ཕུལ་བྱུང་རྩོམ་ཡིག་འདེམས་སྒྲུག་གི་ལས་རིམ་ལམ་སྟོན།
༡། དམིགས་ཡུལ།
གཏན་ཉིན་སློབ་གྲྭ་ཁག་གི་བོད་ཡིག་ཁྲིད་སྦྱོང་ལ་སྐུལ་འདེད་དང་མཇུག་གནོན་བྱ་སླད། ཕྱི་ལོ་ ༡༩༩༦ ལོ་ནས་བཟུང་ཤེས་རིག་ལས་ཁུངས་ནས་ལོ་རེར་འཛིན་རིམ་དྲུག་པ་ཡན་ལ་རྒྱལ་ཡོངས་རྩོམ་ཡིག་འགྲན་བསྡུར་གྱི་ལས་རིམ་སྤེལ་མུས་ལྟར། རྩོམ་ཡིག་འདེམས་སྒྲུག་དེ་བཞིན་སློབ་གྲྭ་དང་སློབ་ཕྲུག་བྱེ་བྲག་པའི་གྲུབ་འབྲས་གཟེངས་བསྟོད་གནང་རྒྱུ་ཙམ་མ་ཡིན་པར། གཏན་ཉིན་སློབ་གྲྭ་ཁག་གི་བོད་ཡིག་གནས་ཚད་ལ་གདེང་འཇོག་དང་དཔྱད་ཞིབ་ཀྱི་གཞི་རྩར་འགྱུར་ཆེད་དང༌། འབྲེལ་ཡོད་དགེ་རྒན་རྣམས་ལ་སློབ་མའི་རྩོམ་འབྲིའི་གནས་ཚད་དང་ཁ་ཕྱོགས། རྩོམ་ཡིག་སློབ་ཁྲིད་དང་རྩོམ་འབྲིའི་བྱ་བར་ལམ་སྟོན་དང་དཔྱད་ཞིབ་ཀྱི་རིན་ཐང་ མཁོ་སྤྲོད། སློབ་མ་ཚོའི་རྩོམ་འབྲིའི་འདུན་པ་དང་ནུས་རྩལ་གོང་མཐོར་གཏོང་ཐབས་བཅས་ཀྱི་དམིགས་ཡུལ་བཟུང་ཡོད།
༢། བརྒྱུད་རིམ།
རྩོམ་ཡིག་འགྲན་བསྡུར་གནང་སྟངས་ནི།
ཀ ཐོག་མར་སློབ་གྲྭའི་ངོས་ནས་འཛིན་རིམ་སོ་སོའི་ནང་སྔོན་འགྲོའི་འགྲན་བསྡུར་སྤེལ་ཏེ་སློབ་ཕྲུག་རྩེ་ཕུད་གསུམ་རེ་འདེམས་དགོས།
ཁ ཤེས་ལས་ནས་འདེམས་སྒྲུག་གྱི་དུས་ཚེས་དང༌། རྩོམ་ཡིག་གི་ཁ་བྱང་བཅས་སློབ་ཁོངས་སོ་སོར་གཏོང་རྒྱུ།
ག གཏན་འབེབས་དུས་ཚེས་ཉིན། སློབ་ཁག་སོ་སོས་འབྲེལ་ཡོད་བོད་དགེ་དང་ས་གནས་འགོ་འཛིན་ལས་ཁང་གི་འཐུས་མི། དགེ་རྒན་ཕ་མའི་འཐུས་ཚོགས་ཀྱི་འཐུས་མི་གཉིས་བཅས་ཀྱི་གཟིགས་རྟོག་འོག་འགྲན་ བསྡུར་སྤེལ་རྒྱུ།
ང འགྲན་བསྡུར་དངོས་གཞི་མ་སྤེལ་གོང་གི་དུས་ཡུན་སྐར་མ་ ༡༥ སྔོན་དུ་ཤེས་ལས་ཀྱི་བཏང་བའི་རྩོམ་ཡིག་ཁ་བྱང་ཁ་ཕྱེ་དགོས།
ཅ འགྲན་བསྡུར་མཇུག་གྲིལ་མ་ཐག་ཏུ་སློབ་མ་རེ་རེའི་རྩོམ་ཡིག་ཐོག་གཟིགས་རྟོག་ཚོགས་ཆུང་གི་རྟགས་ཐམ་འཁོད་དེ་ཉིན་དེ་རང་ལ་ཤེས་ལས་སུ་སྦྲག་གཏོང་བྱ་དགོས།
༣། གདེང་ཞིབ་བྱེད་ཐབས།
ས་གནས་དང་སློབ་ཁག་ནས་དུས་ཚེས་རྒྱས་བཅད་ནང་ཚུད་འབྱོར་བའི་ཕུལ་བྱུང་རྩོམ་ཡིག་རྣམས་ལ་གདེང་ཞིབ་བྱ་སླད། ཤེས་ལས་ནས་རྩོམ་རིག་མཁས་པས་གྲུབ་པའི་རྩོམ་ཡིག་ཞིབ་འཇུག་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་བའི་བརྒྱུད། འཛིན་རིམ་སོ་སོའི་རྩོམ་ཡིག་ཕུལ་བྱུང་གསུམ་རེ་འདེམས་སྒྲུག་གནང་རྒྱུ།
༤། བྱ་དགའ་གནང་སྟངས།
ཀ རྩོམ་ཡིག་ཞིབ་འཇུག་ཚོགས་ཆུང་ནས་འདེམས་སྒྲུག་གནང་བའི་འཛིན་རིམ་སོ་སོའི་སློབ་མ་ཕུལ་བྱུང་གསུམ་ལ། ཤེས་ལས་ནས་བྱ་དགའ་ཧིན་སྒོར་ ༡༥༠༠ དང་ལག་འཁྱེར་བཅས་གནང་རྒྱུ།
ཁ སློབ་ཁག་ནས་ཕུལ་བའི་འཛིན་རིམ་སོ་སོའི་སློབ་ཕྲུག་རྩེ་ཕུད་གསུམ་གྱི་ཁྲོད། ཕུལ་བྱུང་བྱ་དགའ་མ་ཐོབ་པའི་རྩེ་ཕུད་རེར་ཤེས་ལས་ནས་ལེགས་གསོལ་ལག་འཁྱེར་གནང་རྒྱུ།
ག བྱ་དགའ་ཐོབ་པའི་ཕུལ་བྱུང་རྩོམ་ཡིག་ཁག་དཔྱད་མཆན་གནད་བསྡུས་རེ་དང་བཅས། ཤེས་རིག་ལས་ཁུངས་ཀྱི་སྨྱུག་གསར་དུས་དེབ་ནང་ཕྱོགས་བསྒྲིགས་ཀྱིས་དཔར་སྐྲུན་གནང་རྒྱུ།
ང དཔར་སྐྲུན་གྲུབ་པའི་སྨྱུག་གསར་དཔེ་དེབ་གཏན་ཉིན་སློབ་གྲྭ་ཡོངས་ལ་རིན་མེད་འགྲེམས་སྤེལ་གནང་རྒྱུ་བཅས། ཤེས་རིག་སྲོལ་རྒྱུན་ཤེས་ཡོན་ཚན་པས། ཕྱི་ལོ་ ༢༠༡༡ ཟླ་ ༠༦ ཚེས་ ༡༨ ཉིན།