ཟླ་རེའི་གསར་འགྱུར།

རང་གི་རྒྱུན་སྤྱོད་ཀྱི་བསམ་བློ་དང་ལྷན་དུ་འགྲོ་མཁན་གྱི་སྐད་ཡིག་དེ་རང་སྐད་འཇོག་དགོས་པ་འདི་ཤེས་ཡོན་སྲིད་བྱུས་ཀྱི་གཞི་རིམ་ལྟ་གྲུབ་ཅིག་ཡིན།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༤ ནས་ ༢༦ བར་ཉིན་གྲངས་གསུམ་རིང་ཤེས་ཡོན་འགན་འཛིན་དང་རྒྱུས་སྟོན་པའི་ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་ལ་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་ཀྱི་སྤྱི་ཡོངས་བྱེད་སྒོ་ལམ་སྟོན་སྐོར་ཟབ་རྒྱས་དང་དོགས་འདྲི་ཁག་བཀའ་ལན་གནང་།
བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན།   ཕ་སྐད་གཙོ་བོ་བྱེད་དགོས་པ་འདི་ཤེས་ཡོན་སྲིད་བྱུས་ཀྱི་གཞི་རིམ་ལྟ་གྲུབ་ཡིན།  སྐད་ཡིག་གཞན་བསླབ་མི་ཆོག་ཅེས་རྩ་བ་ནས་བརྗོད་ཀྱི་མེད། སྐད་ཡིག་གཞན་ཇི་ཙམ་བསླབས་ཀྱང་སློབ་དགོས་པ་དང་ཆོག་པ་ཞིག་ཀྱང་རེད། འོན་ཀྱང་རང་གི་རྒྱུན་སྤྱོད་ཀྱི་བསམ་བློ་དང་ལྷན་དུ་འགྲོ་མཁན་གྱི་སྐད་ཡིག་དེ་རང་སྐད་བཞག་དགོས། གལ་སྲིད་མི་རིགས་གཅིག་གནས་དགོས་ན། བོད་མི་རིགས་ཀྱི་ཐོབ་ཐང་རྩོད་དགོས་ན། བོད་མི་རིགས་ཀྱི་གནའ་བོའི་རིག་གཞུང་ཤེས་དགོས་ན། བོད་མི་རིགས་ཀྱི་གནའ་བོའི་རིག་གཞུང་འཛིན་སྐྱོང་བྱེད་ཐུབ་པ་ཞིག་ཆགས་དགོས་ན། སྐད་ཡིག་དེ་ཆུང་དུས་ནས་གཟབ་གཟབ་བྱ་རྒྱུ་གལ་ཆེན་ཡིན་པ་ཚང་མས་མཁྱེན་དགོས་པ་ཞིག་རེད།  དེ་རིང་ཁ་སང་མང་པོ་ཞིག་གིས་མི་རིགས་ཞེས་མང་པོ་བརྗོད་བཞིན་ཡོད།  ང་ཚོ་རྒྱ་གར་དུ་སླེབས་མཚམས་བོད་པའི་སློབ་ཕྲུག་དེ་དག་མ་འོངས་བོད་མི་རིགས་ཀྱི་སོན་རྩ་ཡིན། ཞེས་ཁ་ལ་འཇགས་ཡོད།  སོན་དེ་གཙང་མ་ཞིག་བཞག་དགོས་པ་རེད་མ་གཏོགས་སོན་དེ་རྫས་བསྒྱུར་བྱས་པ་ཞིག་ཡིན་ན་སྟོན་ཐོག་གསར་པ་སྐྱེ་རྒྱུ་དེའང་རྫས་བསྒྱུར་བྱས་པ་ཞིག་སྐྱེ་རྒྱུ་རེད།  འགྱུར་བཅོས་བཏང་བཞག་པ་ཞིག་སྐྱེས་པ་མ་གཏོགས་གཙང་མ་ཞིག་སྐྱེ་རྒྱུ་མ་རེད།
བོད་མི་རིགས་འདི་མི་རིགས་གཞན་ལས་ཟུར་དུ་དབྱེ་བ་འབྱེད་ཐུབ་པ་ཞིག་དང་། མི་རིགས་ཀྱི་གནས་བབ་གཅིག་མཚོན་ཐུབ་པ་ཞིག་དགོས་ན་ཤེས་ཡོན་དང་ལེགས་བྱང་ཐམས་ཅད་ཀྱི་གཞི་རྩར་གྱུར་བའི་སྐད་ཡིག་འདི་ཕྱོགས་ཐམས་ཅད་ནས་སྲུང་སྐྱོབ་བྱེད་དགོས་པ་ཞིག་ཡིན།  ཕྱོགས་ཐམས་ཅད་ནས་སྲུང་སྐྱོབ་བྱ་རྒྱུ་དེའང་ལོ་ན་ཆུང་ཤོས་ཀྱི་གནས་སྐབས་ནས་སྲུང་སྐྱོབ་བྱེད་དགོས་པ་ཞིག་ཡིན་པ་གལ་ཆེན་པོ་རེད།  སློབ་ཚན་གང་འདྲ་བཞག་མིན་དང་འཛིན་གྲྭ་གང་འདྲ་ཚོགས་མིན།  ཡིག་རྒྱུགས་གང་འདྲ་གཏང་མིན་ལ་སོགས་པ་ཡན་ལག་གི་རྣམ་གྲངས་ལྟ་བུ་རེད། གཙོ་བོ་ནི་ང་ཚོའི་ལྟ་སྟངས་འདི་གལ་ཆེན་པོ་རེད། ཨིན་སྐད་ནང་ Perception ཟེར་བ་དང་། ཡང་ན་ viewpoint ཡང་བརྗོད།   Perception ཟེར་བ་འདི་མངོན་སུམ་ལ་བསྒྱུར་བ་ཡིན་ན་ཏོག་ཙམ་ཁྱབ་ཆུང་དྲགས་པ་རེད། གནས་ཚུལ་ཚང་མའི་ཐོག་ལ་ང་ཚོས་ལྟ་སྟངས་ཤིག་བཟུང་དགོས་པ་གལ་ཆེན་པོ་རེད། ལྟ་སྟངས་ཤིག་བཟུང་རྒྱུ་དེ་ང་ཚོའི་གཤིས་ཀ་ལའང་དགོས།  དེའི་ཐོག་ཕྱི་ནས་ཤུགས་རྐྱེན་ཡང་མང་པོ་ཞིག་ཡོང་བཞིན་ཡོད་པ་བརྗོད་མེད་རེད། དེར་བརྟེན་དེའི་ནང་སྤྱིར་གནད་འགག་ཆེ་བ་མང་པོ་ཞིག་ཡོད་ཀྱང་གཙོ་ཆེ་ཤོས་སློབ་སྦྱོང་གི་དམིགས་ཡུལ་ལ་ལྟ་སྟངས། སློབ་སྦྱོང་གི་ཐབས་ལམ་ལ་ལྟ་སྟངས། སློབ་ཕྲུག་ལ་ལྟ་སྟངས་བཅས་འདི་གསུམ་གལ་ཆེ་བ་ཆགས་ཡོད།
སློབ་སྦྱོང་གི་དམིགས་ཡུལ་འདི་བསྡོམས་བརྒྱབ་ནས་ཞུ་ན། དེང་རབས་དང་སྲོལ་རྒྱུན་གཉིས་རེད།  དེང་རབས་ཀྱི་ལྟ་སྟངས་འདི་ཤེས་ཡོན་སློབ་སྦྱོང་བྱས་ནས་མི་ཚེའི་ནང་དཔལ་འབྱོར་འདུ་འགོད་ཇི་ཙམ་བྱེད་ཐུབ་རྒྱུ་རེད། གཡོག་རྒྱུག་ནས་ཕོགས་ཇི་ཙམ་ལེན་ཐུབ་རྒྱུ་རེད།  ཕོགས་མཐོ་ཤོས་བླང་ཐུབ་མཁན་དེ་སློབ་སྦྱོང་གི་གནས་ཚད་མཐོ་ཤོས་སུ་བརྩི་རྒྱུ་རེད། དེར་བརྟེན་སློབ་སྦྱོང་གི་དམིགས་ཡུལ་ལ་ལྟ་སྟངས་འདི་འཚོ་ཐབས་ཀྱི་དོན་དུ་སློབ་སྦྱོང་བྱེད་ཀྱི་ཡོད་དམ། ཡང་ན་མ་རིག་པའི་མུན་པ་སངས་ནས་ཤེས་ཡོན་གྱི་བློ་གྲོས་རྒྱས་པ་ཞིག་དང་མི་དེར་ཤེས་ཡོན་དང་བློ་གྲོས་ལྡན་པ་ཞིག་བཟོ་རྒྱུའི་དོན་དུ་སློབ་སྦྱོང་བྱེད་ཀྱི་ཡོད་པའི་ལྟ་སྟངས་གཉིས་པོ་དེ་ཧ་ཅང་མི་འདྲ་བ་རེད། ནུབ་ཕྱོགས་སུ་འགྱུར་བ་ཧ་ཅང་འགྲོ་བཞིན་འདུག  ང་ཚོའི་གནས་ཚང་རྒྱ་གར་ནང་གི་ཤེས་ཡོན་གྱི་དམིགས་ཡུལ་ལ་ལྟ་སྟངས་འདི་གཡོག་རྒྱུག་རྒྱུའི་བསམ་ཚུལ་དེ་རང་རེད།
དེར་ཁག་མེད་མེ་ཀོ་ལི་ Macaulay ཡིས་ཤེས་ཡོན་སྲིད་བྱུས་ཐོག་མ་བཟོ་བའི་སྐབས་ནས་རྒྱ་གར་གྱི་ནང་ལ་གྲལ་རིམ་གསར་པ་ཞིག་བསྐྲུན་དགོས་ཀྱི་འདུག གྲལ་རིམ་གསར་པ་དེ་གང་འདྲ་ཞིག་དགོས་བརྗོད་ན། པགས་པའི་མདོག་དེ་རྒྱ་གར་མ་གཏོགས་གཞན་བསམ་བློ་གཏོང་སྟངས་དང་སྐད་ཆ་ཤོད་སྟངས། འདུན་པ་འཁྱེར་སྟངས་ liking, disliking attitude ཚང་མ་ཨིན་ཇི་རང་ཡིན་པ་ཞིག་བསྐྲུན་དགོས་ཀྱི་འདུག ཅེས་ཐག་གཅོད་བྱས་ཡོད། འདི་ངས་བྱུང་རྒྱལ་དུ་བཤད་པ་ཞིག་མ་རེད། གྲོས་ཆོད་བཞག་ཡོད། མེ་ཀོ་ལི་ Macaulay ཟེར་མཁན་དེ་བོད་དུའང་བསྐྱོད་གྲབས་བྱས་ཡོད།  བོད་དུ་གླང་པོ་ཆེ་བཅུ་འཁྱེར་ནས་འགྲོ་གྲབས་བྱས་ཀྱང་ཕྱིན་མེད། ཁོང་གིས་རྒྱ་གར་གྱི་ཐོག་མའི་ཨིན་སྐད་ནང་ཤེས་ཡོན་སྤྲོད་རྒྱུ་དེ་མ་རྩ་ཐོག་མ་འཛུགས་མཁན་དེ་རེད། དེ་འདྲའི་སློབ་གསོ་ཞིག་སྤྲད་པ་ཡིན་ན་ང་ཚོ་མིའི་ནུས་པ་མི་དགོས་པར་ཨིན་ཡུལ་ནས་འདིར་ཡོང་ནས་དབང་སྒྱུར་བྱེད་མི་དགོས་པར་ཁོང་ཚོར་གླ་ཕོགས་ཡག་པོ་ཞིག་སྤྲད་པ་ཡིན་ན་ཨིན་ཇིའི་གཞུང་དང་ཨིན་ཇིའི་རྒྱལ་པོའི་མངོན་འདོད་ཡོངས་སུ་རྫོགས་པ་ཁོང་ཚོས་བསྒྲུབ་རྒྱུ་རེད། ཅེས་བཤད་ཡོད། དེར་བརྟེན་བསམ་བློ་དེ་བྲན་གྱི་བསམ་བློ་རང་རེད། རྒྱ་གར་རང་བཙན་ཐོབ་ནས་ལོ་ ༧༠ ཕྱིན་ཟིན་ཡང་ད་དུང་ཡང་སྐད་ཡིག་དང་བསམ་བློ་གཏོང་སྟངས་ཆ་ནས་རང་བཙན་ཐོབ་མེད།  རྒྱ་གར་ནང་ད་དུང་ཨིན་ཇིའི་དབང་སྒྱུར་རྒྱུན་མཐུད་ནས་གནས་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ན་འགྲིག་པ་ལྟ་བུ་ཞིག་ཡོད།
དེ་སྔ་ཝཱ་རཱ་ཎ་སི་གཙུག་ལག་སློབ་ཁང་ཐོག་མ་གསར་འཛུགས་སྐབས་རྒྱ་གར་གཞུང་གི་མི་ཚོས་སྐད་ཆ་དང་པོ་འདྲི་རྒྱུ་འདི་རང་རེད།   What is employment perspective? ཁྱེད་ཚོས་སློབ་དཔོན་གྱི་འཛིན་གྲྭ་སོགས་ཐོན་རྗེས་ལས་ཀ་ཅི་ཞིག་ཐོབ་བམ། ཞེས་དྲི་བ་འདི་རེད། སྐབས་དེར་ངས་ཁོང་རྣམས་ལ་ང་ཚོས་འདིར་གཡོག་པོ་བཟོ་རྒྱུའི་ཆེད་དུ་སློབ་སྦྱོང་སྤྲོད་ཀྱི་མེད།  སྦྱིན་བདག་བཟོ་རྒྱུའི་དོན་དུ་སློབ་སྦྱོང་སྤྲད་པ་མ་གཏོགས་གཡོག་པོ་བཟོ་ཆེད་མ་རེད། ཅེས་བརྗོད་པ་ཡིན།  ང་རང་ཚོ་བཙན་བྱོལ་སྤྱི་ཚོགས་དང་། དགེ་རྒན་དང་ཕ་མའི་སྤྱི་ཚོགས། འཛིན་སྐྱོང་གི་སྤྱི་ཚོགས་ནང་ཤེས་ཡོན་གྱི་དམིགས་ཡུལ་འདི་མི་ཚེའི་འཚོ་ཐབས་ཆེད་ཡིན་པའི་ལྟ་སྟངས་འདི་བཞག་ནས་འཚོ་ཐབས་ཟེར་བ་འདི་ཞར་བྱུང་སྐད་ཆ་ཞིག་རེད། གདོད་མའི་མི་དེ་དག་ཡི་གེ་མ་ཤེས་ཀྱང་ལྟོགས་ཤི་ཐེབས་མེད། འཚོ་ཐབས་ཤིག་གོ་ཆོད་ཡོད། ཁྱི་དང་དུད་འགྲོ་ལ་མཚོན་ནའང་ལྟོགས་ཤི་ཐེབས་མཁན་ཧ་ཅང་ཉུང་ཉུང་རེད། རྒྱ་གར་གྱི་གཏམ་དཔེ་ཞིག་ཡོད། ཁ་གཅིག་འདི་ལག་པ་གཉིས་ཀྱི་གསོ་མི་ཐུབ་པ་གང་ཡིན། ཞེས་པ་ལྟ་བུ་རེད།   ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ། ཆོས་དང་འཇིག་རྟེན་གང་ཡིན་ཡང་ཤེས་རབ་གཙོ་བོ་ཡིན་སྟབས་ཤེས་ཡོན་སྤྲོད་རྒྱུ་འདི་ཤེས་རབ་ཡར་རྒྱས་གཏོང་རྒྱུའི་ཆེད་རེད།  དེར་བརྟེན་ཤེས་ཡོན་གྱི་དམིགས་ཡུལ་ལ་ལྟ་སྟངས་འདི་མ་ནོར་བ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་དྲི་བ་རྣམས་ལ་ལན་འདེབས་གནང་།
ཐེངས་འདིར་ཟབ་སྦྱོང་སྐབས་མཐུན་འགྱུར་རོགས་རམ་གནང་མཁན་ཨ་རིའི་རོགས་ཚོགས་  USAID ཡིན་འདུག་པ་བཅས།།

སྔོན་མ།
ཤེས་ཡོན་འགན་འཛིན་དང་རྒྱུས་སྟོན་པ་རྣམས་ལ་ཤེས་ཡོན་སྲིད་བྱུས་ཟབ་སྦྱོང་དབུ་འཛུགས་གནང།
ཕྱི་མ།
གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་གནང་།
Menu