༄༅། །ཤེས་རིག་ཚོགས་ཆེན་ཐེངས་ལྔ་པ་དེ་བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་ཆ་ཤས་སུ་ཕྱི་ལོ་༢༠༠༩ ཟླ་༡༢ ཚེས་ ༢༧ ནས་ ༢༩ བར་ཉིན་གསུམ་རིང་བཞུགས་སྒར་ཁུལ་གྱི་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་ཚོགས་ཆེན་དངོས་གཞི་དང༌། ཚེས་ ༣༠ ནས་ ༣༡ བར་ཤེས་ཡོན་དང་འབྲེལ་བའི་མཁས་པའི་བགྲོ་གླེང་ཚོགས་འདུ་བཅས་དཀྱུས་གཅིག་ཏུ་བསྐྱངས་ཤིང། ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་ཞལ་བསྒྱུར་ཏེ་བླང་དོར་བཀའ་སློབ་བཀའ་དྲིན་སྩལ་བ་གཤམ་གསལ།

དེ་བཞིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་དང་བཀའ་ཤག་གི་ལམ་སྟོན་གསུང་བཤད་གནང་བ་དང་། ཤེས་རིག་ལས་ཁུངས་ནས་ལམ་སྟོན་གཞི་རྩར་བཟུང་སྟེ། ཚོགས་ཆེན་གྱི་གྲོས་གཞི་དོན་ཚན་ཁག་བཞིའི་ཐོག་ཚོགས་ཆུང་བཅུ་རུ་ཆ་བགོས་ཀྱིས་གྲོས་བསྡུར་ལྷུག་པོ་ཞུས་པའི་མཐའ་བསྡོམས་གྲོས་ཆོད་གཏན་འབེབས་བྱུང་བ་གཤམ་གསལ།

གྲོས་གཞི་དང་པོ།

སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་སྤེལ་གནང་ཕྱོགས་ཐད་ལེགས་བཅོས་དང་ཡར་རྒྱས་གཏོང་སྒོ་ཇི་ཡོད་གྲོས་བསྡུར་གནང་རྒྱུ།
གྲོས་ཆོད།
༡།    བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ཆ་ཚང་བ་བོད་མིའི་སློབ་གྲྭ་ཡོངས་ནས་ལག་བསྟར་ཡོང་བར་ཚོགས་ཆེན་འདི་ཉིད་བརྒྱུད་འབོད་སྐུལ་ཤུགས་ཆེན་ཞུ་རྒྱུ་དང༌། སྲིད་བྱུས་ནང་གསལ་དགེ་རྒན་གྱི་ལས་འགན་དང་བྱེད་སྒོ་ཁག་སློབ་དགེ་སོ་སོས་གོ་རྟོགས་དང་ལག་ལེན་འཐུས་གཙང་ཡོང་སླད། སློབ་ཁག་སོ་སོའི་ནང་ཤེས་ཡོན་སྲིད་བྱུས་སློབ་སྦྱོང་དང་བགྲོ་གླེང་གི་ལས་རིམ་གང་མང་སྤེལ་རྒྱུ། དེ་བཞིན་བོད་གཞུང་ཤེས་རིག་ལས་ཁུངས་ནས་ནུས་ཤུགས་ཅི་ཡོད་ཀྱིས་སྲིད་བྱུས་ནང་གསལ་དགོས་མཁོའི་ཆ་རྐྱེན་དང་ལས་རིམ་ཁག་འཐུས་གཙང་ལག་བསྟར་ཡོང་ཐབས་གནང་དགོས།
༢།    བོད་སློབ་འཛིན་ཚོགས་ཁོངས་སུ་བོད་དགེ་གཏན་འཇགས་གསར་བསྐོ་མི་ཐུབ་པ་དང༌། འཛིན་རིམ་བརྒྱད་པ་བར་ལ་བོད་ཡིག་སློབ་མཁན་ཟུར་དུ་མེད་པ། གཞི་རིམ་འོག་མའི་སློབ་ཁྲིད་བརྒྱུད་ལམ་བོད་ཡིག་ཡིན་སྟབས་སློབ་གྲྭ་དེ་དག་གི་དགེ་ཆེ་བོད་རིགས་བསྐོ་ཐབས་བཅས་ཀྱི་ཐད་ཤེས་རིག་ལས་ཁུངས་ནས་ཇི་དགེའི་ཐབས་ཤེས་གནང་རྒྱུ།
༣།    ཤེས་རིག་ལས་ཁུངས་དང་འབྲེལ་ཡོད་ཚང་མས་བོད་མིའི་སློབ་གྲྭ་ཁག་ཏུ་ཡིག་རྒྱུགས་དྲང་བདེན་ཚགས་ཚུད་ཡོང་ཐབས་གནང་དགོས།
༤།    ནམ་རྒྱུན་སློབ་དེབ་གཙོ་བོར་བཟུང་ནས་ཡིག་ཚད་འཁྱོལ་ཐབས་གཙོ་འདོན་བྱེད་པའི་སྣང་ཚུལ་དེ་འགོག་སྡོམ་དང༌། བོད་གཞུང་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་དགོངས་དོན་འོག་གཏན་འབེབས་གྲུབ་པའི་གཞི་རིམ་སློབ་གྲྭའི་བསླབ་གཞིའི་རྩ་འཛིན་དེ་སློབ་གྲྭ་ཚང་མས་ལག་བསྟར་གནད་སྨིན་བྱས་ཏེ། སློབ་ཁྲིད་དང་ཡིག་རྒྱུགས་སོགས་ཀྱི་སྐབས་སློབ་དེབ་ཚད་འཛིན་མི་བྱ་བར་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལག་བསྟར་བྱ་དགོས།
༥།    བོད་དགེ་སྤྱི་དང་ཁྱད་པར་སྔོན་འགྲོ་དང་གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་ཟབ་སྦྱོང་གང་མང་དགོས་པ་དང༌། སྦྱང་ཤིང་འབྲི་སྦྱོང་གིས་གཙོས་པའི་དབུ་མེད་ཡིག་གཟུགས་ལ་སྦྱོང་བརྡར་སྤྲོད་རྒྱུ། ལྷག་པར་འཛིན་རིམ་དྲུག་པ་ཡན་དུ་བོད་ཡིག་ཡིག་གཟུགས་སྦྱོང་དེབ་དགོས་གལ།
༦།     སློབ་ཁག་ནང་བོད་དང་བོད་མིར་འབྲེལ་བའི་ལས་རིམ་དཔེར་ན་བོད་ལྗོངས་ང་ཚོའི་ཕ་ཡུལ་དང༌། བོད་ཀྱི་གཟའ་འཁོར། རྒྱལ་ཞེན་བདུན་ཕྲག་ལྟ་བུའི་ལས་གཞི་སྤེལ་དགོས་རྒྱུ།
༧།     རང་གཞུང་ནས་ཤེས་ཡོན་རྟོག་ཞིབ་ཚོགས་ཆུང་ཟུར་འཛུགས་ཐོག་སློབ་གྲྭ་སོ་སོར་སྐོར་སྐྱོད་ཀྱིས་གཟིགས་ཞིབ་དང་ལམ་སྟོན་གནང་རྒྱུ།
༨།     བོད་མི་སྤྱི་དང༌། སློབ་གྲྭ་ཁག་གི་ནང་ཤེས་ཡོན་སྲིད་བྱུས་དར་སྤེལ་གཏོང་ཆེད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ཉམས་མྱོང་དང་གྲུབ་འབྲས་ཇི་བྱུང་སློབ་ཁག་གཞན་ལ་སྤེལ་ཐབས་བྱ་རྒྱུ།
༩།    ཟློས་གར་དང་ལུས་རྩལ་དགེ་རྒན་འོས་སྦྱོང་སྐབས་བོད་ཀྱི་སྐད་ཡིག་སྦྱོང་བརྡར་ཐོག་སྔར་ལྷག་ཤུགས་སྣོན་རྒྱག་རྒྱུ་དང༌། ཟློས་དགེའི་བསླབ་གཞི་དང་སློབ་དེབ་ཟུར་དུ་གཏན་འབེབས་དགོས་རྒྱུ།
༡༠།    ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བོད་མིའི་སྤྱི་ཚོགས་ཁྲོད་གོ་རྟོགས་ཚུལ་བཞིན་ཡོང་ཐབས་སླད་ཤེས་རིག་ལས་ཁུངས་ནས་འགྲེལ་བརྗོད་དང་དྲིལ་བསྒྲགས་ཤུགས་ཆེར་བྱ་རྒྱུ། བོད་མི་རྒན་གཞོན་ཚང་མས་དུས་རྒྱུན་དུ་བོད་སྐད་གཙང་མ་བཀོལ་སྤྱོད་བྱ་རྒྱུ་ལས། བོད་སྐད་ནང་བསྲེས་ལྷད་མི་ཡོང་བའི་འབོད་སྐུལ་དང༌། ཁྱད་པར་སློབ་གྲྭའི་དགེ་ལས་རྣམས་ཀྱིས་དམིགས་བསལ་ཐུགས་འགན་བཞེས་ཏེ་སློབ་གྲྭའི་ནང་རྒྱུན་གཏན་ཡིག་སྐད་བེད་སྤྱོད་གང་ཐུབ་བྱ་དགོས།
༡༡།    སློབ་དགེ་རྣམས་ལ་སློབ་ཚན་དང་འབྲེལ་བའི་ཟབ་སྦྱོང་གང་མང་ཐོག རིགས་ལམ་སློབ་ཁྲིད་ཁྱབ་གདལ་གཏོང་སླད་རིགས་ལམ་གྱི་ངོ་སྤྲོད་སྦྱོང་བརྡར་གོ་སྒྲིག་དགོས་པ་དང༌། རིགས་ལམ་སློབ་ཚན་གྱི་ཚོགས་ཐེངས་ཟུར་བཅད་དགོས་རྒྱུ། དེ་བཞིན་ཤེས་རིག་ལས་ཁུངས་ནས་རིགས་ལམ་བགྲོ་གླེང་སྐོར་སྐྱོད་སོགས་ཀྱི་ལས་རིམ་རྒྱུན་དུ་གོ་སྒྲིག་བྱ་རྒྱུ།
༡༢།    སློབ་གྲྭ་ཁག་ནས་ད་ཡོད་སྦྱོང་དེབ་ཁག་བེད་སྤྱོད་ལེགས་པོ་གཏོང་དགོས་པ་དང༌། དེ་བཞིན་ཤེས་རིག་ལས་ཁུངས་ནས་བོད་ཡིག་དང་ཨང་རྩིས། ཚན་རིག་བཅས་ལ་སྦྱོང་དེབ་གང་དགོས་དང༌། འཛིན་རིམ་དྲུག་པ་ཡན་ལ་བོད་ཡིག་ཡིག་གཟུགས་སྦྱོང་དེབ་བཅས་གསར་བཟོ་གནང་ཐབས་གནང་རྒྱུ།
༡༣།    ཤེས་རིག་ལས་ཁུངས་ནས་བྱིས་པའི་སྒྲུང་དེབ་དང་གཞས་སྣ། སྙན་ཚིག་སོགས་འདོན་སྤེལ་གནང་མུས་ཐོག་ད་དུང་དབུ་མེད་ནང་དེ་རིགས་གང་མང་འདོན་སྤེལ་དགོས་པ་དང༌། དེ་བཞིན་གཞི་རིམ་གོང་འོག་ཚང་མར་བོད་ཀྱི་ཆོས་རིག་ལོ་རྒྱུས་དང་ཡ་རབས་བཟང་སྤྱོད་ཀྱི་སྒྲུང་དེབ་དང་བརྙན་དེབ་གང་མང་འདོན་དགོས། སློབ་གྲྭ་ཁག་ནས་ཀྱང་དེ་དག་བེད་སྤྱོད་ཚགས་ཚུད་བྱས་ཏེ་སློབ་གྲྭའི་ནང་དཔེ་ཀློག་གི་ཁོར་ཡུག་དང་གོམས་གཤིས་བསྐྲུན་རྒྱུ།
༡༤།    ད་བར་ཆོས་དགེ་མེད་པའི་སློབ་གྲྭ་ཁག་ལ་སློབ་ཕྲུག་གྲངས་འབོར་ལ་གཞིགས་པའི་ཆོས་དགེ་ཚད་ལྡན་བསྐོ་བཞག་ཡོང་ཐབས་དང༌། ཆོས་དགེ་དེ་ལ་ཚོགས་ཐེངས་དང༌། སློབ་ཚན་གཏན་འབེབས་དགོས་གལ།
༡༥།    སློབ་གྲྭ་སྤྱི་དང་ཁྱད་པར་གཞི་རིམ་བར་མ་དང་གོང་མའི་ནང་བོད་ཡིག་སློབ་ཚན་གྱི་ཚོགས་ཐེངས་སྤར་ཆ་གནང་རྒྱུ་དང༌། བོད་ཡིག་དགེ་རྒན་རྣམས་བོད་ཡིག་གི་སྦྱོང་བརྡར་ཚད་ལྡན་ཐོན་པ་ཤ་སྟག་ཡིན་དགོས།

གྲོས་གཞི་གཉིས་པ།

སློབ་གྲྭ་ཁག་ཏུ་དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཀྱི་སློབ་ཚན་ཁག་སློབ་ཁྲིད་གནང་ཕྱོགས་ཐད་ལེགས་བཅོས་དང་ཡར་རྒྱས་གཏོང་སྒོ་ཇི་ཡོད་གྲོས་བསྡུར་གནང་རྒྱུ།
༡།     ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འབྲེལ་རིགས་ལམ་གྱི་གཞུང་ལུགས་དང་ཐབས་ཚུལ་རྣམས་དེང་རབས་ཀྱི་སློབ་ཚན་དང་སྦྱར་ཏེ་སློབ་ཁྲིད་བྱ་ཕྱོགས་ཇི་དགེའི་ཐད་ཤེས་རིག་ལས་ཁུངས་ཀྱིས་ཉམས་ཞིབ་དང་ལག་ལེན་འཐུས་ཚང་ཞུ་རྒྱུ། དེ་བཞིན་རང་རིགས་དགེ་རྒན་སྤྱི་དང་ལྷག་པར་ཚན་རིག་དང་ཨང་རྩིས་ཀྱི་དགེ་རྒན་རྣམ་པར་ཡང་རིགས་ལམ་གྱི་ཟབ་སྦྱོང་གོ་སྒྲིག་གནང་རྒྱུ།
༢།    ཤེས་ཡོན་སྲིད་བྱུས་དང་མཐུན་པའི་རང་རིགས་དགེ་རྒན་ཚད་ལྡན་བསྐོ་བཞག་དགོས་པའི་རྨང་གཞིའི་ཐོག དབྱིན་ཡིག་གི་སློབ་ཚན་རྣམས་དབྱིན་སྐད་གཙོ་བཟུང་གིས་སློབ་སྤེལ་དགོས་རྒྱུ། དེ་ཡང་སློབ་གྲྭའི་ནང་དབྱིན་སྐད་དེ་ཉིད་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་པའི་ཁོར་ཡུག་བསྐྲུན་ཏེ་འབྲི་ཀློག་བརྗོད་གསུམ་ཡ་མ་བྲལ་བར་སློབ་སྟོན་ཚད་ལྡན་གནང་རྒྱུ།
༣།    དབྱིན་ཇིའི་སྐད་ཡིག་ཡར་རྒྱས་གཏོང་ཐབས་སུ་སློབ་གྲྭ་སོ་སོའི་གནས་སྟངས་ལ་གཞིགས་ཏེ་སློབ་གྲྭ་ཁག་གི་ནང་དབྱིན་སྐད་ཀྱི་གཟའ་འཁོར་ལྟ་བུའི་ལས་རིམ་དང༌། དབྱིན་སྐད་ཐོག་བགྲོ་གླེང༌། འདྲི་རྩད། གཏམ་བརྗོད་སོགས་བྱེད་སྒོ་སྣ་མང་གོ་སྒྲིག་གིས་གཟེངས་ཐོན་རྣམས་ལ་བྱ་དགའ་གནང་རྒྱུ།
༤།    དགེ་རྒན་རྣམས་ལ་དམིགས་བསལ་སློབ་ཁྲིད་ཐབས་ལམ་གྱི་ཟབ་སྦྱོང་གང་མང་གོ་སྒྲིག་དང༌། དགེ་རྒན་གྱི་ཤེས་ཚད་ཡར་རྒྱས་གཏོང་ཆེད་ཡིག་འགྲུལ་ལམ་ནས་ཡིག་རྒྱུགས་གཏོང་བར་ཤེས་རིག་ལས་ཁུངས་ནས་མཐུན་སྦྱོར་གནང་ཐབས་གནང་རྒྱུ། དེ་བཞིན་ཟབ་སྦྱོང་སྐབས་བསླབས་ཟིན་པ་རྣམས་ལག་བསྟར་གནང་གི་ཡོད་མེད་ཞིབ་འཇུག་ཆེད་གཟིགས་རྟོག་གནང་རྒྱུ།
༥།    འཛིན་གྲྭ་ལྔ་པ་བར་སློབ་ཚན་ཚང་མ་བོད་སྐད་ཐོག་སློབ་བཞིན་ཡོད་སྟབས། ཚིག་གནད་གལ་ཆེན་རྣམས་དབྱིན་བོད་ཤན་སྦྱར་ཐོག་ངོ་སྤྲོད་གནང་ན། ཕྱིས་སུ་འཛིན་གྲྭ་དྲུག་པ་ཡན་དུ་ཕན་རླབས་ཆེ་སྟབས། གཞི་རིམ་འཛིན་གྲྭ་བཞི་པ་དང་ལྔ་པའི་སློབ་དེབ་རྣམས་ཀྱི་སློབ་ཚན་གྱི་གཤམ་དུ་ཤན་སྦྱར་རྒྱས་ཙམ་འགོད་རྒྱུ།
༦།    བོད་པའི་སྤྱི་ཚོགས་ནང་ཨང་རྩིས་དང་ཚན་རིག་སློབ་ཚན་ཁག་པོ་ཡིན་པའི་ལོག་རྟོག་ཡོད་མུས་སེལ་ཆེད་དུ་དམའ་རིམ་ནས་རྨང་གཞི་བརྟན་པོ་ཞིག་བསྐྲུན་རྒྱུ་གལ་ཆེར་བརྟེན། སློབ་དགེ་ཚོས་སློབ་ཁྲིད་འཆར་འགོད་ལེགས་པོ་དགོས་པ་དང༌། འབྲེལ་ཡོད་འགན་འཛིན་ནས་དེ་སྟེང་དམ་དོན་ནན་པོ་གནང་རྒྱུ། དགེ་རྒན་རང་ཉིད་ཀྱིས་སློབ་ཚན་འགྲེལ་བཤད་བརྒྱབ་པ་ལས་སློབ་ཕྲུག་ཚོར་རང་ཉིད་ཀྱི་རྣམ་དཔྱོད་འདོན་རྒྱུའི་གོ་སྐབས་སྤྲོད་པ་དང༌། སློབ་ཕྲུག་ཚོས་འཇིགས་འཚེར་མེད་པར་དོགས་འདྲི་ཡོང་བའི་ཁོར་ཡུག་བསྐྲུན་ཏེ་དགེ་རྒན་ཚོས་སྐབས་འཕྲལ་ལན་འདེབས་གསལ་པོ་གནང་རྒྱུ།
༧།    དགེ་རྒན་གྱིས་ཉིན་རེར་ཚིག་གསར་དྲུག་ནས་བདུན་བར་ཟུར་ཕྱུངས་ཀྱིས་བསླབ་སྟེ། དེ་དག་ལ་བརྗོད་པ་ཐུང་གྲས་བཟོ་རུ་བཅུག་ནས། རིམ་གྱིས་ཉིན་ཐོ་དང༌། རྩོམ་འབྲིའི་གནས་ཚད་ལ་འཁྲིད་དགོས་རྒྱུ། དེ་བཞིན་སློབ་དེབ་ཁོ་ནར་གཞི་མ་བཞག་པར་དགེ་རྒན་རང་ངོས་ནས་དཔྱད་གཞི་སྣ་ཚོགས་བཏོན་ཏེ་སློབ་མའི་རིགས་སྟོབས་འཕེལ་བ་དང་བློ་སྒོ་འབྱེད་པར་འབད་བརྩོན་དགོས་རྒྱུ།

གྲོས་གཞི་གསུམ་པ།

སློབ་གྲྭ་ཁག་ཏུ་ཀུན་སྤྱོད་སློབ་གསོ་དང་སྒྲིག་ལམ་སྲུང་སྐྱོབ་གནང་ཕྱོགས་གང་ཅི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་དེང་རབས་གོང་མའི་རྒྱལ་སྤྱིའི་ལྟ་གྲུབ་ལམ་སྲོལ་དང་མི་འགལ་བར་ལེགས་བཅོས་དང་ཡར་རྒྱས་གཏོང་སྒོ་ཇི་ཡོད་གྲོས་བསྡུར་གནང་རྒྱུ།

གྲོས་ཆོད།
༡།     སློབ་གྲྭ་ཁག་གི་སློབ་ཕྲུག་ཚོའི་སྒོ་གསུམ་གྱི་སྤྱོད་པ་ཡ་རབས་དང་ལྡན་པ་འབྱུང་ཆེད་སྤྱི་ཚོགས་དང་ཕ་མ། སློབ་གྲྭ་བཅས་ཕྱོགས་ཚང་མས་ཐུགས་སྣང་སྔར་ལྷག་ཆེར་བསྐྱེད་དགོས་རྒྱུའི་ནང་ཚན། སྐབས་བབས་སློབ་གྲྭའི་དགེ་རྒན་ལས་བྱེད་རྣམ་པས་རྒྱུན་དུ་རང་རང་གི་སྤྱོད་ཚུལ་སློབ་ཕྲུག་གི་མིག་དཔེར་འོས་པ་གནང་དགོས་རྒྱུ།
༢།    ཡ་རབས་ཀྱི་སྤྱོད་ཚུལ་དང་འབྲེལ་བའི་ྋགོང་ས་མཆོག་གི་བཀའ་སློབ་དང༌། སྒྲུང་གཏམ། གློག་བརྙན། གཏམ་བརྗོད། བགྲོ་གླེང་སོགས་སྐབས་དུས་སོ་སོར་འབྲེལ་ཡོད་ལས་ཁུངས་དང་སློབ་ཁག་སོ་སོས་པར་སྐྲུན་དང་འགྲེམས་སྤེལ། འཁྲབ་སྟོན་གོ་སྒྲིག་བཅས་རྒྱུན་བསྲིངས་ནར་མར་དགོས་ཐོག སློབ་གྲྭའི་དགེ་རྒན་སྤྱི་དང་ལྷག་པར་ཆོས་དགེ་ཚོས་དམིགས་བསལ་ཐུགས་ཁུར་བཞེས་ཏེ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གིས་མཚོན་པའི་བཟང་པོའི་བསླབ་བྱ་རྣམས་གོ་བདེའི་རྒྱུ་མཚན་དང་དཔེའི་ཐོག་ནས་སློབ་ཕྲུག་ཚོར་སློབ་སྟོན་ངེས་པ་འདྲོང་ངེས་གནང་རྒྱུ།
༣།    གཞི་རིམ་སློབ་གྲྭའི་སློབ་ཡུན་རིང་སློབ་མ་ཚོས་ལག་ཐོགས་ཁ་པར་དང༌། ལག་ཐོགས་ཀམ་པུ་ཊར། གློག་བརྙན་ལྟ་ཆས། གླུ་གཞས་ཉན་ཆས་སོགས་བཀག་སྡོམ་དོ་ནན་བྱ་རྒྱུ་དང༌། ས་གནས་འགོ་འཛིན་བརྒྱུད་ཕ་མ་ཚོར་ཡང་འབོད་སྐུལ་ནན་པོ་བྱ་རྒྱུ། དེ་བཞིན་འཛིན་གྲྭ་དང་སློབ་གྲྭའི་ལས་རིམ་སྐབས་སུ་དགེ་ལས་རྣམས་ནས་ཀྱང་གློག་ཆས་དེ་རིགས་སྤྱོད་ཐལ་མེད་པ་དགོས་རྒྱུ།
༤།    སློབ་ཁག་སོ་སོས་སློབ་ཕྲུག་སྒྲིག་འགལ་བྱུང་བ་རྣམས་ལ་ཉེས་ཆད་འགེལ་བ་ཙམ་མ་ཡིན་པར་དེའི་རྒྱུ་རྐྱེན་གང་ཡིན་ལ་ཞིབ་འཇུག་གིས་བྱམས་པ་དང་བརྩེ་བའི་བསམ་པས་སློབ་གསོ་གོ་བསྐོན་གནད་སྨིན་དགོས་པ་དང༌། དེ་བཞིན་སློབ་ཕྲུག་གི་གདེང་སྤོབས་ཉམས་གཞིའི་སྒྲིག་ལམ་ཚ་གཅུན་དང༌། ཉེས་རྡུང་དམའ་འབེབས་ཀྱིས་སློབ་མའི་གཉའ་གཅོག་པའི་ཐབས་ཚུལ་སྤངས་ཏེ་གཙོ་བོ་སློབ་ཕྲུག་རང་ངོས་ནས་རྒྱུ་མཚན་ཤེས་པའི་ཐོག་ནས་སྒྲིག་ཁྲིམས་རང་ཁུར་ཐུབ་པ་བཟོ་རྒྱུར་ཤུགས་སྐྱེད་ནུས་འདོན་དགོས་རྒྱུ།
༥།    མྱོས་རྫས་ལྐོག་སྤྱོད་བྱེད་མཁན་མི་འབྱུང་ཆེད་སློབ་གྲྭའི་འཛིན་སྐྱོང་དང་དགེ་ལས་ཚང་མས་རྒྱུན་དུ་སློབ་གྲྭའི་སློབ་ཕྲུག་དང༌། ཁོར་ཡུག་ཚང་མར་ལྟ་རྟོག་ཞིབ་ནན་དགོས་ཐོག ཅི་སྟེ་མྱོས་རྫས་སྤྱོད་མཁན་ཐོན་ཚེ་ཆོས་དགེ་དང་འཕྲོད་བསྟེན་ལས་བྱེད། མདུན་ལམ་སློབ་སྟོན་པ་སོགས་ཚང་མས་ཐུགས་ཁུར་བཞེས་ཏེ་སློབ་གསོ་གོ་བཀོན་སོགས་ཐབས་ལམ་གང་འོས་གནད་སྨིན་སྤྱོད་རྒྱུ།
༦།    སློབ་ཕྲུག་གི་ལུས་སེམས་ལ་དཀའ་ངལ་འཕྲད་ཚེ། བདེ་སྡུག་ཞུ་ས་དང་ལམ་སྟོན་ཞུ་ཡུལ་ཁྱད་ལས་པ་རེ་རིམ་པས་སློབ་གྲྭ་ཆེ་ཁག་ཚང་མར་བསྐོ་འཛུགས་ཐུབ་ཐབས་གནང་རྒྱུ།
༧།    སློབ་གྲྭ་སོ་སོའི་འཛིན་སྐྱོང་གིས་སློབ་ཕྲུག་རྒན་པས་གཞོན་པར་དོན་མེད་བརྙས་བཅོས་དང་ཐུབ་ཚོད། གཞན་ཡང་ཉེས་རྡུང་གཏོང་བ་སོགས་ཚུལ་མིན་གྱི་རིགས་བཀག་འགོག་དམ་དོན་ངེས་པར་བྱ་དགོས།

གྲོས་གཞི་བཞི་པ།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཇི་བཞིན་དེང་ལུགས་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་སྤེལ་ཐབས་དང་ཁྱད་མཁས་མི་སྣ་གསོ་སྐྱོང་གནང་ཕྱོགས་ཇི་དགེ་གྲོས་བསྡུར་གནང་རྒྱུ།

༡།    སློབ་གྲྭའི་དགེ་རྒན་སྤྱི་དང་ལྷག་པར་མདུན་ལམ་སློབ་སྟོན་པའི་ངོས་ནས་རིགས་གཅིག་རྐང་འཛིན་པ་ཡོང་སླད། གཞི་རིམ་འོག་མ་ནས་སློབ་ཕྲུག་གི་གནས་ཚད་དང༌། འཇོན་ཐང༌། རིག་སྟོབས་སོགས་ལ་གཞིགས་པའི་ལམ་སྟོན་ཤུགས་ཆེར་གནང་རྒྱུ་དང༌། འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་རྣམས་ལ་ཁུངས་སོ་སོ་ནས་མཐོ་སློབ་དང་ལས་རིགས་ཐོག་བསྐྱོད་པའི་མཐུན་རྐྱེན་བསྐྲུན་རྒྱུ་མ་ཟད། དེའི་སླད་བོད་གཞུང་ཤེས་རིག་ལས་ཁུངས་ནས་བོད་མིའི་སློབ་གྲྭ་ཡོངས་ལ་ཁྱབ་ཐུབ་པའི་མདུན་ལམ་སློབ་སྟོན་པ་འདང་ངེས་གསར་འཛུགས་དགོས་རྒྱུ་དང༌། སློབ་གྲྭ་ཆེ་ཁག་ཚང་མའི་ནང་དུའང་མདུན་ལམ་སློབ་སྟོན་དགེ་རྒན་བསྐོ་བཞག་ཡོང་ཐབས་དགོས་རྒྱུ།
༢།    མཐོ་སློབ་ཁག་གི་སློབ་ཕྲུག་དང༌། རིགས་གཅིག་རྐང་འཛིན་སློབ་གཉེར་བ་ཚོ་ལའང་སློབ་ཡོན་རོགས་རམ་གནང་བ་ཙམ་མིན་པར་འབྲེལ་ཡོད་ལས་བྱེད་ས་གནས་ས་ཐོག་ཏུ་ཕེབས་ཏེ་གཟིགས་རྟོག་མཐིལ་ཕྱིན་གནང་ཐབས་གནང་དགོས།
༣།    བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱིས་གཙོས་པའི་སྲོལ་རྒྱུན་རིག་གནས་བྱེ་བྲག་པའི་ཐོག་ཉམས་ཞིབ་བྱེད་མཁན་རིགས་གཅིག་རྐང་འཛིན་པ་གང་མང་གསོ་སྐྱོང་སླད། གཞུང་དང་ཚོགས་སྡེ་ཡོངས་ནས་དམིགས་བསལ་ཐུགས་སྣང་གིས་མཐུན་རྐྱེན་སྦྱོར་སྤྲོད་བྱ་དགོས།
༤།    གཞི་རིམ་སློབ་གྲྭ་ཁག་ཏུ་རིགས་གཅིག་རྐང་འཛིན་གྱི་ཁྱད་མཁས་མི་སྣ་གདན་ཞུས་ཀྱིས་རིགས་གཅིག་རྐང་འཛིན་དང་ཁྱད་མཁས་སློབ་སྦྱོང་བྱ་ཚུལ་སྐོར་ཟབ་སྦྱོང་དང་ལམ་སྟོན་ཞུ་གལ་ཆེ།
༥།    རྒྱ་གར་མཐོ་སློབ་དྲག་གྲས་ཁག་ཏུ་རང་རེའི་བོད་ཕྲུག་ཚོར་རིགས་གཅིག་རྐང་འཛིན་སློབ་གཉེར་གྱི་ས་མིག་གང་མང་ཐོབ་ཐབས་གནང་རྒྱུ་མ་ཟད། སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ཏེ། སློབ་ཕྲུག་རྣམས་ཆུང་དུས་ནས་དགའ་མོས་ཡོད་པའི་སློབ་ཚན་ཐོག་དམིགས་བསལ་གསོ་སྐྱོང་བྱ་དགོས།
༦།    རིགས་གཅིག་རྐང་འཛིན་དང་ཁྱད་མཁས་སློབ་སྦྱོང་གནང་མཁན་ཚོར་རང་གཞུང་ཤེས་རིག་ལས་ཁུངས་ནས་སློབ་ཡོན་སོགས་ཀྱི་མཐུན་འགྱུར་འདང་ངེས་གནང་ཐབས་དང༌། རྒྱུན་དུ་འབྲེལ་གཏུགས་ཀྱིས་གསོ་སྐྱོང་གནང་གལ་ཆེ་བ་དང༌། དེ་བཞིན་ཕྱི་རྒྱལ་ཡུལ་ཁག་ཏུ་གཞུང་འབྲེལ་སློབ་སྦྱོང་ཆེད་གཉེར་གནང་བའི་ནང་མུ་མཐུད་རིགས་གཅིག་རྐང་འཛིན་གནང་འདོད་ཡོད་མཁན་ཚོར་མཐུན་འགྱུར་རོགས་རམ་གནང་ཐུབ་ན་དགེ་ཕན་ཆེ།
༧།    རིགས་གཅིག་རྐང་འཛིན་པ་ཕུལ་བྱུང་ཁག་ཅིག་གི་ལོ་རྒྱུས་ཕྱོགས་བསྒྲིགས་ཀྱིས་སྤྱི་ཚོགས་ནང་ཕན་འབྲས་ཇི་བྱུང་ཡིག་ཆ་མཁོ་སྒྲུབ་གནང་སྟེ་འགྲེམས་སྤེལ་གནང་གལ།
༨།    སྲོལ་རྒྱུན་རིག་གཞུང་གི་བསྟི་གནས་ཁང་ཝཱ་ཎ་མཐོ་སློབ་དང༌། ས་རཱ་མཐོ་སློབ། བོད་གཞུང་ཟློས་གར། སྨན་རྩིས་ཁང་སོགས་སུ་སློབ་བསྡུའི་གྲངས་འབོར་མང་དུ་གཏོང་ཐབས་འབོད་སྐུལ་ཞུ་རྒྱུ།
༩།    དགེ་རྒན་དོན་གཉེར་ཅན་ལ་ཤེས་རིག་ལས་ཁུངས་ནས་རིགས་གཅིག་རྐང་འཛིན་ཐད་ཉམས་ཞིབ་བྱེད་པའི་གོ་སྐབས་དང་མཐུན་རྐྱེན་སྦྱར་རྒྱུ།
༡༠།    ཚན་རིག་དང་ཨང་རྩིས་ཆེད་ལས་དགེ་རྒན་ཤེས་རིག་ལས་ཁུངས་ནས་དམིགས་བསལ་གསོ་སྐྱོང་དང་མཐུན་འགྱུར་གནང་རྒྱུ།
༡༡།    བཙན་བྱོལ་ནང་གི་སློབ་ཕྲུག་ཁྲོད་རྩེད་མོའི་རིགས་ལ་རྩལ་དང་འཇོན་ཐང་ཡོད་པ་མང་པོ་ཡོད་སྟབས། དེའི་རིགས་ལ་རྩེད་རིགས་སློབ་སྦྱོང་གི་གོ་སྐབས་དང་མཐུན་འགྱུར་གནང་རྒྱུ།
སྤྱི་སྨན་དགོངས་འཆར།
༡།    བོད་མི་གནས་ཡུལ་ས་གནས་ཁག་ཏུ་སྤྱི་སྤྱོད་དཔེ་མཛོད་ཁང་གང་མང་བཙུགས་ཏེ་བོད་མིའི་སྤྱི་ཚོགས་ནང་དཔེ་དེབ་ལྟ་ཀློག་གི་གོམས་གཤིས་བཟང་པོ་རིམ་འཇགས་གནང་ཐབས་གནང་གལ།
༢།    བོད་མིའི་སློབ་གྲྭ་ནང་ཁུལ་ཕན་ཚུན་ཉམས་མྱོང་སྤེལ་རེས་ཆེད་སློབ་གྲྭ་ཕན་ཚུན་སློབ་དགེ་བརྗེ་ལེན་གྱི་ལས་རིམ་སྔར་ལྷག་གནང་ཐབས་གནང་གལ།
༣།    ཤེས་ཡོན་གྱི་ལས་དོན་ཐད་ཕ་མས་འཁུར་འགན་སྔར་ལྷག་ཆེར་སྐྱེད་ཡོང་ཐབས་དང༌། ཕ་མའི་བསམ་འཆར་ཤེས་རྟོགས་སླད་མ་འོངས་པར་ཤེས་རིག་ཚོགས་ཆེན་ནང་ཕ་མའི་འཐུས་མི་ངོ་ཕེབས་སམ། ཡང་ན་ས་གནས་སོ་སོའི་ཕ་མའི་དགོངས་འཆར་བསྡུ་རུབ་གནང་ཐབས་གནང་གལ་བཅས།
ཚོགས་ཞུགས་པའི་སྐུ་ཚབ་ཀྱི་ས་རྟགས།
༡༽ དཔལ་ལྡན་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག
༢༽ ཚོགས་ཆུང་དང་པོའི་ཚོགས་གཙོ་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་གཙོ་འཛིན་ཚེ་དབང་ཡེ་ཤེས།
༣༽ ཚོགས་ཆུང་གཉིས་པའི་ཚོགས་གཙོ་སཾ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག
༤༽ ཚོགས་ཆུང་གསུམ་པའི་ཚོགས་གཙོ་མ་སུ་རི་བོད་ཁྱིམ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས།
༥༽ ཚོགས་ཆུང་བཞི་པའི་ཚོགས་གཙོ་བལ་ཡུལ་གངས་ཅན་བདེ་རྩའི་དྲུང་ཆེ་ཚེ་རིང་སྟོབས་རྒྱལ།
༦༽ ཚོགས་ཆུང་ལྔ་པའི་ཚོགས་གཙོ་བྷེལ་ཀོབ་གཏན་སློབ་ཀྱི་སློབ་སྤྱི་ཐར་ལམ་སྒྲོལ་མ།
༧༽ ཚོགས་ཆུང་དྲུག་པའི་ཚོགས་གཙོ་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་བསྟན་འཛིན་བཟང་པོ།
༨༽ ཚོགས་ཆུང་བདུན་པའི་ཚོགས་གཙོ་དྷ་ས་བོད་ཁྱིམ་སྤྱི་ཁྱབ་དྲུང་ཆེ་ཐུབ་བསྟན་རྡོ་རྗེ།
༩༽ ཚོགས་ཆུང་བརྒྱད་པའི་ཚོགས་གཙོ་མ་སུ་རི་བོད་ཁྱིམ་དྲུང་ཆེ་ལས་རོགས་དགེ་འདུན་རིན་ཆེན།
༡༠༽ ཚོགས་ཆུང་དགུ་པའི་ཚོགས་གཙོ་བལ་ཡུལ་གངས་ཅན་བདེ་རྩའི་འཛིན་སྐྱོང་པ་བསོད་ནམས་ཚེ་རིང༌།
༡༡༽ ཚོགས་ཆུང་བཅུ་པའི་ཚོགས་གཙོ་རྡོར་གླིང་གཏན་སློབ་ཀྱི་སློབ་སྤྱི་བཀྲ་ཤིས་དོན་གྲུབ།

མདུན་ཤོག