་མི་ཡིན།>> ཌན་མག་གི་དམངས་ཁྲོད་སྒྲུང་གཏམ་<<ཞི་མི་རྒྱགས་པ།>> ཏ་ཤི་ལིན་གྱི་<<ང་དོམ་ཡིན།>> ཞེས་པ་སོགས་པར་སྐྲུན་བྱེད་བཞིན་ཡོད་ཅིང་། རིང་མིན་སློབ་གྲྭ་ཁག་ལ་འགྲེམས་སྤེལ་ཞུ་འཆར་ཡོད་འདུག
དེ་བཞིན་པཊ་ཧད་ཆིན་གྱིས་བརྩམས་པའི་<<ང་ཚོ་གླིང་ཀ་གཏོང་དུ་འགྲོ་ཡི་ཡོད།>>དང་། <<བྱ་མོ་སྐྱིད་འཛོམས་འཆམ་འཆམ་དུ་ཕྱིན་པ།>> <<ཕག་ཤ་སྐམ་པོ་མ་རྗེད།>> སོགས་ཕབ་སྒྱུར་དང་རྩོམ་སྒྲིག་ཟིན་ནས་རིང་མིན་པར་སྐྲུན་དང་འགྲེམས་སྤེལ་ཞུ་འཆར་ཡོད་འདུག གོང་གསལ་བྱིས་སྒྲུང་བོད་སྒྱུར་དང་པར་སྐྲུན་གྱི་ལས་འཆར་འདི་བཞིན་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རིའི་རོགས་དངུལ་(USAID) ཁོངས་ནས་རོགས་སྐྱོར་ཐོབ་པ་ཞིག་ཡིན་འདུག