༄༅། །ཕྱི་ལོ་༢༠༡༩ ཟླ་ ༡༢ ཚེས་ ༢༧ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱིས་ས་རཱ་བོད་ཀྱི་མཐོ་སློབ་དང་མཉམ་སྦྲེལ་ཐོག་གོ་སྒྲིག་ཞུས་པའི་དགེ་རྒན་འོས་སྦྱོང་སྐབས་དྲུག་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ས་རཱ་བོད་ཀྱི་མཐོ་སློབ་ཏུ་ཚོགས་ཡོད།
ཐེངས་འདིའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན། རིགས་སློབ་མ་ལག་གཉིས་ཀྱི་དྲུང་ཆེ། ས་རཱ་མཐོ་སློབ་ཀྱི་སློབ་སྤྱིས་གཙོས་པའི་ལས་བྱེད་རྣམ་པ་དང་། སློབ་དཔོན་བགྲེས་གཞོན་རྣམ་པ། ས་རཱ་མཐོ་སློབ་ཀྱི་སློབ་གཉེར་བ་རྣམ་པ། འབྲེལ་ཡོད་དགེ་འོས་བསླབ་པ་མཐར་སོན་པ་བཅས་ཚང་འཛོམས་གནང་ཡོད།
མཛད་སྒོའི་ཐོག་ཤེས་རིག་བཀའ་བློན་མཆོག་ནས་དགེ་འོས་བསླབ་པ་མཐར་སོན་པ་རྣམས་ལ་མཐར་ཕྱིན་ལག་ཁྱེར་དང་མཇལ་དར་གནང་བ་མ་ཟད། དགེ་རྒན་ལས་གནས་ཀྱི་གལ་ཆེའི་རང་བཞིན་དང་། དགེ་རྒན་བཟང་པོ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་དགེ་རྒན་རྣམ་པས་སློབ་ཁྲིད་དང་སློབ་མར་མིག་དཔེ་ཇི་ལྟར་སྟོན་དགོས་མིན་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ཡང་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པར་གཞི་རིམ་སློབ་གྲྭ་ཁག་གི་བོད་དགེའི་དགོས་མཁོ་སྐོང་སླད། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ཉིན་ནས་འགོ་འཛུགས་ཀྱིས། དུས་ཡུན་ལོ་གཅིག་དང་ཕྱེད་ཀའི་བོད་དགེའི་འོས་སྦྱོང་འདི་གོ་སྒྲིག་ཞུས་ཡོད་ཅིང་། སྐབས་འདིའི་འོས་སྦྱོང་ཁོངས་བུ་ ༡༠ དང་བུ་མོ་ ༡༠ བཅས་སློབ་གཉེར་བ་གྲངས་ ༢༠ དང་། སྒེར་གྱིས་སློབ་ཡོན་གནང་མཁན་ ༡ བཅས་ཁྱོན་བསྡོམས་སློབ་གཉེར་བ་ ༢༡ ཡོད།
དགེ་འོས་སྐབས་དྲུག་པའི་སློབ་མ་རྣམས་ཀྱིས་ཤེས་ཡོན་གྱི་ལྟ་བ་དང་། ཤེས་ཡོན་གྱི་ལོ་རྒྱུས། ལོ་རྒྱུས་དང་ནང་ཆོས་ཁྲིད་ཐབས། བོད་ཀྱི་སྐད་ཡིག བྱིས་པའི་སེམས་ཁམས་རིག་པའི་ཤེས་ཡོན། ཁོར་ཡུག་ཤེས་བྱ། སློབ་གྲྭའི་འཛིན་སྐྱོང་། རི་མོ། ཡིག་གཟུགས། བརྡ་སྤྲོད་དང་རྩོམ་རིག་ཁྲིད་ཐབས། ནང་ཆོས། འཕྲོད་བསྟེན་དང་ལུས་རྩལ་སློབ་སྦྱོང་། སློབ་ཁྲིད་ལག་བསྟར་སོགས་ལ་དུས་ཡུན་ལོ་གཅིག་དང་ཟླ་བ་དྲུག་རིང་སློབ་གཉེར་གནང་ཡོད་པ་དང་། ས་རཱ་མཐོ་སློབ་ཀྱི་སློབ་དཔོན་རྣམ་པ་དང་། ཕྱི་ལོགས་ནས་གདན་ཞུས་ཁྱད་སྟོན་པ་བཅས་ཁྱོན་བསྡོམས་དགེ་རྒན་ ༢༧ ཙམ་གྱིས་སློབ་ཁྲིད་གནང་ཡོད། གཞན་ཡང་དགེ་འོས་སློབ་མ་རྣམས་ནས་སློབ་ཁག་ ༤ ཙམ་ལ་རྟོག་ཞིབ་ལས་རིམ་ཐེངས་ ༡ གནང་བ་དང་། སློབ་གྲྭ་ཁག་ ༡༦ ནང་ཟླ་ ༢ དང་ཉིན་ ༡༠ ཙམ་རིང་སློབ་ཁྲིད་སྦྱོང་བརྡར་གནང་ཡོད།
ཐེངས་འདིའི་མཐར་ཕྱིན་དགེ་འོས་ཀྱི་ཆ་སྙོམས་ཡིག་རྒྱུགས་བརྒྱ་ཆ་ ༧༦ སོན་ཡོད་པ་དང་། དགེ་འོས་སློབ་མ་ཡོངས་རྫོགས་ཨང་སྡེ་དང་པོའི་ཁོངས་མཐར་སོན་ཡོད་པ་རེད།
དགེ་རྒན་འོས་སྦྱོང་སྐབས་དྲུག་པའི་འགྲོ་གྲོན་ཡོངས་རྫོགས་ཨ་རིའི་རོགས་དངུལ་ཁོངས་ནས་མཐུན་སྦྱོར་གནང་ཡོད་པ་བཅས། །