ཁ་ཤོག་གི་འགྲེལ་བཤད།

༄༅། །སྡོམ་བརྩོན་དམ་པ་ཞེས་པའི་རི་མོ་འདི་ནི་བདག་ཉིད་ཆེན་པོ་སྐྱ་པཎྜི་ཏས(༡༡༨༢-༡༢༥༡)བསམ་ཡས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་ཤིག་ཏུ། སྔོན་བྱོན་དམ་པ་རྣམས་ཀྱི་རྣམ་ཐར་དང་སྐུ་དྲིན་རྗེས་སུ་དྲན་པའི་རྐྱེན་གྱིས་ཕྱག་བསྟར་གནང་བ་ལས་དར་འཕེལ་བྱུང་བ་ཞིག་ཡིན། མཚོན་དོན་ནི། དབུས་ཀྱི་པདྨའི་སྡོང་པོས་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཚོན་ཏེ། སློབ་དཔོན་གྱི་མཚན་དང་ཆོས་མཚུངས་པས་སོ། །པདྨའི་ལྟེ་བའི་རལ་གྲིས་ནི་འཇམ་དབྱངས་ཀྱི་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་མཚོན་ཏེ། སློབ་དཔོན་དང་ཆོས་རྒྱལ་འདི་གཉིས་མཆོད་ཡོན་རྣམ་པ་ཐ་དད་ཀྱང་ཡེ་ཤེས་གཅིག་པའི་ཕྱིར་རྟེན་དང་བརྟེན་པའི་ཚུལ་ལམ་སློབ་དཔོན་ཆེན་པོའི་ཐུགས་སྲས་རྗེ་འབངས་ཉེར་ལྔའི་གཙོ་བོ་ཡིན་པས། པདྨའི་ཟེའུ་འབྲུ་ལས་ཐོན་པའི་ཚུལ་དུ་བཀོད་པའོ། །པད་སྡོང་གི་གཡས་ཕྱོགས་ཀྱི་ངང་སེར་མགོ་གཉིས་པས་ནི་སློབ་དཔོན་ཞི་བ་འཚོ་དང་ཀ་མ་ལ་ཤཱི་ལ་སྟེ་པདྨའི་ངང་ཚུལ་གཉིས་མཚོན་ཏེ། ཐུགས་ཀྱི་ལྟ་གྲུབ་དགོངས་པ་གཅིག་པས་ལུས་གཅིག་ལ། གསུང་གི་ཆོས་སོ་སོར་སྟོན་པས་མགྲིན་པ་གཉིས་ཅན། སློབ་དཔོན་གཉིས་ཀའང་རྟེན་སྡོམ་བརྩོན་གྱི་མཆོག་ཏུ་བཞུགས་པས་ངང་སེར་གྱི་གཟུགས་སུ་བཀོད་པའོ། །གཡོན་ཕྱོགས་ཀྱི་ནེ་ཙོ་མགོ་གཉིས་པས་ནི་སྤྲུལ་པའི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་མཚོན་ཏེ། ཐུགས་ཀྱི་དགོངས་པ་གཅིག་ལ་ཆོས་སོ་སོར་སྟོན་པས་ལུས་གཅིག་མགྲིན་པ་གཉིས་ཅན། ནེ་ཙོས་བྱ་སྐད་དང་མི་སྐད་སྨྲ་བ་ལྟར་ལོ་ཙཱ་བས་ཀྱང་རྒྱ་བོད་ཀྱི་སྐད་གཉིས་སྨྲ་བ་དང་རྟེན་སྐྱ་བོ་ཡིན་པས་ནེ་ཙོའི་གཟུགས་སུ་བཀོད་པའོ། །དེ་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོ་དབུས་སུ་གནས་པ་ནི་བསམ་ཡས་གཙུག་ལག་ཁང་ལ་དུས་དབང་གིས་མེའི་གནོད་པ་འབྱུང་བར་ལུང་བསྟན་པ་ཞི་བའི་རྟེན་འབྲེལ་ཡིན་པར་གསུངས། དེ་དག་གི་དགོས་པ་ནི། བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་མཁན་གཙོ་བོ་མཁན་སློབ་ཆོས་གསུམ་དང་ལོ་ཙཱ་བ་གོང་ཞུས་ཀྱིས་མཚོན་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་བཀའ་དྲིན་ཤེས་ཤིང་རྗེས་སུ་དྲན་པའི་གསལ་འདེབས་དང། བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ནི་སྐྱེས་བུ་དམ་པའི་རྣམ་ཐར་ཡིན་པས་ན་སྐྱེ་བོ་བློ་གྲོས་དང་ལྡན་པ་དག་གིས་གཙོ་བོར་བསྟན་པའི་བྱ་བ་འཆད་ཉན་སྒོམ་སྒྲུབ་ལ་འབུངས་ཤིང་གཙུག་ལག་ཁང་དག་ཏུའང་ཞབས་ཏོག་ལ་བརྩོན་དགོས་སོ་ཞེས་འདོམས་པའི་ཆེད་དུ་མཛད་པ་ལགས། རྡོ་རྗེ་དང་པོ་ཏི་བྲི་བ་སོགས་ནི་རིགས་གསུམ་མགོན་པོའི་མཚོན་དོན་དུ་བཀོད་པར་གསུངས་སོ། ། (འདི་ནི་ངག་དབང་ལེགས་གྲུབ་ཀྱིས་བྲིས་པའི་དྲིས་ལན་དང། ཤེས་རབ་རྒན་པོའི་འབེལ་གཏམ་གཉིས་ལ་ཁུངས་སུ་བྱས་ཏེ་རྩོམ་སྒྲིག་པས་བྲིས་པའོ།།)

རྩོམ་སྒྲིག་པ། ཆུང་ཚེ་རིང།
རྒྱབ་ཤོག་ཇུས་འགོད་པ། བར་གླིང་བཀྲ་ཤིས་ཕུན་ཚོགས།
ཁ་ཤོག་རི་མོ་བ། ཚེ་བརྟན།

དགོས་དམིགས་དང་གསལ་འདེབས།

  • དུས་དེབ་འདིའི་དམིགས་ཡུལ་ནི། བོད་མིའི་སྤྱི་ཚོགས་སྤྱི་དང་སྒོས་སུ་སློབ་གྲྭ་ཁག་གི་དགེ་རྒན་ཚོའི་ཤེས་ཡོན་དང་རིག་གཞུང་གི་གནས་ཚད་གོང་དུ་སྤེལ་རྒྱུ་དེ་ཡིན།
  • དུས་དེབ་འདི་ལོ་རེར་ཉུང་མཐར་ཐེངས་རེ་གདོན་རྒྱུ་ཡིན།
  • དུས་དེབ་འདིའི་ནང། ཤེས་ཡོན་དང། བོད་ཀྱི་སྐད་ཡིག་རིག་གཞུང་། ཡ་རབས་སྤྱོད་བཟང། སློབ་གྲྭའི་སློབ་ཚན་དང་འབྲེལ་ཡོད་ཁག སློབ་ཁྲིད་ཐབས་ལམ། ཚན་རིག་དང་ཨང་རྩིས། སྤྱི་ཚོགས་རིག་གནས་སོགས་དེང་དུས་ཤེས་བྱ་ཁག་བཅས་གཙོ་བོར་བཟུང་ནས་དགོད་རྒྱུ་ཡིན།
  • རྒྱ་ཆེའི་མཁས་པ་ཁག་དང། རྩོམ་པ་པོ། དགེ་རྒན། ཀློག་པ་པོ་བཅས་ནས་གོང་གསལ་ནང་དོན་ཅན་གྱི་རྩོམ་ཡིག་དང། ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་བར་དགའ་བསུ་ཞུ།
  • རྩོམ་ཡིག་གང་ཞིག་དུས་དེབ་ཐོག་བཀོད་རྗེས་ལེགས་གཟོའི་རྩོམ་ཡོན་འོས་འཚམས་ཤིག་འདི་གའི་གཏན་འབེབས་གཞི་བཟུང་འབུལ་རྒྱུ་ཡིན།
  • རྩོམ་སྒྲིག་པའམ་རྩོམ་པ་པོའི་མིང་འཁོད་རྩོམ་ཡིག་རྣམས་ལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ལྟ་བ་ཡིན་པས་མ་ཁྱབ།
  • རྩོམ་ཡིག་གང་ཞིག་དུས་དེབ་ཐོག་འགོད་མིན་གྱི་དབང་ཚད་ནི། དུས་དེབ་འདིའི་རྩོམ་སྒྲིག་པར་ཡོད།
  • འདི་གར་བསྐུར་འབྱོར་བྱུང་བའི་རྩོམ་ཡིག་རྣམས་དུས་དེབ་ཐོག་བཀོད་མིན་ལ་མ་ལྟོས་པར། རྩོམ་ཡིག་ཕྱིར་སློག་བྱ་རྒྱུ་མིན་ན། དོ་བདག་སོ་སོས་མ་ཕྱི་ཉར་ཚགས་གནང་དགོས།

དེབ་ཀྱི་དཀར་ཆག

ཁྱེད་ཚོས་ཆོས་སྲིད་གང་ཅིར་ཚུལ་མཐུན་ཡ་རབས་ཀྱི་སྤྱོད་པ་བསྐྱངས་ཏེ་སློབ་ཕྲུག་རྣམས་བཟང་པོའི་མིག་ལྟོས་སྤེལ་ཐུབ་པ་ངེས་པར་དུ་བྱེད་དགོས། (གོང་ས་མཆོག་གི་བཀའ་སློབ།)
རང་གི་རིག་གཞུང་བདམས་དགོས་པ་གནས་སྟངས་གང་འདྲ་ཞིག་གི་འོག་ལ་ཡིན་ཡང་རྩོད་མེད་རེད། (ཆོས་ཤེས་བཀའ་བློན་མཆོག་ལ་རྩོམ་སྒྲིག་པས་བཅར་འདྲི་ཞུས་ལན།)
རྩོམ་པའི་རྣམ་གཞག ཨ་ལག་ཤ་ངག་དབང་བསྟན་དར།
སློབ་དཔོན་གྱི་འཆད་ཚུལ། བུ་སྟོན་རིན་ཆེན་གྲུབ།
གཞོན་ནུ་དྲུག་གི་རྟོགས་པ་བརྗོད་པའི་འགྲེལ་ཆུང་དོན་བསྡུས། ལྷ་མོ་སྐྱབས།
སྐྱེས་བུ་གསུམ་གྱི་སྐྱབས་འགྲོ་དང་ལམ་གྱི་ངོ་སྤྲོད། འཇམ་དཔལ་གྲགས་པ།
ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུའི་ནོར་བུ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
ཨང་ཀི་འབྲི་སྲོལ། པདྨ་རྒྱལ་མཚན།
བོད་རྩིས་རིག་པ་ངོ་སྤྲོད། བསོད་ནམས་རིན་ཆེན།
ང་ཚོས་ཇི་ལྟར་བྱས་ནས་རང་ཉིད་ཀྱི་ངོ་བོ་སྲུང་འཛིན་དང་དར་སྤེལ་བྱེད་དགོས་ཀྱི་ཐད་ཀྱི་སློབ་གསོའི་བསམ་གཞིགས། རྡོ་རྗེ་དབང་ཕྱུག
ཞུ་དག་དང་ཁྱུགས་ཡིག་འབྲི་སྟངས། ན་ག་སངས་རྒྱས་བསྟན་དར།
བུ་སྟོན་རིན་ཆེན་གྲུབ།འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ཨ་ལག་ཤ་ངག་དབང་བསྟན་དར།

མདུན་ཤོག