༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༨ ནས་ ༢༣ བར་བོད་མིའི་ན་གཞོན་འགོ་ཁྲིད་ཟབ་སྦྱོང་ཐེངས་གསུམ་པའི་དབུ་འབྱེད་མཛད་སྒོ་དེ་བཞིན་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བཞུགས་སྒར་རྡ་སའི་ཉེ་འཁྲིས་སུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཚོགས་སོང་།
དེ་ཡང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་། ཤེས་རིག་མདུན་ལམ་སློབ་སྟོན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས། འཛིན་སྐྱོང་སྦྱོང་བརྡར་ཁང་གི་འགན་འཛིན་དཔལ་ལྡན་དོན་གྲུབ་ལགས། ཟབ་སྦྱོང་སློབ་ཁྲིད་གནང་མཁན་སྐུ་ཞབས་པུ་ནིཏ་གྷུབ་ཏ་ Puneet Gupta ལགས། དེ་བཞིན་ཐེངས་འདིའི་ན་གཞོན་འགོ་ཁྲིད་ཟབ་སྦྱོང་ནང་འཛུལ་ཞུགས་གནང་མཁན་རྒྱ་གར་གྱི་མཐོ་སློབ་ཁག་ནས་ཕེབས་པའི་སློབ་ཕྲུག་བུ་མོ་ ༢༢ དང་བུ་ ༣༠ བཅས་ལྷན་འཛོམས་ཀྱི་ཐོག་མར་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཟབ་སྦྱོང་གི་སྐོར་ངོ་སྤྲོད་མདོར་བསྡུས་གནང་བ་དང་འབྲེལ། ཟབ་སྦྱོང་ནང་འཛུལ་ཞུགས་བྱེད་མཁན་ཡོངས་ནས་རང་ཉིད་སྐོར་ངོ་སྤྲོད་གནང་།
དེ་ནས་ཟབ་སྦྱོང་སློོབ་ཁྲིད་གནང་མཁན་སྐུ་ཞབས་པུ་ནིཏ་གྷུབ་ཏ་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་སྐོར་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་ཟབ་སྦྱོང་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། ཐོག་མར་ངས་ཟབ་སྦྱོང་སློབ་ཁྲིད་གནང་མཁན་རྒྱ་གར་བ་སྐུ་ཞབས་པུ་ནིཏ་གྷུབ་ཏ་ལགས་དང་འཛིན་སྐྱོང་སྦྱོང་བརྡར་ཁང་གི་འགན་འཛིན་དཔལ་ལྡན་དོན་གྲུབ་ལགས། ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་དང་ལས་རོགས་རྣམ་པ་བཅས་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
རྣམ་པ་ཚོ་མུ་མཐུད་སློབ་སྦྱོང་གནང་གི་ཡིན་ན། མཐོ་སློབ་ཀྱི་གུང་སེང་དེ་བེད་སྤྱོད་ཡག་པོ་གཏོང་རྒྱུ་དང་། དེ་བཞིན་ཉམས་ཞིབ་ཀྱི་བརྗོད་གཞི་ག་རེ་འདེམས་དགོས་མིན་ཐད་ལ་བསལ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། སློབ་སྦྱོང་བྱེད་སྐབས་དཀའ་ངལ་འདྲ་མིན་འཕྲད་སྲིད། འོང་ཀྱང་དཀའ་ངལ་ལ་གདོང་ལེན་བྱེད་དགོས། ཕྱོགས་མཚུངས་རྣམ་པ་ཚོས་དམིགས་ཡུལ་ངེས་ཅན་ཞིག་འཛིན་རྒྱུ་གལ་ཆེན་པོ་རེད། ངས་འཛིན་རིམ་ ༡༡ དང་ ༡༢ སྐབས་སུ་ཚན་རིག་སློབ་སྦྱོང་བླངས་པ་ཡིན། སྨན་པ་བྱ་རྒྱུ་ནི་ངའི་དམིགས་ཡུལ་ཡིན། འཛིན་རིམ་ ༡༢ ཐོན་རྗེས་ང་ལ་བར་ཆད་འདྲ་མིན་བྱུང་བར་བརྟེན། ངས་སྨན་པའི་སློབ་སྦྱོང་བྱེད་ཐུབ་མ་སོང་།
ན་གཞོན་རྣམ་པ་ཚོ་ད་ལྟ་དང་མ་འོངས་གཉིས་ཀྱི་འགོ་ཁྲིད་རེད། ཕྱི་ལོ་ ༢༠༡༧ ལོར་འཛམ་གླིང་གི་མི་འབོར་ཞིབ་བཤེར་བྱས་པ་ལྟར་ན། འཛམ་གླིང་གི་མི་འབོར་ཐེར་འབུམ་ ༧.༨ ཡོད་པའི་ཁྲོད་ནས་ཐེར་འབུམ་ ༡.༨ ལོ་ན་ ༡༨ ནས་ ༢༩ ཅན་གྱི་གཞོན་སྐྱེས་ཡིན། དེར་བརྟེན་གཞོན་སྐྱེས་ཚོ་གལ་ཆེན་པོ་ཆགས་ཡོད། ཨ་ཕི་རི་ཀ་དང་དཀྱིལ་ཤར་ཨེ་ཤ་ཡའི་ནང་གཞོན་སྐྱེས་ཚོར་ལམ་སྟོན་དང་སློབ་གསོ་ཡག་པོ་མ་བྱུང་བར་བརྟེན། གཞོན་སྐྱེས་ཚོ་དྲག་པོའི་ལམ་ལ་འགྲོ་དང་འགྲོ་མུས་རེད། དེང་སང་གཞོན་སྐྱེས་རྣམ་པ་ཚོ་འཛམ་གླིང་ཞི་བདེ་སྐྲུན་ཐུབ་མཁན་གྱི་མི་སྣ་ཞིག་ཆགས་དགོས།
བོད་རིགས་གཞོན་སྐྱེས་རྣམ་པ་ཚོ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་འཇུག་པ་རེད། དེར་བརྟེན་རྣམ་པ་ཚོར་འགན་ཆེན་པོ་ཡོད། རྣམ་པ་ཚོ་མཐོ་སློབ་འགྲིམ་བཞིན་པའི་སྐབས་སུ་འཛམ་གླིང་གི་ས་ཕྱོགས་འདྲ་མིན་ནས་ཕེབས་པའི་གཞོན་སྐྱེས་ཚོ་དང་མཉམ་ཞི་བདེ་སྐྲུན་ཐབས་སྐོར་ལ་བགྲོ་གླེང་གནང་ཐུབ་ན་ཡག་པོ་ཡོད།
དེ་བཞིན་རྣམ་པ་ཚོས་བོད་སྐད་གཙང་མ་རྒྱག་རྒྱུ་གལ་ཆེན་པོ་རེད། འགོ་ཁྲིད་བཟང་པོ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། འགོ་ཁྲིད་བཟང་པོ་ཟེར་བ་ནི། རང་གཅིག་པུའི་སྐད་ཆ་ཤོད་རྒྱུ་མ་ཡིན་པར་མི་གཞན་ལ་སྐད་ཆ་ཤོད་རྒྱུའི་གོ་སྐབས་སྤྲོད་དགོས་པ་མ་ཟད། མི་གཞན་གྱི་སྐད་ཆ་ལའང་ཉན་ཐུབ་པ་ཞིག་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་།
བོད་མིའི་ན་གཞོན་འགོ་ཁྲིད་ཟབ་སྦྱོང་ཐེངས་གསུམ་པའི་དབུ་འབྱེད་མཛད་སྒོ་གཙོ་སྐྱོང་གནང་མཁན་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་གཡུ་མཚོ་ལགས་ཡིན་པ་དང་།
མཐར་མདུན་ལམ་སློབ་སྟོན་པ་དྲུང་ལས་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ། བོད་མིའི་ན་གཞོན་འགོ་ཁྲིད་ཟབ་སྦྱོང་ཐེངས་གསུམ་པའི་དབུ་འབྱེད་མཛད་སྒོ་ལེགས་པའི་ངང་གྲོལ་ཡོད་པ་བཅས།།