(མུ་འགོད་)  བྱམས་པ་ཟླ་གྲགས།

ནོ་བྷེལ་ཐེབས་རྩའི་སྐོར།(Nobel Foundation)

ཕ་རན་སིའི་རྒྱལ་ས་པེ་རི་སིར་ཕྱི་ལོ་ ༡༨༩༥ ཟླ་ ༡༡ ཚེས་ ༧ འཁོད་པའི་སྐུ་ཞབས་ཨལ་ཕེ་རེཌ་ ནོ་བྷེལ་མཆོག་རང་ཉིད་ཀྱི་ཞལ་ཆེམས་ཕྱག་བསྟར་མའི་ཡིག་ཆའི་ནང་ཐེབས་རྩའི་མ་དངུལ་གྱི་འཛིན་སྐྱོང་དང༌། གཟེངས་རྟགས་ཁག་གནང་ཕྱོགས་ཀྱི་ལམ་སྲོལ་གཏན་འབེབས་མཛད་དེ། ལམ་སྟོན་རྣམས་ཞལ་ཆེམས་དེའི་ནང་གསལ་བཀོད་གནང་ཡོད་པ་གཞིར་བཟུང་ལྟར། ཁོང་གིས་སྐུ་ཚེ་ཧྲིལ་པོར་དཀའ་ཚེགས་དུ་མས་བསགས་པའི་རྒྱུ་དངོས་ཅི་ཡོད་ཀྱི་རིན་འབབ་རྣམས་གཅིག་ཏུ་བསྒྲིལ་ཏེ། མ་དངུལ་དེ་དག་ནོ་བྷེལ་ཐེབས་རྩའི་མིང་ཐོག་ཏུ་མ་རྩ་བརྟན་པོ་ཞིག་འཇོག་གནང་མཛད་པ་དེའི་ལོ་རེའི་དངུལ་སྐྱེད་ཅི་འབབ་རྣམས་ནོ་བྷེལ་གསོ་བ་རིག་པ་དང༌། ཞི་བའི་གཟེངས་རྟགས་སོགས་གཟེངས་རྟགས་ཁག་ལྔ་པོ་སོ་སོར་ཆ་བགོས་ཀྱིས་ལོ་དེའི་ནང་འགྲོ་བ་མིའི་བདེ་སྐྱིད་དང་ཞི་བདེའི་ལས་འགུལ་སོགས་ལ་ཆེས་སྨན་པའི་མཛད་རྗེས་རྩེ་ཕུད་ཅན་གྱི་ཚོགས་པའམ་གང་ཟག་བྱེ་བྲག་པར་ནོ་བྷེལ་གཟེངས་རྟགས་དང་མཉམ་དུ་གནང་སྐྱེས་ཀྱི་ཚུལ་དུ་འབུལ་གནང་མཛད་ཀྱི་ཡོད།
མ་དངུལ་འདིའི་ཁྲིམས་མཐུན་འཛིན་སྐྱོང་གི་ཆེད་ཕྱི་ལོ་ ༡༩༠༠ ལོའི་ཟླ་ ༦ ཚེས་ ༢༩ ཉིན། ཨལ་ཕེཌ་ནོ་བྷེལ་དམ་པ་དེའི་ཐུགས་བཞེད་ལྟར། ནོ་བྷེལ་ཐེབས་རྩ་(Nobel Foundation) ཞེས་པ་འདི་གསར་འཛུགས་གནང་ཞིང༌། དེ་ནི་ཐེབས་རྩའི་མ་དངུལ་གྱི་ཁྲིམས་མཐུན་དབང་ཚད་ལྡན་པའི་འཛིན་སྐྱོང་བྱེད་མཁན་ངོ་མ་དེ་ཡིན། སྐུ་ཞབས་ཨལ་ཕེཌ་ནོ་བྷེལ་མཆོག་གིས་གཏན་འབེབས་གཟེངས་རྟག་ཁག་གི་ཁྲིམས་མཐུན་འགན་འཁུར་དང་དབང་ཚད་ཆ་ཚང་སུ་ཌན་གྱི་གཙུག་ལག་སློབ་གཉེར་ཁང་ཆེན་མོ་བཞི་དང༌། ནོར་ཝེ་ནོ་བྷེལ་ལྷན་ཚོགས་བཅས་ལ་གནང་ཡོད། སྐབས་དེ་དུས་ནོ་བྷེལ་ཐེབས་རྩ་དེ་སོཊོག་ཧོམ་དུ་ཡོད་པའི་འཛིན་སྐྱོང་ལྷན་ཚོགས་ཤིག་གིས་ཐད་ཀར་སྟངས་འཛིན་གནང་གི་ཡོད་ཅིང༌། འཛིན་སྐྱོང་ལྷན་ཚོགས་འདིའི་ནང་ཐོག་མར་སུཌན་རང་གི་འཐུས་མི་དྲུག་ལས་མེད། ཡིན་ནའང༌། ཕྱི་ལོ་ ༡༩༨༥ ནས་བཟུང་འབྲེལ་ཡོད་གཟེངས་རྟགས་སོ་སོའི་ཚོགས་ཆུང་གི་འཐུས་མིའང་འཛིན་སྐྱོང་ལྷན་ཚོགས་འདིའི་འཐུས་མིའི་ཁོངས་སུ་བསྐོ་བཞག་བྱ་རྒྱུའི་ལམ་སྲོལ་གསར་གཏོད་གནང་ཡོད། ནོ་བྷེལ་ཐེབས་རྩའི་འཛིན་སྐྱོང་ལྷན་ཚོགས་ཀྱི་འགན་འཛིན་གཙོ་བོའི་བསྐོ་བཞག་ཀྱང༌། འཛིན་སྐྱོང་ལྷན་ཚོགས་རང་ནས་མང་མོས་ཀྱིས་མོས་མཐུན་ཐོག་ཐད་ཀར་བསྐོ་བཞག་མཛད་པ་མ་གཏོགས། སྲིད་གཞུང་དང་ཚོགས་པ་སྒེར་རིགས་སུས་ཀྱང་དེར་ཐེ་བྱུས་བྱེད་མི་ཆོག ཨེཝ་རི་མེན་སི་ ཨིན་སའི་ཀལོ་པེ་ཌི་ཡ་(Everyman’s Encyclopedia) ཞེས་པའི་ནང༌། སྐབས་དེ་དུས་ནོ་བྷེལ་ཐེབས་རྩའི་མ་དངུལ་གྱི་འཛིན་སྐྱོང་དེ་གཟེངས་རྟགས་འབུལ་རྒྱུའི་འགན་དབང་ལྡན་པའི་ཚོགས་ཆུང་རྣམས་ནས་ཐད་བསྐོས་གནང་བའི་འཛིན་སྐྱོང་འགན་འཛིན་ལྷན་ཚོགས་ཞེས་པ་འདིའི་སྟངས་འཛིན་འོག་ཆ་ཚང་ཡོད་ཅེས་འཁོད་འདུག   གང་ལྟར་ཡང་མདོར་དོན་ཐེབས་རྩའི་འཛིན་སྐྱོང་གི་ཆེད་འཛིན་སྐྱོང་འགན་འཛིན་ལྷན་ཚོགས་ཞེས་པ་ཞིག་ཟུར་དུ་ཡོད་པ་ཧ་ཅང་གསལ་པོ་རེད།
ནོ་བྷེལ་ཐེབས་རྩར་གཟེངས་རྟགས་འབུལ་རྒྱུའི་འགན་དབང་ལྡན་པའི་གཙུག་ལག་སློབ་གཉེར་ཁང་ཆེན་མོ་བཞི་དང་ནོ་བྷེལ་ཚོགས་ཆུང་ཁག་དང་མཉམ། འོས་གཞིའི་འདེམས་སྒྲུག་གི་ལས་དོན་མཐའ་དག་ཚགས་ཚུད་སྒྲུབ་རྒྱུར་རྟག་ཏུ་ཟུང་སྦྲེལ་འཛིན་སྐྱོང་པ་ཞིག་གི་ཐོག་ནས་འགན་འཁུར་ཕྱག་རོགས་གནང་བ་མ་གཏོགས། དེ་མིན་ནོ་བྷེལ་གཟེངས་རྟགས་ཀྱི་འོས་གཞིའི་མཚན་ཐོ་ཕྱོགས་བསྡུས་དང༌། དཔྱད་ཞིབ། མཐའ་མའི་ཐག་གཅོད་དང་གསལ་བསྒྲགས་བཅས་ཀྱི་འབྲེལ་ཡོད་ལས་དོན་གང་འདྲ་ཞིག་ལའང་དངོས་ཤུགས་བརྒྱུད་གསུམ་ནས་ཐེ་བྱུས་བྱེད་མི་ཆོག་ཅིང༌། དེ་ལྟར་བྱ་རྒྱུའི་དབང་ཚད་ཀྱང་རྩ་བ་ནས་མེད། ནོ་བྷེལ་གཟེངས་རྟགས་དྲུག་ལས་ལྔའི་འགན་འཁུར་གཙོ་བོ་སུ་ཌན་གྱི་སློབ་གཉེར་ཁང་ཆེན་མོ་བཞི་དང༌། འབྲེལ་ཡོད་གཟེངས་རྟགས་སོ་སོའི་ནོ་བྷེལ་ཚོགས་ཆུང་ཁག་ལ་ཡོད་ཀྱང༌།  ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་འགན་དབང་ཆ་ཚང་དེ་ནོར་ཝེ་གྲོས་ཚོགས་ནས་ཐད་བསྐོས་གནང་བའི་ནོར་ཝེ་ནོ་བྷེལ་ཚོགས་ཆུང༌ངམ་ནོར་ཝེཇིན་ ནོ་བྷེལ་ ཀམེཊི་( Norwegian-Nobel Committee )  ཞེས་པར་གནང་ཡོད། ནོ་བྷེལ་ཐེབས་རྩ་འདིས་ཕྱི་ལོ་༡༨༩༥ ལོའིི་ཟླ་༡༡ པའི་ནང་ཨེལ་ཕེཌ་ནོ་བྷེལ་མཆོག་དགོངས་པ་མ་རྫོགས་ལོ་གཅིག་སྔོན་ཚུད་ནས། ནོ་བྷེལ་གཟེངས་རྟགས་དེ་དག་ལོ་རེར་ཐེངས་རེ་འབུལ་རྒྱུའི་གསལ་བསྒྲགས་ཤིག་མཛད་ཡོད་ཀྱང༌། བློ་ཕམ་བྱ་འོས་པ་ཞིག་ལ་ཕྱི་ལོ་༡༨༩༦ ལོར་ནོ་བྷེལ་མཆོག་དགོངས་པ་རྫོགས་རྗེས་ཁོང་གི་ཞལ་ཆེམས་དེ་དག་དོན་འཁྱོལ་ལག་བསྟར་བྱ་ཕྱོགས་ཐད་འབྲེལ་ཡོད་མི་ཆེན་རྣམས་ཕན་ཚུན་དགོངས་ཚུལ་མི་མཐུན་པ་ཤུགས་ཆེ་བྱུང་བའི་རྐྱེན་གྱིས་མཐར་ལོ་ལྔ་ཧྲིལ་པོ་འདས་པའི་ཕྱི་ལོ་༡༩༠༡ ལོར་གཟེངས་རྟགས་རྣམས་འབུལ་རྒྱུའི་དངོས་གཞིའི་ལས་དོན་དབུ་འཛུགས་གནང་ཐུབ་ཙམ་བྱུང་ཡོད།
སྐུ་ཞབས་ཨལ་ཕེཌ་ནོ་བྷེལ་དམ་པ་མཆོག་གི་ཞལ་ཆེམས་ཡིག་ཆའི་འབྲུ་དོན་ལྟར། ནོ་བྷེལ་གཟེངས་རྟགས་ཁག་གི་ཆེད་དུ་ཁོང་གི་རྒྱུ་དངོས་ཇི་ཡོད་རྣམས་ཉེན་མེད་མ་རྩ་བརྟན་པོ་ཞིག་འཇོག་དགོས་པའི་འདུན་པ་ཤུགས་ཆེར་བསྟན་ཡོད་པ་ལྟར། སྐབས་དེ་དུས་ཁོང་གི་ཕྱག་རོགས་ན་གཞོན་སྐུ་ཞབས་རེག་ནོར་སོལ་མན་(Ragnor Solman) དང༌། སྐུ་ཞབས་ཨིན་ཇི་ནིཡར་ རུ་ཋོབ་ལིལ་ཇིཀུ་ཡིསཊ་(Engineer Rodolf Liljkuit) གཉིས་ནས་འཛམ་གླིང་ཡུལ་གྲུ་ཁག་ནང་ཁོང་གི་བཟོ་གྲྭ་སོགས་རྒྱུ་ནོར་ལོངས་སྤྱོད་ཇི་ཡོད་ཀྱི་རིན་ཐང་ཞིབ་གཤེར་ཐོ་བཀོད་བྱེད་སྐབས་ཁྱོན་བསྡོམས་སུཌན་གྱི་ཡུལ་དངུལ་ཀོ་རོ་ནོར་ཞེས་པ་ས་ཡ་སུམ་ཅུ་སོ་གཅིག་དང་ཕྱེད་ཀ་(༣༡.༥)ཡོད་པ་ཁོང་གཉིས་ཀྱི་ཞིབ་དཔྱད་ཡིག་ཆའི་ཚིག་ཐོར་གསལ་བར་འཁོད་ཡོད།  དངུལ་འབབ་འདི་ནི་ནོ་བྷེལ་ཐེབས་རྩའི་ཐོག་མའི་མ་དངུལ་གྱི་གཞི་རྩ་ལྟ་བུར་ཆགས་ཡོད། ནོ་བྷེལ་ཐེབས་རྩ་འི་མ་དངུལ་འདི་ཕྱི་ལོ་༡༩༩༣ ལོར་སུཌན་གྱི་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ(༡.༩)  བར་འཕེལ་བསྐྱེད་བྱུང་ཡོད་པ་ཡིག་ཆ་ཁག་ནང་གསལ་ཡོད།
   

ནོ་བྷེལ་གཟེངས་རྟགས་ཁག་གི་སྐོར།

གཟེངས་རྟགས་དང་པོ།  ནོ་བྷེལ་དངོས་ཁམས་རིག་པའི་གཟེངས་རྟགས་དང༌། གཟེངས་རྟགས་གཉིས་པ། ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་འདི་གཉིས་འབུལ་རྒྱུའི་འགན་དབང་ཆ་ཚང་སུཌན་གྱི་ཚན་རིག་སློབ་གཉེར་ཁང་ཆེན་མོ་རོཡལ་ སུཝེདིཤ་ ཨེ་ཀ་ཌེ་མི་ ཨོཕ་ སཡིནསི།(The Royal Swedesh Academy of Science) ཞེས་པར་གནང་ཡོད་ལ།  དེ་བཞིན།
གཟེངས་རྟགས་གསུམ་པ།  ནོ་བྷེལ་གསོ་བ་རིག་པའི་གཟེངས་རྟགས་ཀྱི་འགན་དབང་སུ་ཌན་གྱི་  གསོ་རིག་སློབ་གཉེར་ཁང་ཆེན་མོ་སྨན་གྱི་གཏར་གཅོད་སློབ་ཁང༌། རོཡལ་ཀེརོལིན་ མེཌིཀོ་ སརཇིཀལ་ ཨིནསིཊིཅུཊ་(The Royal Caroline     Medico-Surgical Institute) ཞེས་པར་གནང་ཡོད།
གཟེངས་རྟགས་བཞི་པ།  ནོ་བྷེལ་རྩོམ་རིག་གཟེངས་རྟགས།   གཟེངས་རྟགས་འདི་འབུལ་རྒྱུའི་འགན་དབང་ཡང་སུཌན་གྱི་ཚན་རིག་སློབ་གཉེར་ཁང་ཆེན་མོ་ རོཡལ་ སུཝེདིའཤ་ ཨེཀཌེམི ཨོཕ་ སཡིནསི་(The Royal Swedesh Academy of Science) ཞེས་པར་གནང་ཡོད།      འོན་ཀྱང༌།
གཟེངས་རྟགས་ལྔ་པ། ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་འགན་དབང་ཡོངས་རྫོགས་སྐུ་ཞབས་ནོ་བྷེལ་མཆོག་གི་ཐུགས་བཞེད་དང་ཞལ་ཆེམས་འབྲུ་དོན་ལྟར། ཁྱིམ་མཚེས་རྒྱལ་ཁབ་ནོར་ཝེ་ལ་གནང་ཞིང། དེའང། ནོར་ཝེ་ཇིན་ནོ་བྷེལ་ཚོགས་ཆུང་(Norwegian Nobel Committee) ཞེས་པར་གནང་ཡོད། ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་འགན་དབང་ཆ་ཚང་སྐུ་ཞབས་ཨལ་ཕེཌ་ནོ་བྷེལ་དམ་པ་དེས་ཁྱིམ་མཚེས་རྒྱལ་ཁབ་ནོར་ཝེ་ལ་གནང་བ་འདིས། སུ་ཌན་གྱི་ཡུལ་མི་རྣམས་རེ་ཞིག་ཧོན་འཐོར་དགོས་པ་ཞིག་བྱུང་བ་མ་ཟད། སུ་ཌན་ཡུལ་མི་རྣམས་ཀྱི་རྨི་ལམ་ནའང་མེད་པའི་ཁོང་གི་དགོངས་བཞེད་ཐག་གཅོད་འདིའི་རྒྱབ་ལྗོངས་གང་ཡིན་མིན་ད་བར་མཐའ་གཅིག་ཏུ་འགྲེལ་བརྗོད་གནང་ཐུབ་པ་བྱུང་མེད་སྐད།
ནོར་ཝེ་ཇིན་ཚོགས་ཆུང་འདིའི་འཐུས་མི་རྣམས་ནོར་ཝེ་གྲོས་ཚོགས་རང་ནས་ཐད་ཀར་བསྐོ་བཞག་མཛད་ཅིང༌། ཚོགས་ཆུང་འདིའི་འགན་བཞེས་ཐོག་ལོ་ལྟར་འཆར་ཅན་ཕྱི་ཟླ་༡༢ ཚེས་༡༠ ཉིན་སྐུ་ཞབས་ཨལ་ཕེཌ་ ནོ་བྷེལ་དམ་པ་མཆོག་གི་སྐུ་གཤེགས་དུས་དྲན་སྲུང་བརྩིའི་ཉིན་མོ་དང་བསྟུན། ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་དངོས་གཞིའི་མཛད་སྒོ་གོ་སྒྲིག་ཞུ་གི་ཡོད།  སྔོན་དུས་གཟེངས་རྟགས་ཀྱི་མཛད་སྒོ་རྣམས་ནོ་བྷེལ་སློབ་གཉེར་ཁང་གི་ཚོམས་ཆེན་ནང་གོ་སྒྲིག་ཞུས་མུས་ཀྱང༌། ཕྱིས་སུ་ཕྱི་ལོ་༡༩༩༠ ལོ་ནས་བཟུང་ད་བར་གཟེངས་རྟགས་ཀྱི་མཛད་སྒོ་རྣམས་ཨོས་ལོའི་གྲོང་ཁྱེར་གྱི་ཚོགས་ཆེན་ཁང་(Oslo Town Hall) ནང་གོ་སྒྲིག་ཞུ་མུས། སྔར་སྲོལ་ལྟར་གཟེངས་རྟགས་བཞེས་མཁན་ངོས་ནས་གཟེངས་རྟགས་ཀྱི་དངོས་གཞིའི་མཛད་སྒོ་གྲུབ་རྗེས། ཉིན་རྗེས་མ་དེར་འབྲེལ་ཡོད་བརྗོད་གཞིའི་ཐོག་གསུང་བཤད་རྒྱས་པོ་ཞིག་ཀྱང་གནང་དགོས་ཤིང༌།  གསུང་བཤད་དེའང་ཚོགས་ཁང་དེ་ཉིད་ནང་གོ་སྒྲིག་ཞུ་ཡི་ཡོད།
ཕྱི་ལོ་ ༡༩༨༩ ལོར་སྤྱི་ནོར་ྋགོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་སྐབས། ཚོགས་འདུུ་སྔ་རྗེས་གཉིས་ཀར་གྲོང་ཁྱེར་གྱི་ཚོགས་ཁང་ཆེན་མོ་དེའི་ནང་ནོ་བྷེལ་གཟེངས་རྟགས་ཀྱི་ལོ་རྒྱུས་ནང་སྔར་དང་མི་འདྲ་བའི་མི་ཚོགས་འདུ་འཛོམས་ཆེ་ཤོས་དང༌། མཛད་སྒོ་གྲ་རྒྱས་ཤོས། གཟི་བརྗིད་ཆེ་ཤོས་བྱུང་ཡོད་ཅེས་སྐབས་དེའི་གསར་ཤོག་ཁག་ནང་འགྲེལ་བརྗོད་བྱས་ཡོད་སྐད། མཛད་སྒོ་དེའི་སྐབས་ཡུ་རོབ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་རང་རེའི་སྤུན་ཟླ་རྣམས་ནས་གཞིས་བྱེས་བོད་མི་གཉིས་ཀའི་ཚབ་གནང་སྟེ་མ་བསྐུལ་དང་བླངས་ཀྱིས་གང་མང་ཆེད་བཅར་ཞུས་པར་བསྔགས་བརྗོད་ཞུ་གི་ཡོད།
གཟེངས་རྟགས་དྲུག་པ།  ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་སམ། ཡང་ན་ནོ་བྷེལ་དྲན་རྟེན་གྱི་གཟེངས་རྟགས། ནོ་བྷེལ་ མེ་མོ་རིཡལ་ པ་རའི་ཛི་( Nobel Memorial Prize ) འདི་ཕྱི་ལོ་༡༩༦༡ ལོར་སུཌན་གྱི་རྒྱལ་ཡོངས་དངུལ་ཁང་ནས།  སྐུ་གཤེགས་ཨལ་ཕེཌཧ ནོ་བྷེལ་དམ་པ་མཆོག་གི་དྲན་རྟེན་ཆེད་དམིགས་བསལ་གསར་གཏོད་མཛད་པའི་གཟེངས་རྟགས་ཤིག་ཡིན། དྲན་རྟེན་གཟེངས་རྟགས་གསར་པ་འདི་ཕྱི་ལོ་༡༩༦༡ ལོར་ཐོག་མར་གསལ་བསྒྲགས་གནང་བ་ཙམ་ལས། སྲོང་པོར་ཞུས་ན། སྔར་བཞིན་གཟེངས་རྟགས་འདི་ཡང་ལོ་ངོ་བརྒྱད་ཧྲིལ་པོ་སོང་བའི་རྗེས། མཐར་ཕྱི་ལོ་༡༩༦༩ ལོར་མ་གཏོགས་གཟེངས་རྟགས་འབུལ་རྒྱུའི་ལས་དོན་དངོས་གཞི་དབུ་འཛུགས་གནང་ཐུབ་མེད།
དཔལ་འབྱོར་རིག་པའི་ནོ་བྷེལ་གཟེངས་རྟགས་འབུལ་རྒྱུའི་འགན་དབང་ཡང༌། རོཡལ་ སུཝེདིའཤ་ ཨེཀ་ཌེ་མི་ ཨོཕ་ སཡིནསི་(The Royal Swedesh Academy of Science ) ཞེས་པའི་སུ་ཌན་གྱི་གཙུག་ལག་སློབ་གཉེར་ཁང་དེར་གནང་ཡོད། དྲན་རྟེན་གྱི་གཟེངས་རྟགས་འདིའི་འོས་གཞིའི་འདེམས་སྒྲུག་སོགས་ཀྱི་ལམ་སྲོལ་ཡང༌། ནོ་བྷེལ་གཟེངས་རྟགས་གཞན་དང་སྒོ་ཀུན་ནས་གཅིག་མཚུངས་སུ་ལག་བསྟར་གནང་བ་ལས་ཟུར་དུ་མེད་པ་མ་ཟད།  གཟེངས་རྟགས་དང་མཉམ་གནང་སྐྱེས་ཀྱི་དངུལ་འབོར་ལའང་ཁྱད་མེད་གཅིག་མཚུངས་ཡིན་ནོ། །

ནོ་བྷེལ་གཟེངས་རྟགས་ཀྱི་འོས་གཞིའི་མིང་འདོན་ཆོག་པའི་ཚོགས་པའམ་གང་ཟག་བྱེ་བྲག་པར་རྩ་བའི་ཁྱད་ཆོས་ཇི་འདྲ་ཞིག་ཚང་དགོས་ཤེ་ན།

  1. ནོ་བྷེལ་ཚོགས་ཆུང་གི་འཐུས་མི་བྱེད་བཞིན་པའམ། ཡང་ན་སྔར་བྱས་མྱོང་བ། དེ་བཞིན་ནོར་ཝེ་ནོ་བྷེལ་གཙུག་ལག་སློབ་གཉེར་ཁང་གི་སློབ་སྟོན་པའི་མཚན་གནས་ཡོད་པ།
  2. རྒྱལ་ཡོངས་ལྷན་ཚོགས་དང༌། སྲིད་གཞུང་ཁག་གི་འཐུས་མི། གཞན་ཡང་གྲོས་ཚོགས་ནང་ཕན་ཚུན་གྱི་མཐུན་འབྲེལ་ཚོགས་པའི་འཐུས་མི་ཡིན་པ།(Inter-Parliamentary Union
  3. རྒྱལ་སྤྱིའི་བར་འདུམ་ཁྲིམས་ཁང་དང༌།(International Court of Arbitration)ཧོའལེནཌ་གྱི་ས་གནས་ཧཱག་ཅེས་པར་ཡོད་པའི་རྒྱལ་སྤྱིའི་ཁྲིམས་ཁང་(International Court of Justice) གཉིས་ཀྱི་འཐུས་མི་ཡིན་པ།
  4. རྒྱལ་སྤྱིའི་ཁྲིམས་ཀྱི་སློབ་གཉེར་ཁང་གི་འཐུས་མི་ཡིན་པ།
  5. ད་ལྟའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་དང༌། ཆབ་སྲིད་རིག་པ། གཞན་ཡང་རྒྱལ་རབས་ལོ་རྒྱུས་དང་ནང་དོན་རིག་པ་བཅས་ཀྱི་པོར་ཕེ་སར་ཏེ། སློབ་དཔོན་ཆེན་པོ་ཞེས་པའི་མཚན་གནས་སམ་གོ་གནས་ཡོད་པ། 
  6. རྒྱལ་སྤྱིའི་ཞི་བདེའི་དོན་གཅོད་ཁང་གི་འཐུས་མི་ཡིན་པ། (International Peace Bureau)
  7. ནོ་བྷེལ་ཞི་བདེའི་གཟེངས་རྟགས་སོགས་གཟེངས་རྟགས་གང་ཡང་རུང་བ་ཞིག་བཞེས་མྱོང་བའི་མཁས་དབང་རྣམ་པ་བཅས་ཡིན།

གོང་གསལ་སློབ་གཉེར་ཁང་དང༌། ཚོགས་པ་ཁག གཞན་ཡང་ནོ་བྷེལ་གཟེངས་རྟགས་བཞེས་མྱོང་བའི་མཁས་དབང་རྣམ་པ་བཅས་ལ་གཟེངས་རྟགས་ཀྱི་འོས་གཞིའི་ཆེད་མཚན་ཐོ་འབུལ་ཆོག་པའི་དབང་ཚད་ཡོད་ལ། དེ་མིན་གཞན་སུ་ལའང་གཟེངས་རྟགས་ཀྱི་འོས་གཞིའི་ཆེད་མཚན་ཐོ་གསར་འབུལ་ཆོག་པའི་ཐོབ་ཐང་རྩ་བ་ནས་མེད།
 

ནོ་བྷེལ་གཟེངས་རྟགས་ཀྱི་འོས་གཞིའི་འདེམས་སྒྲུག་དང་བྱ་དགའི་སྐོར།

གཟེངས་རྟགས་ཁག་གི་འདེམས་སྒྲུག་གི་ལས་དོན་དངོས་གཞི་ནི། སྟོན་དུས་ཤར་བ་དང་འགོ་འཛུགས་གནང་ཞིང༌། སྐབས་དེར་སྐུ་གཤེགས་ཨལ་ཕེཌ་ ནོ་བྷེལ་མཆོག་གི་ཞལ་ཆེམས་རྩ་ཚིག་འབྲུ་དོན་ལྟར། དབང་ཚད་ལྡན་པའི་མཁས་དབང་དང༌། འབྲེལ་ཡོད་ཚོགས་སྡེ་ཁག་ལ་གཟེངས་རྟགས་ཆེད་འོས་གཞིའི་མཚན་ཐོ་གཏོང་རྒྱུའིགསལ་བསྒྲགས་གཏོང་གནང་མཛད་ཀྱི་ཡོད། 
འོས་གཞིའི་འདེམས་སྒྲུག་གི་རྩ་བའི་ཁྱད་ཆོས་ནི། གང་ཟག་དང་ཚོགས་སྡེ་བྱེ་བྲག་པ་སོ་སོས་ལོ་དེའི་ནང་རྒྱལ་ཁབ་དང༌། སྤྱི་ཚོགས་ཀྱི་ཞི་བདེ་དང་འགྲོ་བ་མིའི་བདེ་སྐྱིད་ལ་སྨན་པའི་དམིགས་བསལ་མཛད་རྗེས་རྩེ་ཕུད་ཅན་གྱི་ཕྱག་ལས་ནུས་པ་ཐོན་པ་གང་གང་གནང་ཡོད་མེད་སོགས་ལ་གཞིགས་ཏེ་འོས་འདེམས་གནང་དགོས་ཤིང༌། དབང་ཚད་ལྡན་པའི་གང་ཟག་གམ། ཡང་ན། ཚོགས་པ་གང་ཞིག་གིས་རང་ཉིད་ཀྱི་མིང་འོས་གཞིའི་ནང་མིང་འདོན་རིགས་གཏན་ནས་བྱེད་མི་ཆོག་ཅིང༌།  གལ་ཏེ་བྱུང་ཚེ་འོས་གཞི་དེ་རིགས་རང་བཞིན་གྱིས་བརྩི་མེད་དུ་གཏོང་གི་ཡོད། གཟེངས་རྟགས་ཀྱི་འོས་གཞིའི་མཚན་ཐོ་ཁག་འབྲེལ་ཡོད་ནོ་བྷེལ་ཚོགས་ཆུང་སོ་སོར་ཡིག་ཐོག་ཏུ་ཕྱི་ཟླ་༢ ཚེས་༡ འགྱངས་མེད་ངེས་པར་འབྱོར་ཟིན་པ་ཕུལ་དགོས་ཀྱི་ཡོད།
ཕྱི་ཟླ་༢ ཚེས་༡ ཉིན་གཟེངས་རྟགས་དྲུག་པོ་སོ་སོར་ནོ་བྷེལ་ཚོགས་ཆུང་རེ་ཡོད་པས།  ཚོགས་ཆུང་དྲུག་པོ་དེས་དབང་ཚད་ལྡན་པའི་གང་ཟག་གམ་ཚོགས་པ་ཁག་གིས་རྒྱབ་གཉེར་བྱས་པའི་འོས་གཞིའི་མཚན་ཐོ་འབྱོར་བ་རྣམས་ཞིབ་འཇུག་བྱ་རྒྱུའི་ཕྱག་ལས་དངོས་གཞི་དབུ་འཛུགས་གནང་གི་ཡོད།  གལ་ཏེ་འོས་གཞིའི་འདེམས་སྒྲུག་དང་ཐག་གཅོད་བྱ་རྒྱུར་དཀའ་རྙོག་རྐྱེན་དགོས་གལ་གྱི་གནས་ཚུལ་རིགས་བྱུང་ཚེ། ཚོགས་ཆུང་དེ་དག་གིས་འབྲེལ་ཡོད་བརྗོད་གཞིའི་ཐོག མི་རིགས་དང་རྒྱལ་ཁབ་རིས་སུ་མ་ཕྱེ་བའི་མཁས་དབང་སྙན་གྲགས་ཅན་ཟུར་དུ་གདན་ཞུ་མཛད་དེ། འདེམས་སྒྲུག་ཚད་ལྡན་ཡོང་ཐབས་སུ་གྲོས་བསྡུར་ཞིབ་ཕྲ་གནང་བའི་ལམ་སྲོལ་ཡང་ཡོད། ཕྱི་ཟླ་༡༠ དང་ཕྱི་ཟླ་༡༡ པའི་ཚེས་ཤར་ནང་ཚུད།  ནོ་བྷེལ་ཚོགས་ཆུང་སོ་སོའི་རྒྱབ་གཉེར་མཚན་རྟགས་འཁོད་པའི་གཟེངས་རྟགས་ཀྱི་གལ་ཆེའི་ཡིག་ཆ་ཁག་ནོ་བྷེལ་གཟེངས་རྟགས་ཁག་གི་འབྲེལ་ཡོད་ལྷན་ཚོགས་སོ་སོར་ཕུལ་ཟིན་པ་དགོས་ཤིང༌། འོས་གཞི་འདེམས་སྒྲུག་བྱ་རྒྱུར་དཀའ་རྙོག་ཡོད་མེད་ལ་མ་ལྟོས་པར། འགན་དབང་ལྡན་པའི་ལྷན་ཚོགས་སོ་སོས་ཕྱི་ཟླ་༡༡ པའི་ཚེས་༡༥ འགྱངས་མེད་མཐའ་མའི་འོས་གཞིའི་མཚན་ཐོ་ཁག་ཐག་གཅོད་གནང་ཟིན་པ་དགོས་ཀྱི་ཡོད།  ནོ་བྷེལ་ཚོགས་ཆུང་ཁག་གིས་རྒྱབ་གཉེར་ཐག་གཅོད་ཟིན་པའི་མཚན་ཐོ་ཁག་ལ། གཟེངས་རྟགས་ཀྱི་འགན་དབང་ལྡན་པའི་ལྷན་ཚོགས་སོ་སོས་མཐའ་གཅིག་ཏུ་དེར་བརྩི་བཀུར་དང་དེའི་རྗེས་སུ་འབྲང་དགོས་པའི་ཁྱབ་པའམ་ངེས་པ་མེད།
འོས་གཞིའི་ཞིབ་བཤེར་དང་འོས་འདེམས་ཀྱི་བྱེད་སྒོ་མཐའ་དག་གསང་རྒྱ་དམ་པོའི་ངང་གནང་སྲོལ་ཡོད།  ནོ་བྷེལ་གཟེངས་རྟགས་ནི།  གང་ཟག་སྒེར་ཞིག་གིས་ལྷན་ཚོགས་སུ་ཐད་ཀར་སྙན་ཞུ་ཕུལ་བའམ། ཡང་ན། ཆབ་སྲིད་ཀྱི་ནུས་ཤུགས་ལྡན་པའི་གཞུང་འབྲེལ་མི་སྣ་ཁག་དང༌། སྲིད་དོན་ཚོགས་པ་ཁག་གི་རྒྱབ་གཉེར་སོགས་ལ་བརྟེན་ནས་ཐོབ་ཀྱི་ཡོད་པའི་གནས་ཚུལ་ཞིག་གཏན་ནས་མིན།   ནོ་བྷེལ་ལྷན་ཚོགས་རྣམས་ནི་སྒེར་གྱི་རང་དབང་ལྡན་པའི་ལྷན་ཚོགས་ཞིག་ལ་སོང༌། གཞུང་འབྲེལ་མི་སྣའམ་སྲིད་དོན་ཚོགས་པ་སོགས་སུ་འདྲ་ཞིག་གིས་ཀྱང་གཟེངས་རྟགས་ཀྱི་སྔ་རྗེས་བར་གསུམ་གྱི་ལས་དོན་ཐོག་དངོས་ཤུགས་བརྒྱུད་གསུམ་དུ་ཐེ་བྱུས་ཡེ་ནས་བྱེད་མི་ཆོག་ལ།  དེ་ལྟར་བྱ་རྒྱུའི་གོ་སྐབས་ཀྱང་ཧ་ལམ་ད་ཡོད་ལམ་སྲོལ་གཞིར་བཟུང་ལྟར་ན་མེད་པ་འདྲ་བོ་རེད།  
གཏན་འབེབས་ལམ་སྲོལ་ལྟར། སྐུ་ཚེ་མ་ཟིན་པའི་མཁས་དབང་ཆེ་གེ་མོའི་མཚན་ཐོག་ཏུ་གཟེངས་རྟགས་འབུལ་རྒྱུ་ལྟ་ཞོག   མཚན་ཐོ་དེ་རིགས་འོས་གཞིའི་ནང་དུའང་མིང་འདོན་བྱེད་མི་ཆོག  འོན་ཀྱང༌། མཁས་དབང་གང་ཞིག་གཟེངས་རྟགས་གང་ཡང་རུང་བ་ཞིག་གི་ཆེད་སྔོན་དུ་མཚན་ཐོ་གསལ་བསྒྲགས་གནང་ཟིན་པའི་རྗེས། གལ་ཏེ་སྐུ་ཚེ་མི་བརྟན་པའི་རིགས་བྱུང་ཚེ། ཚེ་འདས་མཁས་དབང་དེ་ལྟ་བུའི་མཚན་ཐོག་གཟེངས་རྟགས་འབུལ་རྒྱུའི་ལམ་སྲོལ་ཡོད། གཟེངས་རྟགས་ཀྱི་འགན་དབང་ལྡན་པའི་ནོ་བྷེལ་ཚོགས་ཆུང་ཁག་དང༌། གཞན་ཡང་འབྲེལ་ཡོད་གཙུག་ལག་སློབ་གཉེར་ཁང་རྣམས་སྲིད་གཞུང་དང༌། སྲིད་དོན་ཚོགས་པ་ཁག་སུ་ལའང་བསྟེན་བསྟུན་མི་དགོས་པར་སྒེར་གྱི་རང་དབང་སྟངས་འཛིན་ལྡན་པའི་ཚོགས་པ་ཞིག་ལ་སོང༌། གལ་ཏེ་འབྲེལ་ཡོད་ཚོགས་ཆུང་དང་ལྷན་ཚོགས་ཁག་གི་འཐུས་མི་རྣམས་ནས་བློ་གཟུ་བོར་གནས་ཏེ་དྲང་བདེན་ཕྱོགས་རིས་མེད་པའི་འདེམ་སྒྲུག་སྤུས་དག་ཚད་ལྡན་ཞིག་གནང་ཚེ། གཟེངས་རྟགས་ཀྱི་འོས་གཞིའི་འདེམས་སྒྲུག་དང་ཐག་གཅོད་ཁག་དྲང་བདེན་ཞིག་ཡོང་རྒྱུར་ཕྱིའི་གནོན་ཤུགས་ཀྱིས་འགལ་རྐྱེན་འོག ཕྱག་ལས་གནང་སྟབས་མི་བདེ་བ་ཡོང་རྒྱུའི་གོ་སྐབས་ཤིག་ཕལ་ཆེར་མེད་པ་ལྟ་བུ་རེད། ཡིན་ནའང། ནོ་བྷེལ་གཟེངས་རྟགས་ཀྱི་འདས་པའི་ལོ་རྒྱུས་ནང་ཕྱི་མིག་གཟིགས་ཙམ་གནང་ཚེ།  སྐབས་འགར་བློ་ཡུལ་དུའང་མི་ཤོང་བའི་བློ་ཕམ་གྱི་གནས་ཚུལ་མང་དག་ཅིག་བྱུང་འདུག་པའི་ཁོངས། ད་རེས་འདིར་དཔེ་མཚོན་ལྟ་བུར་གནས་ཚུལ་འགའ་ཞིག་ཐུགས་སྣང་ཅན་རྣམས་ཀྱི་ཆེད་གཤམ་དུ་བསྐྱར་བཟློས་བྱ་རྒྱུའི་འབད་བརྩོན་ཞུས་ཡོད། 

ནོ་བྷེལ་གཟེངས་རྟགས་དང་གནང་སྐྱེས་སྐོར།

ནོ་བྷེལ་གཟེངས་རྟགས་སོ་སོའི་མཉམ་དུ་གསེར་གྱི་རྟགས་མ་ཞིག་དང༌། བསྔགས་བརྗོད་ཀྱི་ཕྱག་ཁྱེར། གཞན་ཡང༌། ནོ་བྷེལ་ཐེབས་རྩའི་ལོ་རེའི་མ་དངུལ་གྱི་སྐྱེད་ཀའི་ཡོང་འབབ་ལ་གཞིགས་ཏེ་གཟེངས་རྟགས་སོ་སོར་ཆ་སྙོམས་ཀྱིས་ཆ་བགོས་གནང་བའི་དངུལ་གྱི་གནང་སྐྱེས་སམ་རྔན་པ་ཕོན་ཆེན་ཞིག་ཀྱང་ཡོད།  དངུལ་གྱི་གནང་སྐྱེས་ཕྱི་ལོ༡༩༠༡ ལོར་ནོ་བྷེལ་གཟེངས་རྟགས་དང་པོ་དེ་གནང་སྐབས།  གཟེངས་རྟགས་རེ་རེའི་མཉམ།  སུཌན་གྱི་ཡུལ་དངུལ་ཀོ་རོ་ཎར་ཞེས་པ་ཆིག་འབུམ་ལྔ་ཁྲི་བརྒྱད་བརྒྱ་ཐམ་པ་(༡.༥༠.༨༠༠)། ཨ་སྒོར་དུ་རྩིས་ན་ཨ་སྒོར་ཁྲི་བཞི་(༤༠༠༠༠)རེ་གནང་ཡོད་ཀྱང༌། ཕྱི་ལོ་༡༩༢༣ ལོར་གནང་སྐྱེས་དངུལ་འབབ་ཅུང་ཆག་སྟེ་སུ་ཌན་གྱི་ཀོ་རོ་ནར་ཆིག་འབུམ་ཆིག་ཁྲི་ལྔ་སྟོང་ཐམ་པ་(༡.༡༥.༠༠༠) མ་གཏོགས་ཕུལ་ཐུབ་མེད། འོན་ཀྱང་ཕྱིས་སུ་ཕྱི་ལོ་༡༩༨༡ ལོར་སུཌན་གྱི་སྒོར་ས་ཡ་གཅིག(༡༠.༠༠.༠༠༠) ཕྱི་ལོ་༡༩༨༦ ལོར་སུཌན་གྱི་སྒོར་ས་ཡ་གཉིས(༢༠.༠༠.༠༠༠)། ཕྱི་ལོ་༡༩༨༩ ལོར་སུཌན་གྱི་སྒོར་ས་ཡ་གསུམ (༣༠.༠༠.༠༠༠)། ཕྱི་ལོ་༡༩༩༠ ལོར་སུཌན་གྱི་སྒོར་ས་ཡ་བཞི(༤༠.༠༠.༠༠༠)། ཕྱི་ལོ་༡༩༩༡ ལོར་གཟེངས་རྟགས་རེ་རེའི་མཉམ་སུཌན་གྱི་སྒོར་ས་ཡ་དྲུག་(༦༠.༠༠.༠༠༠) དང༌། ཕྱི་ལོ་༡༩༩༣ ལོར་སུཌན་སྒོར་ས་ཡ་དྲུག་དང་འབུམ་བདུན(༦༧.༠༠.༠༠༠)། ཨ་སྒོར་དུ་བསྒྱུར་ན་ཨ་རིའི་སྒོར་བརྒྱད་འབུམ་ཉི་ཁྲི་ལྔ་སྟོང་(༨.༢༥.༠༠༠)ཙམ་རེ་ཡོད་པར་གཞིགས་ན། ད་ཆ་ནོ་བྷེལ་གཟེངས་རྟགས་རེ་རེའི་མཉམ་དུ་གནང་སྐྱེས་དངུལ་འབབ་ཕལ་ཆེར་གོང་གསལ་དངུལ་འབབ་དེ་ལས་ཀྱང་ཧ་ཅང་གི་མང་བ་ཞིག་ཡོད་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།
 

གཟེངས་རྟགས་ཀྱི་ལམ་སྲོལ།

གཞི་རྩའི་གཟེངས་རྟགས་ཀྱི་ལམ་སྲོལ་རྣམས་སྐུ་གཤེགས་ཨལ་ཕེཌ་ ནོ་བྷེལ་དམ་པ་མཆོག་གི་ཞལ་ཆེམས་སུ་ལམ་སྟོན་གནང་བ་གཞིར་བཟུང་ལག་བསྟར་མཛད་མུས། གཏན་འབེབས་ལམ་སྲོལ་གཞིར་བཟུང༌། ཞི་བདེའི་གཟེངས་རྟགས་མ་གཏོགས་གཟེངས་རྟགས་གཞན་ལྔ་པོ་རྣམས། རབ་ཏུ་དཀའ་རྙོག་མེད་ཚེ་ཐད་ཀར་མཁས་དབང་བྱེ་བྲག་པ་གཅིག་གམ། དེ་མིན་གཉིས་སམ་གསུམ་ཟུང་སྦྲེལ་དུ་གནང་བ་ལས་ཚོགས་སྡེ་ཁག་ལྟ་བུར་གནང་བའི་ལམ་སྲོལ་མེད། ཞི་བདེའི་གཟེངས་རྟགས་ནི་གཟེངས་རྟགས་གཞན་དང་མི་འདྲ་བར། གང་ཟག་སྒེར་ཙམ་དུ་མ་ཟད། འགྲོ་བ་མིའི་དཀའ་སྡུག་སེལ་ཕྱིར་ལྷག་བསམ་བཟང་པོས་ཁ་ཡོད་ལག་ཡོད་སྤྱི་ཚོགས་ཀྱི་ཞབས་ཞུར་ཧུར་བརྩོན་ལྡན་པའི་ཚོགས་སྡེ་ཁག་ལའང་གནང་ཆོག་ཅིང༌། ད་བར་ཞི་བདེའི་གཟེངས་རྟགས་ཐོབ་པའི་མཛད་རྗེས་ཅན་གྱི་ཚོགས་པ་ཁག་གི་མིང་འགའ་ཞིག་དཔེ་མཚོན་ལྟ་བུར་ཞུ་ན་གཤམ་གསལ།

  1. ཇེནིཝའི་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ལྷན་ཚོགས།༡༩༡༧།༡༩༤༤།༡༩༦༣ ( International Red Cross Committee,Geneva )
  2. རྒྱལ་སྤྱིའི་ཞི་བདེའི་དོན་གཅོད་ཁང༌། ( International Peace Bureau )
  3. མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཕྲུ་གུའི་ཐེབས་རྩ། ༡༩༦༥ ( United Nations Children’s Fund  (UNICEF )
  4. རྒྱལ་སྤྱིའི་ཉེས་ཆད་གུ་ཡངས་ཚོགས་པ། ༡༩༧༧ ( Amnesty International )
  5. མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་མཐོ་རིམ་འགན་འཛིན་ལྷན་ཚོགས། ༡༩༥༤ དང་ ༡༩༨༡  ( Office of the UN’s High Commission for Refugee )
  6. རྒྱལ་སྤྱིའི་ངལ་རྩོལ་སྒྲིག་འཛུགས། ༡༩༦༩ ( International Labour Organisation )

གཟེངས་རྟགས་ཁག་འབུལ་རྒྱུའི་མཛད་སྒོ་རྣམས་གྲུབ་རྗེས། དོ་བདག་སོ་སོ་ནས་དུས་བཀག་ནང་ཚུད་གཟེངས་རྟགས་བཞེས་མ་ཐུབ་པའམ། ཡང་ན། མ་བཞེས་པ། རང་ཉིད་གང་དུ་གཏོགས་པའི་རྒྱལ་ཁབ་དེའི་སྲིད་གཞུང་གིས་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་གཟེངས་རྟགས་བཞེས་རྒྱུར་འགོག་རྐྱེན་བྱས་པའི་གནས་ཚུལ་རིགས་བྱུང་ཚེ། གནང་སྐྱེས་དངུལ་འབབ་རྣམས་ཐེབས་རྩའི་མ་དངུལ་དུ་ཕྱིར་འཇོག་གནང་ཞིང༌། འོན་ཀྱང༌། མཁས་པའམ་ཚོགས་སྡེ་དེའི་མཚན་གཟེངས་རྟགས་བཞེས་མཁན་གྱི་མཚན་གཞུང་ནས་ཕྱིར་འཐེན་ནམ་མཚན་བསུབ་མ་མཛད་པར། མཚན་ཟུར་དུ། (གཟེངས་རྟགས་བཞེས་མེད་)ཅེས་ཟུར་མཆན་ཞིག་བཀོད་དེ་མཚན་གཞུང་གི་གོ་རིམ་ཇི་བཞིན་འཇོག་གནང་གི་ཡོད།
ཡང་མཁས་དབང་འགས་དུས་ཡུན་གང་འཚམ་རྗེས་སུ་རང་ཉིད་ཀྱི་གཟེངས་རྟགས་བསྐྱར་བཞེས་བྱ་རྒྱུའི་འདུན་པ་དང་རྒྱུ་མཚན་གསལ་བཤད་དང་སྦྲགས་སྙན་ཞུ་འབུལ་མཁན་རིགས་བྱུང་ཚེ། དེ་ལྟའི་གནས་སྟངས་སྐབས། བསྔགས་བརྗོད་ཀྱི་ཕྱག་ཁྱེར་དང༌། དེ་མཉམ་གསེར་གྱི་རྟགས་མ་མ་གཏོགས། དེ་མིན་དེ་མཉམ་གྱི་གནང་སྐྱེས་དངུལ་འབབ་རྣམས་གནང་སྲོལ་རྩ་བ་ནས་མེད། གནང་སྐྱེས་དངུལ་འབབ་དེ་དག་ལན་གཅིག་ཐེབས་རྩའི་མ་དངུལ་ནང་ཕྱིར་བསྡུ་ཟིན་རྗེས་སླར་གནང་བའི་ལམ་སྲོལ་མེད་དོ། །
སྐབས་འགའ་ཞིག་ཏུ། བཟློག་ཏུ་མེད་པའི་གནས་སྟངས་ཀྱི་རྐྱེན་པས་ལོ་རེའི་གཟེངས་རྟགས་འབུལ་རྒྱུ་ཕྱི་བཤོལ་བྱ་དགོས་པའི་གནས་ཚུལ་ཡང་བྱུང་ཡོད། དེ་ནི་གཙོ་ཆེར་སྐུ་གཤེགས་ནོ་བྷེལ་མཆོག་གི་ཞལ་ཆེམས་གཞིར་བཟུང་ལོ་དེར་འོས་ཆོས་ཚང་བའི་འོས་གཞི་ཚད་ལྡན་མ་རྙེད་པའམ། ཡང་ན། འཛམ་གླིང་དམག་ཆེན་གཉིས་པའི་གནས་སྐབས་ལྟ་བུ་རེད།

 ཨལ་ཕེཌ་ནོ་བྷེལ་དམ་པ་མཆོག་ལ་ཞི་བདེའི་ལས་འགུལ་གྱི་ཐོག་མའི་བསམ་ཚུལ་རྙེད་ཚུལ།

སྐུ་ཞབས་ཨལ་ཕེཌ་ནོ་བྷེལ་མཆོག་ལ་ཞི་བའི་ལས་འགུལ་གྱི་བསམ་ཚུལ་ཐོག་མར་རྙེད་ཚུལ་ནི། ནོ་བྷེལ་མཆོག་འཛམ་གླིང་འདིར་ཆེས་ཉེན་ཚབས་ཆེ་བའི་འབར་རྫས་ཀྱི་རིག་པ་ཐོག་མར་གསར་གཏོད་གནང་མཁན་དེ་ཡིན་ལ། འབར་རྫས་དེའི་བཟོ་བསྐྲུན་དང་ཚོང་བསྒྱུར་ཁྱབ་སྤེལ་གནང་མཁན་ཡང་ཡིན། ཁོང་གི་ཕ་མའི་རྒྱུད་པ་རྣམས་རང་བཞིན་གྱིས་བློ་རིག་བཀྲ་བས་ཉམས་ཞིབ་དང་གསར་འཚོལ་ལས་ཀར་དགའ་བ་མ་ཟད། ཞོར་དུ་རྩོམ་རིག་གི་ཐོག་ལའང་ཐུགས་སྣང་ཡོད་མཁན་ཞིག་ཡིན་སྟབས། སྐབས་ཤིག་ཁོང་གི་མི་ཚེའི་ནང་ཨཱས་ཏྲི་ཡའི་ཡུལ་ནས་ཡིན་པའི་བུད་མེད་འཇོན་ཐང་ལྡན་ཞིང་རྩོམ་བྲིས་ལ་མཁས་པ་ལྕམ་སྐུ་བྷར་ཐཱ་ཝེན སུཊ་ནར་(Bertha Von Suttner)ཞེས་པ་ཞིག་དང་ཐུགས་འདྲིས་བྱུང་ཞིང༌། མོའི་ཞི་བའི་ལས་འགུལ་དང་འབྲེལ་བའི་རྩོམ་བྲིས་ཁག་དང༌། རྒྱལ་སྤྱིའི་ཞི་བདེའི་ལས་འགུལ་ལ་སྨན་པའི་ལས་དོན་བྱ་ཕྱོགས་རྣམས་ལ་དམ་པ་མཆོག་ཐུགས་ཡིད་འཕྲོག་སྟེ་བསྔགས་བརྗོད་ཀྱང་མཛད་ཡོད། སྐབས་དེར་ཁོང་གིས་མོའི་མཛད་རྗེས་རྣམས་ལ་དམིགས་བསལ་དོ་སྣང་དང་ཐུགས་ཞིབ་ཚགས་པོ་གནང་བ་དེས་ཁོང་གི་བསམ་བློའི་ནང་དུའང་སྐུ་ལྕམ་བྷར་ཏ་ཝོན་མཆོག་གིས་ཡུ་རོབ་ནང་ཞི་བདེ་ལྷིང་འཇགས་ཡོང་བའི་ཆེད།  མོའི་འབད་བརྩོན་དང་སྙིང་རུས། ཕྱག་ལས་གནང་སྟངས་ཀྱི་སྙིང་སྟོབས་དེས་ཨལ་ཕེཌ་དམ་པ་མཆོག་ལ་སེམས་འགུལ་ཆེན་པོ་ཐེབས་སྟེ།  ཁོང་གི་དགོངས་གཞིར་ཡང་ཞི་བདེའི་ལས་འགུལ་ཞིག་སྤེལ་ཐུབ་ན་སྙམ་པའི་བསམ་ཚུལ་ཐོག་མ་དེ་བྱུང་ཡོད། བསམ་ཚུལ་དེ་བཞིན་ཉམས་མེད་གོང་འཕེལ་གཏོང་ཐབས་སུ་ཕྱི་ལོ་༡༨༩༢ ལོར་ཁོང་གིས་ཏུར་ཀིའི་ཡུལ་གྱི་གཞུང་འབྲེལ་སྐུ་ཚབ་ཟུར་པ་ ཨ་རིས་ ཊར་ཅི བྷེ (Aristarchi Bay)  ཞེས་པ་ཞིག ཞི་བདེའི་ལས་འགུལ་ཚགས་ཚུད་པོ་ཞིག་སྤེལ་ཐབས་སུ་དམིགས་སྟེ་རང་ཉིད་ཀྱི་དམིགས་བསལ་སློབ་སྟོན་པར་བསྐོ་བཞག་མཛད་པ་མ་ཟད། རིམ་བཞིན་སྔར་མེད་ཞི་བདེའི་གཟེངས་རྟགས་ཤིག་ཀྱང་ནོ་བྷེལ་གཟེངས་རྟགས་གཞན་དང་མཉམ་དུ་གསར་གཏོད་གནང་ཞིང༌། ཞི་བདེའི་གཟེངས་རྟགས་འདི་ནི་དེང་སྐབས་འཛམ་གླིང་ནང་གཟེངས་རྟགས་ཀུན་གྱི་གཙུག་གི་རྒྱན་ནམ་ཅོད་པཎ་ལྟ་བུར་བསྔགས་བཞིན་པ་འདི་ཉིད་ཡིན་ནོ། ། 
སྐུ་གཤེགས་ཨལ་ཕེཌ་ནོ་བྷེལ་དམ་པ་མཆོག་གལ་ཏེ་ལོ་ཤས་དགོངས་པ་རྫོགས་མེད་ཚེ་ཞི་བདེའི་གཟེངས་རྟགས་དང་པོ་དེ་བུད་མེད་རྩོམ་བྲིས་པ་མཁས་དབང་སྐུ་ལྕམ་བྷར་ཐཱ་ཝོན་མཆོག་ལ་འབུལ་རྒྱུ་ཐེ་ཚོམ་མེད་ངེས་ཀྱང༌།   ཁོང་སྐུ་གཤེགས་པའི་རྗེས་ཁོང་གི་འདོད་འདུན་དེར་སུས་ཀྱང་དོ་སྣང་དང་བརྩི་བཀུར་གནང་མཁན་བྱུང་མེད་ལ། ཞི་བདེའི་གཟེངས་རྟགས་དང་པོ་དེ་ཡང་ཕྱི་ལོ་ ༡༩༠༡ ལོར་སྐུ་ལྕམ་བྷར་ཐ་ཝོན་མཆོག་གི་ཚབ་ཏུ་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་རོགས་ཚོགས་(International Red Cross) དང༌། ཝའི་ ཨེམ་ སི་ ཨེ་(YMCA)ཞེས་པའི་ཚོགས་པ་སྙན་གྲགས་ཅན་འདི་གཉིས་ཐོག་མར་སྲོལ་གཏོད་མཛད་མཁན་སུད་སིའི་སྐུ་ཞབས་ ཇིན་ ཧེནརི་ ཌུ་ནྣཊ་ (Jean Henry Dunant) མཆོག་དང༌།  ཕ་རན་སིའི་དཔལ་འབྱོར་རིག་པར་མཁས་ཤིང༌། རྒྱལ་སྤྱིའི་བར་འདུམ་གྱི་ཁྲིམས་རྩོད་པ་སྐུ་ཞབས་ ཕེ་ཌི་རིཀ་ པཱ་སི་(Federick Passy) མཆོག་རྣམ་གཉིས་ཟུང་སྦྲེལ་ཐོག་གནང་སྟེ།  སྐུ་གཤེགས་ཨལ་ཕེཌ་ ནོ་བྷེལ་མཆོག་གི་ཐུགས་བཞེད་ལ་རྩིས་མེད་དང་རྡོག་རོལ་ཐོག་མ་དེ་གཏོང་འགོ་ཚུགས་པ་ལྟ་བུ་རེད། ཡིན་ནའང༌། ནོ་བྷེལ་མཆོག་གི་འདོད་འདུན་འདི་བཞིན་མཐའ་གཅིག་ཏུ་དོ་སྣང་མ་སྤྲད་པར་གཏན་དུ་སྐྱུར་ཐབས་མེད་པ་ཞིག་ལ་སོང༌། མཐར་ཕྱི་ལོ་༡༩༠༥ ལོའི་ཞི་བདེའི་གཟེངས་རྟགས་དེ་ལྕམ་སྐུ་བྷར་ཐ་ཝོན་མཆོག་ལ་གནང་སྟེ། ནོ་བྷེལ་གཟེངས་རྟགས་ཀྱི་ལོ་རྒྱུས་ནང་བུད་མེད་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་པོ་དེ་ཡིན་པ་མ་ཟད། འཛམ་གླིང་ནང་བུད་མེད་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཐོག་མ་དེ་ཡང་ཆགས་ཡོད། 

ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་འགན་དབང་ཁྱིམ་མཚེས་རྒྱལ་ཁབ་ནོར་ཝེ་ལ་གནང་བའི་སྐོར།

མཐའ་དོན། སྐུ་ཞབས་ཨལ་ཕེཌ་ ནོབྷེལ་མཆོག་གིས་གཟེངས་རྟགས་ལྔ་པོ་དེའི་ཁོངས་ནས། རང་ཉིད་ཀྱི་ཡུལ་སུཌན་གྱི་འགན་དབང་ཐོག་གཟེངས་རྟགས་ཁག་བཞི་དང༌། གཟེངས་རྟགས་དེ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུ་ཞི་བདེའི་གཟེངས་རྟགས་དེའི་འགན་དབང་ཆ་ཚང་ཁྱིམ་མཚེས་རྒྱལ་ཁབ་ནོར་ཝེ་ལ་གནང་ཡོད། དོན་གནད་འདིའི་ཐོག་མཁས་པ་ཁག་དང་ཡུལ་མི་རྣམས་ནས་སོ་སོ་སོའི་རྣམ་རྟོག་གིས་རྟོག་བཟོ་བྱས་པའི་བསམ་ཚུལ་འདྲ་མིན་སྣ་ཚོགས་ཤིག་འགྲེལ་བརྗོད་བྱས་པ་ཙམ་ལས། འདིའི་སྐོར་སྐུ་ཞབས་ཨལ་ཕེཌ་ ནོ་བྷེལ་མཆོག་གི་རྩོམ་རིག་ལ་སོགས་པའི་ཡིག་ཆ་གང་གི་ནང་དུའང་གསལ་ཁ་ཕལ་ཆེར་རྙེད་མེད་སྟབས་ད་དུང་ལྐོག་གྱུར་འབའ་ཞིག་གི་ངང་དུ་གནས། 
ཡོངས་གྲགས་སུ་སྐུ་ཞབས་ནོ་བྷེལ་མཆོག་དང་དུས་མཚུངས་སུ་བྱུང་བའི་མཁས་པ་ཁག་གིས་ཚོད་དཔག་དང་དཔྱད་ཞིབ་ལ་གཞིགས་པའི་འགྲེལ་བརྗོད་གནང་ལུགས་ལྟར་བྱས་ན། སྐུ་ཞབས་ནོ་བྷེལ་མཆོག་གི་དགོངས་བཞེད་ནང༌། ནོར་ཝེ་དང་ནོར་ཝེ་གྲོས་ཚོགས་ནས་སྐབས་དེའི་དུས་མཚུངས་ཀྱི་རྒྱལ་སྤྱིའི་དཀའ་རྙོག་མང་པོ་ཞིག་ཕན་ཚུན་འདུམ་སྒྲིག་བྱེད་པའམ། ཡང་ན། བར་འདུམ་ཐོག་ཞི་བའི་ལམ་ནས་སེལ་ཐབས་སུ་དམིགས་བསལ་ལྷག་བསམ་དོ་འཁུར་ཆེ་བཞེས་གནང་བ་དེའི་རྐྱེན་གྱིས་སམ། ཡང་ན། ནོ་བྷེལ་མཆོག་ནོར་ཝེའི་མཁས་པ་ཁག་གི་ཆེད་རྩོམ་རྣམས་ལ་ཐུགས་སྣང་དང་དགའ་ཞེན་དམིགས་བསལ་ཞིག་རང་གཤིས་སུ་ཡོད་པ་དང༌། དེའི་ནང་ནས་ཀྱང་ཁྱད་པར་དུ་ཞི་བདེའི་ལས་འགུལ་ལ་ཐུགས་སྣང་དང་དགའ་ཞེན་ཆེ་བའི་སྐབས་དེའི་ནོར་ཝེ་ཡུལ་གྱི་མཁས་པ་སྐུ་ཞབས་བྷི་ ཇོར་ སོན་(Bjoruson) མཆོག་གི་ཆེད་རྩོམ་ཁག་གིས་ནོ་བྷེལ་མཆོག་ཡིད་དབང་འཕྲོག་པ་ཙམ་མ་ཟད། རྩོམ་རིག་དེ་དག་གིས་ཁོང་ལ་ཞི་བདེའི་ལས་འགུལ་སྤེལ་རྒྱུར་སེམས་ཤུགས་ཀྱི་ནུས་པ་དམིགས་བསལ་ཞིག་ཐེབས་ཡོད་པའི་རྐྱེན་གྱིས་ཀྱང་ཡིན་སྲིད་ཅེས་གཟུ་བོར་གནས་པའི་མཁས་པ་ཁག་གིས་བཞེད།
དོན་དུ་ཞི་བདེའི་གཟེངས་རྟགས་ཀྱི་འགན་དབང་ནོར་ཝེའི་ཡུལ་ལ་གནང་བའི་ཨལ་ཕེཌ་ནོ་བྷེལ་མཆོག་གི་དགོངས་གཞི་དང་རྒྱུ་མཚན་དངོས་ནི་ད་དུང་ཡང་ལྐོག་གྱུར་ཁོ་ནའི་ངང་དུ་གནས་མུས་ལགས་སོ། །

ནོར་ཝི་ཇིན་ ནོ་བྷེལ་ཚོགས་ཆུང༌།(Norwegian Nobel Committee )

ཞི་བདེའི་གཟེངས་རྟགས་ཀྱི་གོ་སྒྲིག་འགན་འཁུར་ཞུ་ཆེད་ནོར་ཝེ་གྲོས་ཚོགས་ནས་ཐད་ཀར་བསྐོ་བཞག་མཛད་པའི་ཚོགས་མི་ལྔ་ཅན་གྱི་ཚོགས་ཆུང་དེར། ནོར་ཝི་ཇིན་ ནོ་བྷེལ་ཚོགས་ཆུང་ཞེས་བརྗོད་ཀྱི་ཡོད། ཚོགས་ཆུང་འདིའི་འགན་ཁུར་ཐོག ལོ་ལྟར་ཞི་བདེའི་གཟེངས་རྟགས་ཀྱི་གསལ་བསྒྲགས་གནང་ཞིང༌། གཏན་འབེབས་སྒྲིག་གཞི་ལྟར། ཚོགས་ཆུང་འདིའི་འཐུས་མིའི་དུས་ཡུན་སྤྱིར་སྟངས་ལོ་དྲུག་ཡིན་ཡང༌། ཚོགས་མིའི་ལོ་དུས་ཚང་རྗེས་ཚོགས་མི་རྙིང་པའི་ཁོངས། གལ་ཏེ་དྲང་བདེན་བྱས་རྗེས་ལྡན་པའི་ཚོགས་མི་ཀུན་གྱི་ཆ་འཛིན་འོས་པའི་རིགས་ཡོད་ཚེ། མུ་མཐུད་ཚོགས་མིའི་ཁོངས་བསྐྱར་འདེམས་བྱ་ཆོག་པའི་ལམ་སྲོལ་ཡང་ཡོད། 
སྒྲིག་གཞི་ལྟར་སྤྱིར་བཏང་དགོས་གལ་ཞིག་མིན་ཡང༌། ཚོགས་ཆུང་འདིའི་ནང་ནོར་ཝེ་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཁག་གི་འཐུས་མིའང་ཆ་སྙོམས་སུ་བསྐོ་བཞག་བྱ་རྒྱུའི་འབད་བརྩོན་གནང་གི་ཡོད། བསྐོ་གཞག་ཟིན་པའི་འཐུས་མི་རྣམས་ནོར་ཝེ་རང་གི་ཡུལ་མི་གཙང་མ་ཡིན་པ་ཞིག་ངེས་པར་དགོས་ཤིང༌། དེ་ནི་ཚོགས་མིའི་ཆ་རྐྱེན་གྱི་ཁོངས་དགོས་མཁོའི་གཞི་རྟེན་གཙོ་བོ་དེ་ཡིན་པ་རེད། ནོར་ཝི་ཇིན་ ནོ་བྷེལ་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀ་ཚོགས་ཆུང་རང་གི་འཐུས་མིའི་ཁོངས་ནས་མང་མོས་ཐག་གཅོད་ཐོག་ཐད་ཀར་བསྐོ་བཞག་མཛད་པ་ལས། འབྲེལ་མེད་གཞན་ཞིག་ཐད་བསྐོས་གཏན་ནས་མི་ཆོག་ལ། དེ་ལྟའི་ལམ་སྲོལ་ཡང་མེད། ནོར་ཝི་ཇིན་ ནོ་བྷེལ་ཚོགས་ཆུང་གི་དྲུང་ཆེའི་གོ་གནས་སམ་འགན་འཁུར་ནི། གཏན་འབེབས་ལམ་སྲོལ་ལྟར་རྟག་ཏུ་ནོར་ཝེ་ནོ་བྷེལ་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པའི་འགན་ཁུར་བཞེས་བཞིན་པའི་གང་ཟག་ཆེ་གེ་མོ་དེས། ནོ་བྷེལ་ཚོགས་ཆུང་གི་དྲུང་ཆེའི་འགན་ཁུར་ཡང་བཞེས་དགོས་ཀྱི་ཡོད།    
ཕྱི་ལོ་༡༩༣༦ ལོར་སྐུ་ཞབས་ ཀརལ་ཝོན་ ཨོ་སིཛ་མཆོག་ལ་ཞི་བདེའི་གཟེངས་རྟགས་གནང་སྐབས་རྙོག་གླེང་བྱུང་བའི་རྐྱེན་གྱིས་སྔར་གྱི་ལམ་སྲོལ་དེར་བསྒྱུར་བཅོས་ཤིག་བཏང་སྟེ། ཕྱིས་འབྱུང་གཞུང་ཞབས་རིགས་ཚོགས་ཆུང་དེའི་ནང་བསྐོ་བཞག་བྱེད་མི་ཆོག་པའི་སྒྲིག་གཞི་གཏན་འབེབས་མཛད་པ་མ་ཟད། ཕྱི་ལོ་༡༩༧༧ ལོར་སྒྲིག་གཞི་དེའི་ནང་གྲོས་ཚོགས་ཀྱི་འཐུས་མིའང་ཚོགས་ཆུང་དེའི་འོས་གཞིར་ཞུགས་མི་ཆོག་པའི་སྒྲིག་གཞི་ཁ་སྣོན་གཏན་འབེབས་མཛད་དེ། ཚོགས་ཆུང་འདིའི་མིང་ཐོག་མར་ ནོ་བྷེལ་ ཀཱ་མེ་ཊི་ ཨོཕ་ དྷི་ ནོར་ཝི་ཇེན་ སོཊོར་ཊིང་། (Nobel Committee of the Norwegian Storting)    ནོར་ཝེ་གྲོས་ཚོགས་ཀྱི་ནོ་བྷེལ་ཚོགས་ཆུང་ཞེས་བརྗོད་ཀྱི་ཡོད་ཀྱང༌།  ཕྱིས་སྒྲིག་གཞིར་བསྐྱར་བཅོས་གཏན་འབེབས་མཛད་རྗེས་སྔར་གྱི་མིང་ཚབ་ཏུ་ ནོར་ཝི་ཇིན་ ནོ་བྷེལ་ཚོགས་ཆུང༌།  དྷི་ ནོར་ཝི་ཇིན་ ནོབྷེལ་ ཀོམི་ཊི། (The Norwegian Nobel Committee) ཞེས་པར་མིང་བསྒྱུར་མཛད་ཡོད།  དེང་སང་ཡང་ཚོགས་ཆུང་གི་མིང་འདི་ཉིད་བེད་སྤྱོད་བྱེད་བཞིན་པ་ཡིན་ནོ། །
(བྱམས་པ་ཟླ་གྲགས་ལགས་ནི། ཝཱ་ནར་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཞི་བ་འཚོ་དཔེ་མཛོད་དུ་ཕྱག་ལས་གནང་བཞིན་ཡོད)

མདུན་ཤོག

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed