ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ཤི་ལོང་ས་གནས་སུ་འཚམས་གཟིགས་གནང་བ།


ཤི་ལོངས་སློབ་གྲྭ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་། ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་བསྟན་འཛིན་སྐལ་བཟང་ལགས་རྣམ་གཉིས་ཤི་ལོང་ས་གནས་སུ་འཚམས་གཟིགས་གནང་ཡོད།

དེ་ཡང་བཀའ་བློན་མཆོག་ཕྱི་ཟླ་ ༤ ཚེས་ ༡༨ ཉིན་གྷོ་ཧ་ཊི་ Guwahati གནམ་གྲུ་ཐང་དུ་ཕེབས་འབྱོར་སྐབས་ཤི་ལོངས་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་། བཀའ་བློན་མཆོག་ཤི་ལོངས་ས་གནས་མགྲོན་ཁང་དུ་ཕེབས་འབྱོར་སྐབས་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།

ཕྱི་ཚེས་ ༡༩ ཉིན་བཀའ་བློན་མཆོག་དགའ་ལྡན་ཆོས་གླིང་དགོན་པར་འཚམས་གཟིགས་གནང་སྐབས་དགོན་པའི་མཁན་པོ་གཙོས་དགེ་འདུན་པ་ཡོངས་ནས་ཕེབས་བསུའི་སྣེ་ལེན་ཞུས། དེ་ནས་བཀའ་བློན་མཆོག་གིས་མི་མང་ཚོགས་ཁང་དུ་གཞིས་མི་མང་ཚོགས་ལ་ཤེས་ཡོན་བརྒྱུད་སོ་སོ་སྒེར་གཅིག་པུ་ཙམ་མིན་པར། ཐ་ན་ཁྱིམ་ཚང་དང་། གྲོང་པ་ཁྱིམ་མཚེས། སྤྱི་ཚོགས་ཁྱོན་ཡོངས་ལ་ཕན་ཐོགས་འབྱུང་གི་ཡོད་པའི་ཤེས་ཡོན་སློབ་གསོའི་གལ་གནད་སྐོར་དང་། དེ་བཞིན་དགེ་རྒན་དང་ཕ་མའི་དབར་ལ་ཡིད་ཆེས་དང་། གུས་ཞབས། འབྲེལ་ལམ་ཡག་པོ་དགོས་པ་དང་། སློབ་ཕྲུག་གི་ཤེས་ཡོན་དང་སྒོ་གསུམ་གྱི་སྤྱོད་པ་ཡར་རྒྱས་ཡོང་བར་དགེ་རྒན་དང་ཕ་མ་རང་ཉིད་ལ་ཡ་རབས་བཟང་སྤྱོད་ལྡན་དགོས་པའི་སྐོར་གསུང་། ཕྱོགས་མཚུངས་ཤེས་རིག་བཀའ་བློན་མཆོག་གིས་མི་མང་གི་བསམ་ཚུལ་ལ་གསན་འཇོག་དང་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གནང་།

དེ་ནས་ཤེས་རིག་བཀའ་བློན་མཆོག་སམ་བྷོ་ཊ་གཞི་རིམ་སློབ་གྲྭར་འཚམས་གཟིགས་ཕེབས་སྐབས་སློབ་གྲྭའི་དགེ་ཆེ་གཙོས་དགེ་ལས་སློབ་ཕྲུག་ཕོ་མོ་རྣམས་ཀྱིས་རྔ་རོལ་དང་བཅས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་། དགེ་ཆེ་ཡི་ཕེབས་རོགས་འོག་འཛིན་ཁང་རེ་རེ་དང་སློབ་གྲྭའི་སྡེ་ཚན་ཁག་ལ་གཟིགས་ཞིབ་གནང་གྲུབ་མཚམས་སློབ་གྲྭའི་དགེ་ལས་དང་ལྷན་ཟུར་དུ་ཚོགས་འདུ་ཚོགས་ནས་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་སོགས་ཀྱི་གལ་གནད་སྐོར་གསུང་བཤད་གནང་།
ཤི་ལོངས་ས་གནས་ཀྱི་ལས་འཆར་ཁག་ལེགས་པར་གྲུབ་རྗེས་ཤེས་རིག་བཀའ་བློན་མཆོག་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གནང་ཡོད་པ་བཅས། །

ཤི་ལོངས་དགེ་ལས་ཡོངས་ཀྱི་ལྷན།

སྔོན་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བདུན་པ་ཚོགས་པ།
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་གིས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་དབུ་འབྱེད་དང་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་བ།