༄༅། །འདི་ག་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་༢༠༡༧ ཟླ་༧ ཚེས་༢༤ ནས་༢༦ བར་ཉིན་གསུམ་རིང། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གཞི་རིམ་བར་མ་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཀྱི་ཚོགས་འདུ་སྐོང་ཚོགས་གནང༌ཡོད།
ཐེངས་འདིའི་སློབ་དེབ་བསྐྱར་ཞིབ་ཀྱི་ཚོགས་འདུ་འདི་ཕྱི་ལོ་༢༠༡༠ ལོར་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་འོག་བཞིན་བཟོ་འགོད་གནང་བ་དང་། བཀའ་ཤག་གིས་གཏན་ལ་ཕབ་པའི་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལྟར། ཕྱི་ལོ་༢༠༡༢ ལོར་རྩོམ་སྒྲིག་དང་འགྲེམས་སྤེལ་གནང་བའི་གཞི་རིམ་བར་མའི་སློབ་དེབ་རྣམས་བསྐྱར་ཞིབ་གནང་། དེ་ནི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གིས་གཞི་རིམ་སློབ་གྲྭའི་སློབ་དེབ་རྣམས་ལོ་དྲུག་རེའི་མཚམས་བསྐྱར་ཞིབ་དང་གཏན་འབེབས་བྱེད་པའི་དམིགས་ཚད་ལྟར་སྐོང་ཚོགས་གནང་བ་ཞིག་ཡིན།
དེ་ཡང་གོང་ཚེས་ཉིན་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དྲུང་འཕར་ཚེ་རིང་བསམ་གྲུབ་ལགས་དང་། བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། སློབ་དེབ་རྩོམ་སྒྲིག་པ་དགེ་འདུན་དོན་ཡོད་ལགས་དང་བཀྲ་ཤིས་རྡོ་རྗེ་ལགས། བསྐྱར་ཞིབ་ཚོགས་མི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་རྒན་ཨ་འཇམ་ལགས་དང། དྷ་སྟེང་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ་རྒན་མིང་ཆུང་ལགས། དྷ་ཤོད་བོད་ཁྱིམ་གྱི་བོད་དགེ་ངག་དབང་བྱམས་པ་ལགས། མ་སུ་རི་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ་རྒན་བཟང་པོ་ལགས། སཾ་བྷོ་ཊའི་བོད་དགེ་བྱམས་པ་བཀྲ་ཤིས་ལགས་བཅས་མཉམ་ཞུགས་ཀྱིས་གཞི་རིམ་བར་མའི་དགེ་རྒན་རྣམས་ནས་སྡུད་ལེན་བྱས་པའི་བསམ་ཚུལ་གཞི་ལ་བཞག་སྟེ། ད་ཡོད་སློབ་ཚན་ཁག་ལ་བསྐྱར་ཞིབ་ཀྱིས་གྲོས་སྡུར་ལྷུག་པོར་གནང་སྟེ་དཀར་ཆག་སྒྲིག་འགོད་གནང་།