༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༩ ཉིན་རྒྱབ་ཆུ་ཚོད་ ༡༢།༣༠ ཐོག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དིམཱཔུར་ས་གནས་སུ་ཕེབས་འབྱོར་སྐབས་མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་ལས་ཚབ་ལས་དྲུང་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་འོས་བསྡུའི་ཚོགས་གཙོ་བཅས་ནས་ཕེབས་བསུ་ཞུས། ཉིན་རྒྱབ་ཆུ་ཚོད་ ༤ ནས་དིམཱཔུར་གནས་སྡོད་བོད་མིའི་ཁྲོམ་རྭར་གཟིགས་ཞིབ་ཀྱིས་འཚོ་བ་རང་སྐྱོང་གི་གནས་སྟངས་སྐོར་གསན་བཞེས་ཐོག་གོ་བསྡུར་ལྷུག་པོ་གནང་།
ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་དིམཱཔུར་ས་གནས་མི་མང་ཚང་འཛོམས་སར་བཀའ་བློན་མཆོག་གིས་སེར་སྐྱ་མང་ཚོགས་ལ་བཀའ་ཤག་སྐབས་ ༡༥ ལྔ་དང་ལྔ་བཅུའི་སྲིད་བྱུས་སྐོར་འགྲེལ་བརྗོད་གཏིང་ཟབ་གནང་བ་མ་ཟད། དེ་ལྟར་གྲུབ་འབྲས་ལེགས་ཐོན་ཡོང་ཆེད་བོད་མི་ཡོངས་ནས་རྣམ་དཔྱོད་ལྡན་པའི་སྒོ་ནས་ཉམས་ལེན་གནང་དགོས་རྒྱུ་དང་། ཤེས་ཡོན་མེད་ན་ཡོང་ཐབས་རྩ་བ་ནས་མེད་པས་ཕ་མ་ཚོས་འགན་ཁུར་ཆེ་བཞེས་ཀྱིས་སོ་སོའི་ཕྲུ་གུར་ཤེས་ཡོན་སློབ་གསོ་གནང་གལ་ཆེ་བའི་སྐོར་དང་། འཕྲོད་བསྟེན་གལ་ཆེ་ཡིན་པ་དང་ནད་རིགས་སྔོན་འགོག་ཐད་ཐུགས་སྣང་དགོས་རྒྱུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དེང་དུས་ཀྱི་བོད་ཕྲུག་ན་གཞོན་སློབ་སྦྱོང་གནང་མུས་རིགས་དང་རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བོད་མིའི་གཞིས་ཆགས་དང་ཁ་འཐོར་བོད་ཕྲུག་སུ་འདྲ་ཞིག་རྒྱ་གར་མཐོ་སློབ་རྩེ་ཕུད་ནང་སློབ་འཇུག་གོ་སྐབས་ཐོབ་ཚེ་སློབ་ཡོན་ཆེད་ཧིན་སྒོར་འབུམ་གསུམ་བར་མཐུན་འགྱུར་གནང་རྒྱུ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་ནང་མི་དཔལ་འབྱོར་ཞན་པའི་རང་རེའི་བོད་ཕྲུག་ཚོར་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བའི་ཆེད་དུ་ཡིན་ལ། འབྱུང་འགྱུར་རྒྱ་གར་རྒྱལ་ཡོངས་ནང་ཡུལ་མི་ཚོ་དང་འདྲ་མཉམ་ཐོག་མཐོ་སློབ་རྩེ་ཕུད་ནང་སློབ་སྦྱོང་མུ་མཐུད་གནང་ཐབས་ཀྱི་གོ་སྐབས་བཟང་པོ་དང་མ་འོངས་སོན་རྩ་ཚོར་མིག་དཔེ་དང་སེམས་ཤུགས་སྐྱེད་ཆེད་ཡིན།
བོད་མི་རིགས་ཀྱི་མི་འབོར་འཕེལ་རྒྱས་ཆེད་བོད་མི་ཡོངས་ནས་འགན་ཁུར་ཆེ་བཞེས་དགོས་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ནས་ཕྲུ་གུ་མང་བའི་ཁྱིམ་ཚང་ཚོར་བུ་ཕྲུག་གསོ་སྐྱོང་དང་ཤེས་ཡོན་ཐོག་དམིགས་བསལ་མཐུན་རྐྱེན་མང་པོ་སྤྲོད་རྒྱུའི་གོ་སྐབས་ཕུལ་ཡོད་པའི་སྐོར་དང་། བོད་ཀྱི་བུད་མེད་ཡོངས་ནས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ནང་འགོ་ཁྲིད་ཀྱི་འགན་ཁུར་གང་མང་བཞེས་རྒྱུ་སོགས་བུད་མེད་ནུས་ཤུགས་གོང་སྤེལ་དང་འབྲེལ་བའི་གསུང་བཤད་ཟབ་རྒྱས་གནང་།
ལྷག་པར་བོད་མི་ཚོས་༸གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་དྲིན་དང་། བོད་མིའི་སྒྲིག་འཛུགས། རང་ཉིད་བོད་པ་ཡིན་པ། བོད་པའི་སྐད་ཡིག བོད་མི་རིགས་ཀྱི་བཟང་སྤྱོད་སོགས་གལ་ཆེ་ཡིན་པ་བོད་མི་ཚོས་དུས་རྟག་ཏུ་སེམས་སུ་བཅངས་དགོས་པ་བཅས་བརྗེད་དུ་མི་རུང་བ་ལྔའི་སྐོར་གསུང་བཤད་གནང་། །