• མདུན་ངོས།
  • གསར་འགྱུར།
    • བཀའ་བློན་མཛད་འཆར།
    • གྲུབ་འབྲས་གསལ་བསྒྲགས།
    • སློབ་ཡོན་གསལ་བརྡ།
  • ཤེས་རིག་ལས་ཁུངས།
    • ཤེས་རིག་ལས་ཁུངས་ཀྱི་ལོ་རྒྱུས།
    • དྲྭ་ཐོག་སྐོར་བསྐྱོད།
    • ཤེས་རིག་བཀའ་བློན་རིམ་པའི་ལོ་རྒྱུས་སྙིང་བསྡུས།
    • ཤེས་རིག་དྲུང་ཆེ་རིམ་པའི་ལོ་རྒྱུས་སྙིང་བསྡུས།
    • ལས་བྱེད་མི་སྣ།
      • ཕྱག་ལས་གནང་བཞིན་པ།
      • བགྲེས་ཡོལ་དང་རྩ་དགོངས།
  • ཤེས་རིག་གི་སྡེ་ཚན་ཁག
    • འཛིན་སྐྱོང་སྡེ་ཚན།
    • ཤེས་ཡོན་སྡེ་ཚན།
    • རོགས་སྐྱོར་སྡེ་ཚན།
    • ཤེས་ཡོན་ལྷན་ཚོགས།
  • སློབ་སྡེ་དང་སློབ་གྲྭ་ཁག
    • བོད་ཁྱིམ་སློབ་གྲྭ།
    • མ་སུ་རི་བོད་ཁྱིམ་སློབ་གྲྭ།
    • སམ་བྷོ་ཊ་བོད་གཞུང་སློབ་གྲྭ།
    • གངས་ཅན་བདེ་རྩའི་སློབ་གྲྭ།
    • བཙན་བྱོལ་གྱི་སློབ་གྲྭ་གཞན།
    • སྒེར་སློབ་ཁག
    • སྒོ་བརྒྱབ་ཟིན་པའི་སློབ་གྲྭ་ཁག
    • སློབ་གྲྭ་ཁག་གི་ས་ཁྲ།
  • དེབ་སྐྱེལ་ཚོགས་པ།
    • དེབ་སྐྱེལ།
    • སྒྲིག་གཞི།
    • གྲོས་གཞི་གྲོས་ཆོད།
    • རྩིས་ཁྲ།
  • ལས་འཆར།
    • ལས་འཆར།
    • རོགས་ཚོགས་ཐོ་གཞུང་།
  • འབྲེལ་གཏུགས།
English

ཤེས་རིག་ལས་ཁུངས།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནི། ཕྱི་ལོ་ ༡༩༦༠ ཟླ་ ༡༠ ཚེས་ ༤ ཉིན་གསར་འཛུགས་བྱས། དེ་ཡང་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྟོན་འཁོར་དང་བཅས་པ་རྒྱ་གར་ལ་བཙན་བྱོལ་དུ་ཞབས་སོར་འཁོད་རྗེས། ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༥ ཉིན་མ་སུ་རིར་སྲིད་བློན་ཟུར་པ་ཀླུ་ཁང་བདེ་མཁར་ཚེ་དབང་རབ་བརྟན་དང་། གཡུ་ཐོག་བཀྲིས་དོན་གྲུབ། སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། སྤོམ་མདའ་ཡར་འཕེལ་སོགས་ཀ་སྦུག་བདེ་དོན་ཚོགས་པའི་ཚོགས་མི་རྣམས་དང་། སྐབས་དེར་བྱེས་འབྱོར་གནད་ཡོད་གཞུང་ཞབས་ ༣༠ བརྒལ་བའི་ཚོགས་ཆེན་མ་སུ་རིར་བསྐྱངས་ཐོག ༸གོང་ས་མཆོག་གི་ལམ་སྟོན་གཞི་བཟུང་བཙན་བྱོལ་བོད་གཞུང་གི་ཁ་ཚ་དགོས་གཏུགས་ཀྱི་གནང་སྒོ་ཁག་ལས་བགོས་བསྐྱོན། སྐབས་དེར་ཕྱག་ལས་རྣམ་གྲངས་གཙོ་བོ་ནང་སྲིད་དང་། ཕྱི་སྲིད། འདུ་འགོད། ཤེས་རིག ཆོས་དོན་བཅས་ལ་གཏན་འབེབས་བསྐྱངས་ཤིང་། ཤེས་རིག་ལས་དོན་གྱི་འགན་ཁུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་གྱིས་གནང་རྒྱུར་ཐུགས་གཏན་འཁེལ། སྐབས་དེར་ཉམས་མྱོང་དང་དཔལ་འབྱོར། ཡུལ་བབ་གནས་སྟངས་སོགས་གང་ཐད་ནས་སྐུ་ངལ་ཧ་ཅང་ཆེ་ཡང་བྱེས་འབྱོར་བོད་ཕྲུག་རྣམས་༸གོང་ས་མཆོག་ནས་མ་འོངས་བོད་ཀྱི་ཆོས་སྲིད་ཞི་བའི་ས་བོན་དུ་བརྩེ་གཟིགས་ཀྱིས་ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༣ ཉིན་བོད་ཕྲུག་ ༥༠ ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་མ་སུ་རི་བོད་གཞུང་གཏན་སློབ་གསར་འཛུགས་གནང་ཡོད་ནའང་། སྐབས་དེར་ཤེས་རིག་ལས་ཁུངས་ཞེས་ལས་ཁུངས་ཟུར་དུ་བཙུགས་པ་མེད། ལོ་དེའི་ཕྱི་ཟླ་ ༡༢ ནང་མ་སུ་རིར་བཀའ་ཤག་ལྷན་རྒྱས་དང་ཤེས་རིག་འགན་ཁུར་བ་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན། གསར་འགྱུར་མེ་ལོང་གི་རྩོམ་སྒྲིག་པ་ཁུ་ནུ་བ་བཱ་བཱུ་མཐར་ཕྱིན། ལྷ་ལུང་བློ་བཟང་ཕུན་ཚོགས་སོགས་ཡོད་པའི་ལྷན་ཚོགས་བསྐྱངས་ཏེ་སློབ་གྲྭ་དང་སློབ་ཚན་སྒྲིག་ཕྱོགས་དང་། སློབ་དེབ་རྩོམ་སྒྲིག་སོགས་ཀྱི་སྐོར་ལ་གྲོས་བསྡུར་གནང་སྟེ་འཆར་གཞི་ཕུལ་བར་༸གོང་ས་མཆོག་ནས་སྣོན་འཕྲི་ཕྲན་བུ་དང་བཅས་ལག་བསྟར་གནང་འཐུས་ཕྱག་རྟགས་སྩལ།  ཕྱི་ལོ་ ༡༩༥༩ ཟླ་ ༡༢ ནང་གནས་མཆོག་རྡོ་རྗེ་གདན་དུ་བཙན་བྱོལ་བོད་མི་གནས་ཡུལ་ས་ཁུལ་ཡོངས་ནས་སེར་སྐྱ་མི་མང་ཚོགས་འཛོམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཞུ་བྱའི་གནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུ་སྐབས། ༸གོང་ས་མཆོག་ནས་བོད་འདི་སྔར་ལྟར་མ་ཡིན་པར་མང་གཙོའི་གཞུང་ཞིག་ཏུ་བསྒྱུར་རྒྱུ་གལ་ཆེར་བརྟེན། རྒྱ་ཆེའི་མི་མང་གི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་མིའི་ལྷན་ཚོགས་ཤིག་དགོས་པས། སྔ་འཕྲོས་ཆོས་ལུགས་ཆེན་པོ་བཞི་ནས་འཐུས་མི་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་བཅས་ཁྱེད་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་འཕྲལ་མི་མང་གི་ཁྲོད་དུ་ཤེས་ཡོན་འཇོན་ཐང་དང་། རྒྱལ་གཅེལ་ལྷག་བསམ་ལྡན་ལ། མང་ཚོགས་ཀྱི་ཡིད་ཆེས་བློ་གཏད་འཕེར་བ་ཇི་ཡོད་ནས་འོས་འདེམས་ཀྱིས་མིང་ཐོ་འོས་གྲངས་འཕྲལ་དུ་འབུལ་དགོས་ཞེས་ཕེབས་དགོངས་ལྟར། ཁུངས་སོ་སོ་ནས་འོས་འདེམས་མིང་ཐོ་འབུལ་ལམ་ཞུས་ཐོག་ནས་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་སེར་སྐྱ་མི་གྲངས་བཅུ་གསུམ་ལ་བསྐོ་གཞག་ཕྱག་རྟགས་སྩལ་ཏེ། ཕྱི་ལོ་ ༡༩༦༠ ཟླ ༩ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཕྱག་དམ་འབུལ་དང་འབྲེལ་བོད་ལྗོངས་མང་གཙོའི་གཞུང་དབུ་བརྙེས་པའི་དགའ་སྟོན་མཛད་སྒོ་བསྐྱངས། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༣ ནས་བཟུང་ཉིན་གྲངས་བདུན་རིང་སྤྱི་འཐུས་རྣམས་དང་སྲི་ཞུའི་ལས་བྱེད་ཆེ་ཕྲ་ཚང་འཛོམས་ཀྱིས་དེ་སྔ་ཕན་གྱི་གཞུང་གི་ལམ་སྲོལ་དང་མཛད་ཕྱོགས་སོགས་ལ་དགེ་སྐྱོན་ཇི་ཡོད་ཞིབ་འཇུག་དང་འབྱུང་འགྱུར་མཛད་ཕྱོགས་ཇི་དགེ ད་ཡོད་ལས་ཁུངས་ཁག་རྒྱ་སྐྱེད་དང་། ལས་བྱེད་གསར་བསྐོ་གནང་ཕྱོགས་སོགས་ཀྱི་སྐོར་གྲོས་བསྡུར་ཞིབ་ཕྲ་གནང་སྟེ། སྐབས་དེར་ཡོད་མུས་ཆོས་དོན་དང་། ནང་སྲིད། ཕྱི་སྲིད། དཔལ་འབྱོར་འདུ་འགོད་བཅས་ལས་ཁུངས་ཁག་བཞིའི་ཐོག་ཤེས་རིག་ལས་ཁུངས་ཟུར་དུ་འཕར་འཛུགས་གནང་རྒྱུ་ཐག་གཅོད་མཛད་དེ། གོང་གསལ་ལས་ཁུངས་ཆེ་ཁག་ལྔ་དང་། ཡན་ལག་ལས་ཁུངས་བཞི་བཅས་ཀྱི་གཙོ་འཛིན་དང་། འགན་འཛིན། དྲུང་ཆེ་བཅས་ཀྱི་འོས་མི་སྐབས་དེར་ལས་བྱེད་དང་མི་མང་ཁོངས་ནས་གང་འོས་ཕོ་མོ་དབྱེར་མེད་སྤྱི་འཐུས་རྣམ་པས་མང་མོས་འོས་བསྡུའི་ལམ་ནས་འཆར་འབུལ་ཞུས་རྗེས་༸གོང་ས་མཆོག་ནས་ཕྱིར་སྩལ་མི་གྲངས་ ༢༩ སྡེབ་གཅིག་ལ་གསར་མཇལ་དམ་འབུལ་ཞུས།

ཤེས་རིག་ལས་ཁུངས་གསར་དུ་བཙུགས་པའི་མཛད་སྒོ་ཕྱི་ལོ་ ༡༩༦༠ ཟླ་ ༡༠ ཚེས་ ༤ ཉིན་བཞུགས་སྒར་དྷ་རམ་ས་ལར་གནང་ཞིང་། སྐབས་དེར་ལས་ཁུངས་ནང་ཕྱག་ལས་གནང་མཁན་ཤེས་རིག་བཀའ་བློན་དང་བཀའ་བློན་ལས་རོགས། ལས་བྱ་བཅས་ཁྱོན་བསྡོམས་མི་གྲངས་ ༥ ཙམ་ཡོད་འདུག དེའི་རྗེས་ཙམ་ལ་བཙན་བྱོལ་བོད་གཞུང་གི་འཕྲལ་ཕུགས་འཆར་གཞི་དང་ལས་ཁུངས་སོ་སོའི་ལས་དོན། ཐག་གཅོད་གནང་ཕྱོགས་སོགས་ཀྱི་སྐོར་ཞིབ་ཙམ་འཁོད་པའི་རྩ་འཛིན་ཡིག་ཆ་ནང་འཁོད་དོན།  “ཤེས་རིག་ལས་ཁུངས་ནས། མ་སུ་རི་སློབ་གྲྭ་དང་། དེའི་ཡན་ལག་ཀ་སྦུག རྡོར་གླིང་། དྷ་རམ་ས་ལའི་བུ་བཅོལ་ཁང་། གཞན་ཡང་བོད་མིའི་སྡོད་སྒར་ཁག་ལ་ད་ལྟ་ཡོད་མུས་ཀྱི་སློབ་གྲྭ་ཁག་དང་། ཟློས་གར་གྱི་ཚོགས་པ་ཁག ད་དུང་སློབ་གྲྭས་གཙོས་སློབ་སྦྱོང་བསྟི་གནས་གསར་འཛུགས་གནང་རྒྱུ་བཅས་པར་ལྟ་རྟོག་ཞིབ་འཇུག་དང་འབྲེལ་བའི་དཀའ་ངལ་སེལ་ཞིང་། སློབ་དེབ་གསར་སྒྲིག་དང་འབྲེལ་ཤེས་རིག་སློབ་སྦྱོང་ཡར་རྒྱས་ཡོང་ཐབས་བྱེད་རྒྱུ། ཕྱི་རྒྱལ་ལ་སློབ་ཕྲུག་གཏོང་དགོས་བྱུང་ཚེ་སློབ་གྲྭ་སོ་སོ་ནས་དྲག་འདེམས་བྱེད་འོས་བྱས་ཏེ་སློབ་ཕྲུག་ཕྱིར་གཏོང་གི་ལག་འཁྱེར་ཞུ་ལེན་སོགས་སྲིད་དོན་དང་འབྲེལ་རིགས་ཇི་བྱུང་ཕྱི་འབྲེལ་ལས་ཁུངས་དང་གོ་བསྡུར་ཐོག་ནས་བྱེད་དགོས་རྒྱུ།” ཞེས་ཐག་གཅོད་བསྐྱངས་འདུག ཤེས་རིག་ལས་ཁུངས་ནི། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་གཞུང་གི་ལམ་ལུགས་མང་གཙོ་ཅན་དུ་བཙན་ཐབས་ཀྱི་སྒོ་ནས་སྒྱུར་འགོ་བཙུགས་ཏེ། ཚོགས་སྐོང་མཛད་པའི་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་དང་པོས། སྐབས་དེའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕྲལ་ཕུགས་དངོས་ཡོད་དགོས་མཁོ་མ་འོངས་སོན་རྩར་ཤེས་ཡོན་སློབ་སྦྱོང་ཚད་དང་ལྡན་པ་སྤྲོད་དགོས་པ་གཞིར་བཟུང་འཆར་འབུལ་ཞུས་པ་ལྟར་གསར་འཛུགས་བསྐྱངས་པའི་ལས་ཁུངས་དང་པོ་དེ་ཡིན།

ཤེས་རིག་གི་སྡེ་ཚན་ཁག

༄༅། །ཤེས་རིག་ལས་ཁུངས་གསར་འཛུགས་བྱེད་སྐབས་ལས་བྱེད་སོ་སོར་ལས་བགོས་བྱས་པ་ལས། ལས་ཁུངས་ཨ་མའི་ནང་སྡེ་ཚན་གྱི་དབྱེ་བ་མེད། ཕྱིས་སུ་རྩོམ་སྒྱུར་ལྷན་ཚོགས་དང་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་ལྟ་བུ་ཟུར་དུ་བཙུགས་བྱུང་ཡོད། ཕྱི་ལོ་ ༡༩༧༠ དོན་གྲངས་ནང་རྒྱ་གར་ནང་གསར་བཙས་བོད་ཕྲུག་རྣམས་གཏན་སློབ་ཏུ་སློབ་འཇུག་བྱེད་སྐབས་སློབ་ཡོན་ཐབས་འཚོལ་དགོས་སྟབས་སློབ་ཡོན་སྡེ་ཚན་དང་། ༡༩༧༩ ནས་ཨིན་བོད་ཚིག་མཛོད་གསར་བསྒྲིགས་སོགས་ཀྱི་དགོས་མཁོའི་ཆེད་རྩོམ་སྒྲིག་སྡེ་ཚན་སོགས་སྡེ་ཚན་གྱི་རྣམ་པ་དོད་འགོ་ཚུགས་ཤིང་། དེ་ཡང་ཐོག་མར་ལས་དོན་གང་རུང་འགན་ཁུར་བྱེད་པོར་ལས་བྱེད་གཅིག་ཆེད་འཛུགས་བྱས་པ་དེས་མ་ལྕོགས་པར་ལས་བྱེད་གཉིས་གསུམ་སྤར་བསྟུན་སྡེ་ཚན་གྲུབ་པ། དཔེར་ན། ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་བོད་ཕྲུག་མཐའ་སྐྱོའི་སློབ་ཡོན་འཐབ་འཚོལ་བྱེད་མཁན་ལས་བྱེད་གཅིག་ལས་མེད་པ་དང་། དེ་ནས་གཉིས་དང་གསུམ་སོགས་ལ་སྤར་ཏེ་མཐར་སློབ་ཡོན་སྡེ་ཚན་ཆགས་པ་ལྟ་བུ་ཡིན། དེ་ལྟར་ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་ཤེས་རིག་ལས་ཁུངས་ནང་སྤྱིར་བཏང་སྡེ་ཚན་དང་། ཤེས་ཡོན་དང་ཐད་འཛིན་སློབ་ཁག་སྡེ་ཚན། སློབ་ཡོན་སྡེ་ཚན། མཐོ་སློབ་སྡེ་ཚན། རྩོམ་སྒྲིག་སྡེ་ཚན། དངུལ་རྩིས་སྡེ་ཚན་བཅས་སྡེ་ཚན་དྲུག་ཡོད་པ་དང་། ༡༩༨༧ ལོར་སློབ་ཡོན་སྡེ་ཚན་དང་མཐོ་སློབ་སྡེ་ཚན་གཉིས་ཟླ་བསྒྲིལ་གྱིས་སྡེ་ཚན་ ༥ བཟོས་འདུག ༡༩༩༠ ནང་སྤྱིར་བཏང་སྡེ་ཚན་གྱི་ཚབ་ཏུ་འཛིན་སྐྱོང་སྡེ་ཚན་བཙུགས་ཏེ། འཛིན་སྐྱོང་། ཤེས་ཡོན། དངུལ་རྩིས། རྩོམ་སྒྲིག འཆར་འགོད། སློབ་ཡོན་སློབ་འཇུག(འདིའི་ནང་མཐོ་སློབ་ཀྱང་ཚུད་)བཅས་ཀྱི་སྡེ་ཚན་ཡོད་པ་དང་། དེ་ནས་ཕྱི་ལོ་ ༡༩༩༨ ལོར་མདུན་ལམ་སློབ་སྟོན་སྡེ་ཚན་གསར་འཛུགས་དང་། ཕྱི་ལོ་ ༢༠༠༣ ཟླ་ ༡༡ ཚེས་ ༡ ཉིན་སྲོལ་རྒྱུན་ཤེས་ཡོན་ཚན་པ་གསར་འཛུགས་བྱས། ཕྱི་ལོ་ ༢༠༠༤ ལོར་བཀའ་ཤག་གིས་སྒྲིག་འཛུགས་བསྐྱར་བཅོས་གནང་སྐབས། ཤེས་རིག་ལས་ཁུངས་ནས་འཆར་འབུལ་ཞུས་པ་ལྟར་ལོ་དེའི་ཟླ་ ༡༢ ཚེས་ ༢ ཉིན་བཀའ་ཤག་ནས་སྡེ་ཚན་དང་ཚན་པ་དབྱེ་འབྱེད་བཀོད་སྒྲིག་གནང་བའི་རྩ་འཛིན་ཡིག་ཆ་ལྟར་ཤེས་རིག་ལས་ཁུངས་སུ་སྒྲོམ་གཞི་ཆ་བགོས་བྱས་པ་གཤམ་གསལ།

སྡེ་ཚན་གསུམ་སྟེ། འཛིན་སྐྱོང་སྡེ་ཚན། ཤེས་ཡོན་སྡེ་ཚན། རོགས་སྐྱོར་སྡེ་ཚན་བཅས།

༡༽    འཛིན་སྐྱོང་སྡེ་ཚན་ནང་།

    • ཀ ལས་ཁུངས་འཛིན་སྐྱོང་ཚན་པ།
    • ཁ། རྩིས་ཁང་ཚན་པ།
    • ག འཆར་འགོད་ཚན་པ།

༢༽    ཤེས་ཡོན་སྡེ་ཚན་ནང་།

    • ཀ སྲོལ་རྒྱུན་ཤེས་ཡོན་ཚན་པ།
    • ཁ། དེང་རབས་ཤེས་ཡོན་ཚན་པ།

༣༽    རོགས་སྐྱོར་སྡེ་ཚན་ནང་།

    • ཀ མཐོ་སློབ་སློབ་ཡོན་ཚན་པ།
    • ཁ། གཞི་རིམ་སློབ་ཡོན་དང་སློབ་འཇུག་ཚན་པ།

གོང་གསལ་སྡེ་ཚན་ཡོངས་ཀྱི་འགན་འཛིན་ཤེས་རིག་བཀའ་བློན་འོག་ཤེས་རིག་དྲུང་ཆེས་གནང་རྒྱུ། ཞེས་གསལ་བ་ལྟར་ལག་བསྟར་བྱེད་མུས།  ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༦ ཉིན་བཀའ་ཤག་གིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་འབྲུ་དོན་བཞིན། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་འཛིན་སྐྱོང་སྒྲིག་གཞི་གཏན་འབེབས་དང་འབྲེལ། ལྷན་ཚོགས་ཀྱི་ཚོགས་མི་གསར་བསྐོ་དང་ལས་ཁུངས་དང་ལས་གཞི་གྲ་སྒྲིག་འགོ་འཛུགས་གནང་བ་དང་། ཕྱི་ལོ་ ༢༠༡༡ ཟླ་ ༧ པ་ནས་བཟུང་གནས་སྐབས་རིང་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ཚན་ཞིག་གི་ངོ་བོར་གསར་འཛུགས་གནང་བ་ནས་བཟུང་སྡེ་ཚན་བཞི་དང་ཚན་པ་དགུར་དབྱེ་བ་གཤམ་གསལ།

༡༽    འཛིན་སྐྱོང་སྡེ་ཚན།

    • ཀ       ལས་ཁུངས་འཛིན་སྐྱོང་ཚན་པ།
    • ཁ།      རྩིས་ཀྱི་ཚན་པ།
    • ག       འཆར་འགོད་ཚན་པ།

༢༽    ཤེས་ཡོན་སྡེ་ཚན།

    • ཀ       སྲོལ་རྒྱུན་ཤེས་ཡོན་ཚན་པ།
    • ཁ།      དེང་རབས་ཤེས་ཡོན་ཚན་པ།
    • ག       རྩོམ་སྒྲིག་དང་བརྡ་ཆད་ཚན་པ།  (ཕྱི་ལོ་ ༢༠༡༦ ཟླ ༡༠ ནས་རྩོམ་སྒྲིག་ཚན་པ་ཤེས་ཡོན་ལྷན་ཚོགས་ནང་ཟླ་བསྒྲིལ་གྱིས་བརྡ་ཆད་ཚན་པ་ལོགས་སུ་ཕྱེ་གནང་ཡོད།)
    • ང་།      མདུན་ལམ་སློབ་སྟོན་ཚན་པ།

༣༽    རོགས་སྐྱོར་སྡེ་ཚན།

    • ཀ       མཐོ་སློབ་སློབ་ཡོན་ཚན་པ།
    • ཁ།      གཞི་རིམ་སློབ་ཡོན་དང་སློབ་འཇུག་ཚན་པ།

༤༽    ཤེས་ཡོན་ལྷན་ཚོགས་བཅས་ཡིན།

༡༽    འཛིན་སྐྱོང་སྡེ་ཚན་འོག་ཚན་པ་གསུམ་ཡོད་པ་ལས།

ཀ      ལས་ཁུངས་འཛིན་སྐྱོང་ཚན་པའི་ལས་འགན་ནི།  

    • ༡༽   ལས་ཁུངས་ཀྱི་སྤྱི་ཡོངས་འཛིན་སྐྱོང་དང་འབྲེལ་བའི་ཡིག་འབྲེལ་ཁག་དང་། སྐོུ་བཀའ་བློན་དང་དྲུང་ཆེ་རྣམ་གཉིས་ཀྱི་སྒེར་དྲུང་གི་ལས་དོན་ཞུ་སྒོ་ཁག དེ་བཞིན་ཁྱབ་ཁོངས་སློབ་སྡེ་ཁག་ལ་འབྲེལ་ལམ་དང་ལྟ་སྐྱོང་བྱ་རྒྱུ་བཅས་ཡིན།
    • ༢༽   སྤྱི་འཐུས་རྒྱུན་ལས་ལ་འབུལ་རྒྱུའི་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་རྒྱས་པ་བཟོ་འགོད་དང་། ཞིབ་འཇུག་དང་བཅོས་སྒྲིག་གནང་དགོས་གནང་རྒྱུ་དང་། གྲོས་ཚོགས་སུ་འབུལ་རྒྱུའི་ལས་བསྡོམས་བསྡུས་པ་བཟོ་རྒྱུ། དེ་བཞིན་ཨིན་སྐད་ལས་བསྡོམས་ཕྱོགས་བསྒྲིགས་དང་ལེགས་བཅོས་ཞུ་རྒྱུ།
    • ༣༽ ཤེས་རིག་ལས་ཁུངས་ཀྱི་དེབ་སྐྱེལ་ཚོགས་པ་བོད་ཕྲུག་གི་ཤེས་ཡོན་དང་བདེ་དོན་མ་དངུལ་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་ཚོགས་མིའི་ལྷན་ཚོགས་ཀྱི་ཚོགས་འདུ་བསྐོང་ཚོགས་ཞུ་རྒྱུའི་ལས་དོན།
    • ༤༽ ཤེས་རིག་འཛིན་སྐྱོང་ཚོགས་འདུའི་གྲོས་གཞི་གྲོས་ཆོད་ཡིག་ཐོག་ཕབ་སྟེ་ཚན་པའི་འགན་འཛིན་ལ་ཁུངས་ཁྱབ་དང་གྲོས་ཆོད་གཏན་འབེབས་ཟིན་པ་ཁག་དུས་ཐོག་ལག་བསྟར་འཁེལ་སླད་མཇུག་གནོན་བཏང་འཛིན་གནང་རྒྱུུ།
    • ༥༽   རོགས་སྐྱོར་སློབ་ཁག་གི་དགེ་ལས་གསོལ་ཕོགས་དང་། སློབ་ཁག་གི་མ་བྱན་དང་མ་མ་རྣམས་ཀྱི་རྒས་ཕོགས་དོད་གཟིགས་གསོལ་ཁུངས་གཏོང་དང་འབྲེལ་བའི་ལས་དོན་དང་། བོད་ཡིག་སློབ་དེབ་མཐུན་འགྱུར་ཞུ་རྒྱུ། ལས་ཁུངས་ཀྱི་ལས་དོན་ལོ་ཐོ་ཕྱོགས་བསྒྲིགས་ཞུ་རྒྱུ།
    • ༦༽   སློབ་ཁག་གི་དགེ་ལས་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་མཁན་རྣམ་པར་གཟེངས་བསྟོད་ཕྱག་འཁྱེར་དང་སྐུ་ཐང་འབུལ་རྒྱུ་དང་། སློབ་ཁག་གི་བུ་དང་བོུ་རྩེ་ཕུད་རྣམས་ལ་བུམ་སྐྱོན་གསུམ་བྲལ་གྱི་གཟེངས་བསྟོད་ཕྱག་འཁྱེར་འབུལ་རྒྱུའི་ལས་དོན་ཁག
    • ༧༽   དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་རྩིས་སྤྲོད་རྩིས་ལེན་དང་འབྲེལ་བའི་ལས་དོན་དང་། སློབ་གྲྭའི་སྡེ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ལས་དོན་དང་། སློབ་གྲྭ་ཟླ་སྒྲིལ་དང་འབྲེལ་བའི་སྐབས་དུས་སོ་སོར་ཚོགས་འདུ་གོ་སྒྲིག་ཞུ་དགོས་རིགས།
    • ༨༽   གོང་གི་ལས་དོན་ཁག་གི་སྔོན་རྩིས་འཆར་འབུལ་བཟོ་འགོད་ཞུ་རྒྱུ་སོགས།

ཁ། འཆར་འགོད་ཚན་པའི་ལས་འགན་ནི།

    • ༡༽   ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཁག་གི་ལས་གཞི་འདྲ་མིན་གྱི་འཆར་གཞི་ལེགས་བཅོས་དང་གསར་བཟོ་ཞུ་རྒྱུ།
    • ༢༽   རོགས་ཚོགས་ཁག་ལ་རོགས་དངུལ་ཐབས་འཚོལ་དང་འབྲེལ་ལམ་ཞུ་རྒྱུ།
    • ༣༽   སློབ་ཁག་གི་འཆར་གཞི་འབྱོར་རིགས་ལ་ཞིབ་འཇུག་དང་ལེགས་བཅོས་ཞུ་རྒྱུ།
    • ༤༽   ལས་གཞིའི་ལག་བསྟར་སྙན་ཐོ་འགོད་འབུལ་ཞུ་རྒྱུ།
    • ༥༽   འཆར་འགོད་ཚན་པ་ནས་ཐད་ཀར་ལག་བསྟར་ཞུ་བཞིན་པའི་ལས་གཞི་ཁག
    • ༦༽   སློབ་གྲྭ་ཁག་གི་ཟས་དོད་འཕར་སྣོན་དང་། འཛུགས་སྐྲུན། ཉམས་གསོ། ཡོ་ཆས་གསར་ཉོའི་ལས་གཞི་ཁག
    • ༧༽   ཁེ་ལས་ལས་གཞི་ (Entrepreneurship) དང་། ཕོ་མོ་འདྲ་མཉམ་འདུ་ཤེས་ཀྱི་ལས་གཞི་ (Gender Mainstreaming) ལས་རིགས་སློབ་སྦྱོང་གི་ལས་གཞི་ལག་བསྟར་ཞུ་རྒྱུ་སོགས།

ག  རྩིས་ཁང་ཚན་པའི་ལས་འགན་ནི།   

    • ༡༽     ཚན་པ་ཁག་གི་ལོ་འཁོར་སྔོན་རྩིས་བཟོ་འགོད་ཟིན་པ་ཁག་རྩིས་འགོ་བཞིན་ཕྱོགས་བསྡོམས་ཞུ་རྒྱུ་དང་།
    • ༢༽     ལས་དོན་ཁག་གི་འགྲོ་གྲོན་གཏོང་ལེན་འགན་འཛིན་ནས་བཀའ་འཁྲོལ་བྱུང་རིམ་བཞིན་རྩིས་ཁྲར་དུས་བསྟུན་ཁ་སྐོང་ཞུ་རྒྱུ་དང་། དངོས་ཟོག་རྩིས་ཐོ་ཉར་འཇོག་ཞུ་རྒྱུ།
    • ༣༽    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ་དང་། ལས་ཁུངས་དབུས་མའི་རྩིས་ཞིབ་སྙན་ཐོ་གཉིས་ཀྱི་ལན་འདེབས་གསལ་བཤད་ཞུ་རྒྱུའི་ལས་དོན།
    • ༤༽    སློབ་གྲྭའི་སྡེ་ཁག་བཅས་ཀྱི་རྩིས་སྙན་དང་འབྲེལ་བའི་ལས་དོན་མཐའ་དག
    • ༥༽    དབུས་བོད་སློབ་འཛིན་ཚོགས་ཀྱི་རེག་ཊར་ལས་ཁུངས་དང་འབྲེལ་བའི་སྔོན་རྩིས་དང་། ནང་ཞིབ་ལས་དོན།
    • ༦༽    ལས་བྱེད་ཀྱི་གསོལ་ཕོགས་ལ་འབབ་ཁྲལ་ཕོག་མིན་བལྟ་རྒྱུ་དང་། འབབ་ཁྲལ་ཕོག་རིགས་ཀྱི་ཁྲལ་འབབ་དངུལ་ཁང་ལ་འབུལ་རྒྱུ།
    • ༧༽    དངུལ་གཉེར་ལས་དོན་སོགས།

༢༽    ཤེས་ཡོན་སྡེ་ཚན་འོག་ཚན་པ་བཞི་ཡོད་པ་ལས།

ཀ       སྲོལ་རྒྱུན་ཤེས་ཡོན་ཚན་པ།                                                

སྲོལ་རྒྱུན་ཤེས་ཡོན་ཚན་པ་འདི་ཉིད་ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་གྲོས་ཆོད་དགོངས་དོན་བཞིན་ཕྱི་ལོ་ ༢༠༠༣ ཟླ་ ༡༡ ཚེས་ ༡ ཉིན་གསར་འཛུགས་གནང་། ཚན་པ་འདི་འཛུགས་དགོས་པའི་དམིགས་ཡུལ་ནི། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་གཙོས་པའི་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་ཡོང་ཐབས་དང་། བོད་ཡིག་བརྒྱུད་ལམ་ཐོག་ཡོད་པའི་སློབ་ཚན་ཡོངས་རྫོགས་ཡར་རྒྱས་ཚགས་ཚུད་ཡོང་བར་དམིགས་བསལ་ཤུགས་སྣོན་དང་། རིགས་ལམ་འདུ་འཛོམས་མཚོན་པའི་སློབ་ཕྲུག་གི་རིགས་ལམ་ཤེས་ཚད་གོང་མཐོར་གཏོང་ཐབས་ཐད་ལ་ནུས་ཤུགས་གོང་འཕེལ་གཏོང་རྒྱུ་བཅས་ཡིན།

ཚན་པ་འདིའི་ལས་འགན་གཙོ་བོ་ནི།

    • ༡།  ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་གཏན་ཉིན་སློབ་གྲྭ་ཁག་གི་གཞི་རིམ་གོང་འོག་བར་གསུམ་གྱི་བོད་ཡིག་དགེ་རྒན་དང་། ལྟ་གྲུབ་དགེ་རྒན། ཟློས་དགེ སྔོན་དགེ་རྣམས་ལ་སློབ་ཁྲིད་ཐབས་ལམ་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་དང་། དགེ་རྒན་གཞན་རྣམས་ཀྱི་བོད་ཡིག་གནས་ཚད་གོང་མཐོར་གཏོང་ཐབས་དང་འབྲེལ་བའི་ལས་རིམ་གོ་སྒྲིག་ཞུ་རྒྱུ།
    • ༢།   གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་སྤྱི་དང་། སྔོན་འགྲོ་ནས་གཞི་རིམ་གོང་འོག་བར་གསུམ་སོ་སོའི་དགེ་སློབ་ཀྱི་ལས་འགན་དང་གནས་སྟངས་རྟོག་ཞིབ། ཤེས་ཡོན་དང་འབྲེལ་བའི་མཐུན་རྐྱེན་མཁོ་སྤྲོད་དང་། གསར་འཛུགས། ལྟ་རྟོག་ཞིབ་འཇུག་བཅས་ཀྱི་ལས་དོན།
    • ༣།  དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ཁག་གི་དགོས་མཁོ་ལ་གཞིགས་པའི་ལྟ་གྲུབ་དགེ་རྒན་དང་། ཟློས་དགེ། བོད་དགེ་བཅས་ཀྱི་བསྐོ་གཞག་རྒྱབ་གཉེར་ཁུངས་གཏོང་ཞུ་རྒྱུ།
    • ༤།  གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འཆར་འགོད་དང་གོ་སྒྲིག་ཞུ་རྒྱུ།
    • ༥།   སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་ཉམས་ཞིབ་སློབ་གཉེར་ལས་རིམ་གྱི་འདེམས་རྒྱུགས་དང་རྟོག་ཞིབ། མཇུག་གནོན་ལས་དོན།
    • ༦།   གཞི་རིམ་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་ལ་སྐུལ་འདེད་ཆེད་ལོ་རེར་རྒྱལ་ཡོངས་འཛིན་རིམ་སོ་སོའི་ཕུལ་བྱུང་རྩོམ་ཡིག་འདེམས་སྒྲུག་ལས་རིམ་དང་། བོད་ཡིག་ཡིག་རྒྱུགས་བྱ་དགའི་ལས་རིམ། དགའ་ལྡན་ཕོ་བྲང་བྱ་དགའི་ལས་རིམ། བོད་ཡིག་ཡིག་གཟུགས་རྩེ་ཕུད་བྱ་དགའ་སོགས་ཀྱི་ལས་རིམ་གོ་སྒྲིག་དང་འབྲེལ་བའི་ལས་དོན།
    • ༧།   སྲོལ་དེང་ཚན་པ་གཉིས་མཉམ་འབྲེལ་གྱིས་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་ལྔ་པའི་སྤྱི་རྒྱུགས་དང་། འཛིན་རིམ་བཅུ་པའི་འགོ་ཁྲིད་ཟབ་སྦྱོང་། ཤེས་རིག་ཚོགས་ཆེན། ཕ་མའི་ཚོགས་ཆེན་བཅས་གོ་སྒྲིག་ཞུ་རྒྱུ།
    • ༨།   བྱིས་པའི་ཀློག་རྩལ་ལས་གཞི་འོག་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་གྲྭའི་དཔེ་མཛོད་བཟོ་འགོད་དང་འབྲེལ་བའི་ལས་འཆར།

ཁ།      དེང་རབས་ཤེས་ཡོན་ཚན་པ།

ལོ་རབས་དགུ་བཅུ་བར་ཤེས་རིག་ལས་ཁུངས་སུ་ཤེས་ཡོན་དང་འཛིན་སྐྱོང་གཉིས་ལོགས་སུ་མེད་པར་དྲུང་ཆེའི་བཀོད་འདོམས་འོག་ཡོད། ཕྱི་ལོ་ ༡༩༩༢ ཡས་མས་ནས་འཛིན་སྐྱོང་སྡེ་ཚན་ལས་ལོགས་སུ་ཐོན་ཏེ། ཤེས་ཡོན་ཉམས་ཞིབ་དང་འཆར་འགོད་སྡེ་ཚན་ཞེས་སྡེ་ཚན་གྱི་ངོ་བོར་བསྒྱུར། ཕྱི་ལོ་ ༢༠༠༣ ལོར་ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་དགོངས་དོན་བཞིན་སྲོལ་རྒྱུན་ཤེས་ཡོན་ཚན་པ་ཟུར་འཛུགས་དང་འབྲེལ། དེ་སྔ་ཡོད་མུས་ཀྱི་ཤེས་ཡོན་སྡེ་ཚན་དེ་དེང་རབས་ཤེས་ཡོན་ཚན་པར་གྱུར་ཏེ། ཤེས་ཡོན་སྡེ་ཚན་ནང་སྲོལ་རྒྱུན་དང་དེང་རབས་ཚན་པ་ཞེས་གཉིས་སུ་ཕྱེ་གནང་ཡོད།

ཚན་པ་འདིའི་ལས་འགན་གཙོ་བོ་ནི།

    • ༡།   གཏན་ཉིན་སློབ་གྲྭ་ཁག་གི་དགོས་མཁོ་གཞིར་བཟུང་དགེ་རྒན་འོས་སྦྱོང་དང་སྦྱོང་བརྡར་ལས་གཞི། རིག་ཚན་སོ་སོའི་དགེ་རྒན་ཟབ་སྦྱོང་གོ་སྒྲིག་དང་མཇུག་སྐྱོང་། སློབ་གྲྭ་སོ་སོའི་ནང་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་ལས་གཞི་ (TPD) བཅས་ཀྱི་ལས་དོན་ཡོངས་རྫོགས།
    • ༢།   ཟློས་དགེ་དང༌། ལྟ་གྲུབ་དགེ་རྒན། བོད་དགེ་སོགས་དགེ་རྒན་བསྐོ་འཛུགས་རྒྱབ་གཉེར་དང༌། འདེམས་སྒྲུག་ལས་དོན་ལ་མཐུན་འགྱུར་ཞུ་རྒྱུ། དགེ་ལས་ཟབ་སྦྱོང༌། ལས་གཞི་གསར་གཏོད། སློབ་ཁག་རྩིས་སྤྲོད་རྩིས་ལེན་མཇུག་སྐྱོང། ལས་བསྡོམས་སྙན་ཐོ་སོགས་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་དང་འབྲེལ་བའི་ལས་དོན།
    • ༣།  སློབ་ཁག་གི་དགེ་ལས་དང་སློབ་ཕྲུག་རྣམས་ཀྱི་གྲངས་ཐོ་དང། འཛིན་རིམ་བཅུ་པ་དང་བཅུ་གཉིས་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཕྱོགས་བསྡོམས་སོགས་ཆ་ཚང་ཐོ་མཛོད་མ་གཞི་ནང་འཇོག་རྒྱུ།
    • ༤།  སཾབྷོ་ཊ་དང༌། བོད་ཁྱིམ་གཉིས། དབུས་བོད་སློབ་འཛིན་ཚོགས། བལ་ཡུལ་གངས་ཅན་བདེ་རྩ། སྒེར་སློབ་བཅས་ཁྱབ་ཁོངས་སློབ་གྲྭ་ཡོངས་སུ་རྫོགས་པར་དངོས་ཤུགས་བརྒྱུད་གསུམ་ནས་ཤེས་ཡོན་རྟོག་ཞིབ་དང་གཟིགས་རྟོག་གི་ལས་དོན།
    • ༥།   གཏན་ཉིན་སློབ་གྲྭ་ཁག་གི་ཚན་རིག་དང་ཨང་རྩིས། ཀམ་པུ་ཊར་གཙོས་སློབ་ཚན་ཁག་གི་སློབ་ཁྲིད་ནང་བརྡ་འཕྲིན་འབྲེལ་ལམ་འཕྲུལ་རིག་ (ICT) བེད་སྤྱོད་གཏོང་བ་བརྒྱུད་སློབ་ཁྲིད་ཡར་རྒྱས་གཏོང་ཐབས་བྱ་རྒྱུར་མཐུན་རྐྱེན་སྦྱོར་སྤྲོད་དང་། ལྟ་རྟོག མཇུག་སྐྱོང་སོགས་དང་འབྲེལ་བའི་ལས་དོན།
    • ༦།   བྱིས་པའི་ཀློག་རྩལ་ལས་གཞི་དང་འབྲེལ་བའི་དགེ་རྒན་དང་ཕ་མ་རྣམས་ལ་བྱིས་པའི་ཀློག་རྩལ་གྱི་ཟབ་སྦྱོང་གོ་སྒྲིག་དང་། སློབ་གྲྭ་ཁག་གི་དཔེ་མཛོད་དང་དཔེ་མཛོད་དོ་དམ་པ་རྣམས་ཀྱི་ཆེད་ལས་ཡར་རྒྱས་གཏོང་རྒྱུའི་ལས་གཞི། བྱིས་སྒྲུང་བགོ་འགྲེམས་ཞུ་རྒྱུ་སོགས་ཀྱི་ལས་དོན།

ག    བརྡ་ཆད་ཚན་པ།

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་གོང་སྤེལ་སླད་དེང་རབས་ཀྱི་རིག་གནས་སྣ་ཚོགས་པའི་ཐ་སྙད་དང་རྒྱུན་སྤྱོད་ཀྱི་བརྡ་ཆད་རྣམས་གཅིག་གྱུར་གཏན་འབེབས་དགོས་གལ་ཆེན་པོ་གཟིགས་ཏེ། ཕྱི་ལོ་ ༢༠༠༦ ལོར་བཀའ་ཤག་སྐབས་བཅུ་གསུམ་པས་བོད་ཡིག་ཐ་སྙད་གཏན་འབེབས་ཀྱི་ལས་གཞིའི་ཆེད་བརྡ་ཆད་ཚན་པ་ཞིག་ཤེས་རིག་ལས་ཁུངས་སུ་གསར་འཛུགས་གནང་། སྐབས་དེར་བརྡ་ཆད་ཚན་པ་དེ་རྩོམ་སྒྲིག་སྡེ་ཚན་ཁོངས་སུ་གཏོགས་ཡོད་ཀྱང་། རྗེས་སོར་ཕྱི་ལོ་ ༢༠༡༦ ཟླ་ ༡༠ པ་ནས་བཟུང་བརྡ་ཆད་ཚན་པ་དེ་རྩོམ་སྒྲིག་སྡེ་ཚན་ནས་ལོགས་སུ་ཕྱེ་གནང་ཡོད།

ཚན་པ་འདིའི་ལས་འགན་གཙོ་བོ་ནི།

    • ༡། བཀའ་ཤག་གིས་ཐད་བསྐོས་གནང་བའི་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་འོག་རྒྱུན་སྤྱོད་དང་དེང་རབས་ཀྱི་བོད་ཚིག་ཐ་སྙད་གསར་སྒྲིག་དང་གཏན་འབེབས་ཀྱི་ལས་དོན་ཁག་འགན་ཁུར་ཞུ་རྒྱུ།
    • ༢།  བཀའ་དང་བསྟན་བཅོས་ནང་བཞུགས་པའི་ཐ་སྙད་གཙོ་བོར་གྱུར་པའི་སྔ་མོའི་བརྡ་ཆད་རྣམས་བེད་མེད་དུ་མ་ལུས་པར་གང་ཐུབ་ཀྱིས་བཀོལ་སྤྱོད་གནང་ཐབས་བྱ་རྒྱུ།
    • ༣།  གཏན་འབེབས་ཟིན་པའི་ཐ་སྙད་ཁག་ཕྱོགས་བསྒྲིགས་ཇུས་འགོད་ཀྱིས་”ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་”ཅེས་པའི་ལོ་རེའི་དཔེ་དེབ་འདོན་སྤེལ་གྱི་ལས་དོན།
    • ༤། བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། སློབ་གྲྭ། དགོན་སྡེ་སོགས་སུ་ཆེད་བཅར་གྱིས་ཐ་སྙད་ཀྱི་གལ་གནད་དང་། གཏན་འབེབས་བྱེད་ཕྱོགས་ཀྱི་བརྒྱུད་རིམ་སོགས་དང་འབྲེལ་ནས་གོ་རྟོགས་རྒྱ་ཆེར་སྤེལ་རྒྱུ་བཅས།

ང་།   མདུན་ལམ་སློབ་སྟོན་ཚན་པ།

ཕྱི་ལོ་ ༡༩༩༨ ཡས་མས་ནས་གཞི་རིམ་གོང་མའི་སློབ་མ་སྤྱི་དང་ཁྱད་པར་གཞི་རིམ་སློབ་ཐོན་པ་རྣམས་ལ་མཐོ་རིམ་སློབ་སྦྱོང་དང་ལས་རིགས་སློབ་ཚན་འདེམས་ཕྱོགས་དང་འབྲེལ་བའི་ཁྱད་ལས་སློབ་སྟོན་པ་དགོས་གལ་ཆེན་པོ་མཐོང་བར་བརྟེན། ཕྱི་ལོ་ ༢༠༠༣ ཟླ་ ༡༡ ཚེས་ ༡ ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དོན་ཚན་ ༡༧ ནང་གསེས་ ༥ པར་ཁྱད་ལས་པ་བསྐོ་གཞག་གི་སྒྲིག་གཞིའི་དགོངས་དོན་ལྟར་ཤེས་རིག་ལས་ཁུངས་ནང་མདུན་ལམ་སློབ་སྟོན་པ་གཞུང་བསྐོས་ལས་བྱེད་བསྐོ་གཞག་གནང་།

ཚན་པ་འདིར་ཡན་ལག་ལས་ཁང་གཉིས་ཡོད། ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༢༦ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཡན་ལག་ལས་ཁང་ཞིག་གསར་འཛུགས་དང་འབྲེལ་ལྷོ་ཁུལ་བོད་མིའི་སློབ་ཁག་ལ་མདུན་ལམ་སློབ་སྟོན་ནུས་ཤུགས་ལྡན་པ་སྤེལ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་རྒྱ་གར་བྱང་ཤར་ཁུལ་གྱི་མདུན་ལམ་སློབ་སྟོན་ཆེད་རྡོར་གླིང་དུ་ཡན་ལག་ལས་ཁང་གཉིས་པ་དེ་གསར་འཛུགས་བྱས་ཀྱང་། ཕྱི་ལོ་ ༢༠༡༢ ནས་དབུས་མདུན་ལམ་སློབ་སྟོན་ཚན་པས་མདུན་ལམ་སློབ་སྟོན་ཞུ་མུས་རེད། དེ་བཞིན་དབུས་བོད་སློབ་འཛིན་ཚོགས་ནས་རྩིས་བླངས་ཟིན་པའི་སཾབྷོ་ཊ་སློབ་ཁག་དྲུག་ནང་ཕྱི་ལོ་ ༢༠༡༩ དང་ ༢༠༢༠ ནང་མདུན་ལམ་སློབ་སྟོན་པ་དྲུག་བསྐོ་གཞག་དང་། ཕྱོགས་མཚུངས་ཕྱི་ལོ་ ༢༠༢༠ འགོ་སྟོད་ལ་མདུན་ལམ་སློབ་སྟོན་དང་འབྲེལ་བའི་རྩ་འཛིན་ཡིག་ཆ་ཞིག་བར་ལམ་ལོ་ཤས་ནས་དགོས་གལ་གཟིགས་པ་བཞིན་བཟོ་འགོད་ཞུས། ཚན་པ་འདིའི་ནང་དམིགས་བསལ་ཤེས་ཡོན་ཆེད་ཁྱད་ལས་པ་ཞིག་ཡོད་པ་དེས་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་ཚོར་ལྟ་རྟོག་དང་ལམ་སྟོན་བྱ་རྒྱུའི་འགན་ཁུར་བཞེས་བཞིན་ཡོད།

ཚན་པ་འདིའི་ལས་འགན་གཙོ་བོ་ནི།

    • ༡།    སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པ་རྣམས་ཀྱི་ཁྱད་ལས་ཡར་རྒྱས་གཏོང་ཐབས་ཀྱི་ཟབསྦྱོང་གོ་སྒྲིག་དང་། དུས་ནས་དུས་སུ་མདུན་ལམ་སློབ་སྟོན་པ་ཚོར་ལམ་སྟོན་དང་བཏང་འཛིན་བྱ་རྒྱུ།
    • ༢།    མདུན་ལམ་སློབ་སྟོན་དང་འབྲེལ་བའི་ལས་འཆར་བསྒྲིགས་ཏེ་ལག་བསྟར་ཞུ་རྒྱུ།
    • ༣།    བོད་སློབ་འཛིན་སྐྱོང་ཚོགས་པའི་འོག་ཏུ་ཡོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་མདུན་ལམ་ལམ་སྟོན་བྱ་རྒྱུ།
    • ༥།    འཛིན་རིམ་བཅུ་གཉིས་སློབ་ཐོན་པ་རྣམས་ལ་རྒྱུས་སྟོན་བྱ་རྒྱུ།
    • ༦།    ས་གནས་ཁག་ཏུ་ཕྲུ་གུའི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་ཐད་ཕ་མའི་ལས་འགན་ངོ་སྤྲོད་དང་སློབ་སྟོན་བྱ་རྒྱུ།
    • ༧།    སློབ་མའི་སེམས་ཁམས་དང་འབྲེལ་བའི་ཚད་གཞི་ཇི་ཙམ་ཡོད་མེད་རྟོག་ཞིབ་བྱ་རྒྱུ། (Psychological Test)
    • ༨།    དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ཀྱི་སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་སློབ་ཁྲིད་གནང་ཕྱོགས་སྐོར་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ།
    • ༩།    སློབ་གྲྭ་ཁག་ཏུ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་ཡོད་མེད་རྟོག་ཞིབ་ཞུ་རྒྱུ་དང་། དེ་དག་ལ་དགོས་མཁོའི་ཆ་རྐྱེན་བསྐྲུན་རྒྱུ།
    • ༡༠།   སློབ་གྲྭ་ཁག་ཏུ་ཡོང་ཚུད་ཤེས་ཡོན་གོང་འཕེལ་ཡོང་ཐབས་དང་འབྲེལ་བའི་ལས་འཆར་བསྒྲིགས་ཏེ་ལག་བསྟར་ཞུ་རྒྱུ།

༣༽   རོགས་སྐྱོར་སྡེ་ཚན།

༸གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་དབུས་གཞུང་ནས་བོད་སློབ་ཟུར་བཙུགས་ཀྱིས་ཕྲུ་གུའི་ཤེས་ཡོན་རིན་མེད་དགོངས་བཞེས་བྱུང་ཡོད་ཀྱང་། ཕྱི་ལོ་ ༡༩༧༥ ནས་བཟུང་བོད་སློབ་འཛིན་ཚོགས་ཀྱིས་ཕ་མའི་ངོས་ནས་སློབ་དོད་འབུལ་དགོས་པའི་བཀོད་ཁྱབ་འབྱོར། སྐབས་དེར་ཕ་མ་མང་པོ་ཞིག་གི་གནས་སྟངས་སྐྱོ་ཞིང་ཕྲུ་གུའི་སློབ་ཡོན་འབུལ་ཐབས་མེད་པར་བརྟེན། ཤེས་རིག་ལས་ཁུངས་ནས་ཕྲུ་གུ་རྣམས་ཀྱི་ཤེས་ཡོན་གལ་ཆེ་དོན་ཆེན་དུ་བརྩིས་ཏེ། ཕྱི་རྒྱལ་རོགས་ཚོགས་ཁག་བརྒྱུད་སློབ་ཡོན་འབོད་སྐུལ་གནང་རྒྱུའི་ལས་རིམ་འགོ་བཙུགས་ཀྱིས་ད་ཡོད་སློབ་ཡོན་སྡེ་ཚན་འདི་བཙུགས་ཏེ་ཕྲུ་གུ་རྣམས་ལ་ཤེས་ཡོན་གོ་སྐབས་ཐོབ། རིམ་བཞིན་སློབ་ཕྲུག་འཕེལ་རྒྱས་ཆེན་པོ་བྱུང་བ་དང་སློབ་གྲྭ་ཁག་ནས་སློབ་ཕྲུག་ཐོན་འགོ་ཚུགས་ཏེ་མཐོ་རིམ་སློབ་ཡོན་འབུལ་རྒྱུ་སོགས་ལས་གཞི་རྒྱ་སྐྱེད་བྱུང་། མཐོ་རིམ་སློབ་ཡོན་དེ་ཡང་ཡིག་རྒྱུགས་ཀྱི་བརྒྱ་ཆ་རྩེ་བཏོག་གིས་བགོ་འགྲེམས་གནང་ལམ་ཡོད་པ་དང་། ཕྱོགས་མཚུངས་ཉམ་ཐག་ཨང་ཐོབ་ཀྱི་ཕྲུ་གུ་རྣམས་ལ་དམིགས་བསལ་དགོངས་བཞེས་ཀྱིས་མཐོ་རིམ་སློབ་ཡོན་ཆ་བགོས་ཞུ་བཞིན་ཡོད་ལ། ད་ལྟའི་ཆར་སློབ་ཡོན་ཡོང་ཁུངས་གཙོ་བོ་ནི་ཏཱ་ལའི་བླ་མའི་ཡིད་ཆེས་དགེ་རྩ་དང་། ཕྱི་རྒྱལ་རོགས་ཚོགས་ཁག བོད་རིགས་ཚོགས་སྒེར་འབྱོར་ལྡན་ཁག་ཅིག་ཆགས་ཡོད།

ཕྱི་ལོ་ ༢༠༠༤ ལོར་བཀའ་ཤག་གིས་སྒྲིག་འཛུགས་བསྐྱར་བཅོས་གནང་སྐབས། རོགས་སྐྱོར་སྡེ་ཚན་ཞེས་མིང་བསྒྱུར་ཐོག་ནང་གསེས་མཐོ་རིམ་སློབ་ཡོན་ཚན་པ་དང་། གཞི་རིམ་སློབ་ཡོན་དང་སློབ་འཇུག་ཚན་པ་གཉིས་སུ་གཏན་འབེབས་གནང་ཡོད།

མཐོ་རིམ་སློབ་ཡོན་ཚན་པའི་ལས་འགན་གཙོ་བོ་ནི།

    • ༡།  རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་ཕྲུག་སློབ་གྲྭ་ཐོན་རྗེས་མཐོ་རིམ་སློབ་སྦྱོང་མཇུག་སྐྱོང་སླད་དཔལ་འབྱོར་གྱི་དཀའ་ངལ་ཡོད་རིགས་ལ་མཐོ་སློབ་སློབ་ཡོན་འབུལ་རྒྱུ།
    • ༢།  ལོ་ལྟར་མཐོ་རིམ་སློབ་ཡོན་གསལ་བསྒྲགས་ཞུ་རྒྱུ།
    • ༣། མཐོ་རིམ་སློབ་ཡོན་ཚོགས་ཆུང་ཆེད་སྐོང་གིས་སློབ་མ་འདེམས་སྒྲུག་བྱེད་སྒོ།
    • ༤།  མཐོ་རིམ་སློབ་ཡོན་གྱི་སྒྲིག་གཞི་བསྐྱར་བཅོས་དགོས་གལ་ནམ་བྱུང་བཀའ་ཤག་བརྒྱུད་འཆར་འབུལ་ཞུ་རྒྱུ།
    • ༥།  འདེམས་སྒྲུག་ཟིན་པའི་སློབ་མ་ཚོར་སློབ་ཡོན་བགོ་འགྲེམས་དང་འབྲེལ་ལམ་དང་མཇུག་སྐྱོང་ཞུ་རྒྱུ།
    • ༦།  སློབ་ཡོན་ཆེད་ཚོགས་སྒེར་རོགས་ཚོགས་ཁག་ལ་རོགས་རམ་འབོད་སྐུལ་ཐབས་འཚོལ་དང་། འབྲེལ་ལམ་དང་མཇུག་སྐྱོང་ཞུ་རྒྱུ།
    • ༧།    གཞན་ཡང་རྒྱ་གར་མཐོ་སློབ་ཁག་ནས་བོད་ཕྲུག་རྣམས་ལ་དམིགས་བསལ་ས་མིག་འབུལ་མཁན་བྱུང་ཚེ་སྐབས་མཚམས་གསལ་བསྒྲགས་ཞུ་རྒྱུ།
    • ༨།   ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མཐོ་རིམ་སློབ་སྦྱོང་དུ་གཏོང་རྒྱུའི་གོ་སྐབས་ཇི་བྱུང་རྒྱ་ཁྱབ་གསལ་བསྒྲགས་ཀྱི་ལམ་ནས་མི་འགྲོ་འདེམས་སྒྲུག་དང་འབྲེལ་བའི་ལས་དོན་ཞུ་སྒོ་ཁག་འགན་ཁུར་ཞུ་རྒྱུ།

གཞི་རིམ་སློབ་ཡོན་དང་སློབ་འཇུག་ཚན་པའི་ལས་འགན་གཙོ་བོ་ནི།

    • ༡།  རྒྱ་བལ་འབྲུག་གསུམ་ས་གནས་ཁག་གི་ཉིན་སློབ་ནས་མཐའ་མའི་འཛིན་རིམ་ཐོན་མཁན་དང་། ཧི་མཱ་ལ་ཡའི་ཁུལ་ནས་སློབ་འཇུག་ཞུ་མཁན་རྣམས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་གཏན་སློབ་ཁག་ནང་སློབ་འཇུག་ཞུ་རྒྱུ།
    • ༢། རོགས་རམ་ཐབས་འཚོལ། གཏན་སློབ་ནང་ཡོད་པའི་ཕྲུ་གུ་རྣམས་ལ་ཟས་གོས་གནས་མལ་གླ་དོད་དུས་ཐོག་གཏོང་རྒྱུ།
    • ༣། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་དང་། མཛད་གཙོ་རྣམ་པ། ས་གནས་རང་ཁོངས་ལས་བྱེད། དྭང་སློབ་འགོ་འཛིན་བཅས་ཀྱི་ཕྲུ་གུ་རྣམས་བོད་ཁྱིམ་གཉིས་སུ་རྒྱན་རྒྱག་དང་། ཕྲུ་གུ་གསུམ་ཡན་ཡོད་པའི་ལས་གཞིའི་ཁོངས་ཚུད་པའི་ཕྲུ་གུ་རྣམས་བོད་ཁྱིམ་གཉིས་དང་སཾབྷོ་ཊ་བཅས་ནང་སྒྲིག་དོན་རྒྱན་རྒྱག་སློབ་འཇུག་ཞུ་རྒྱུ།
    • ༤། རོགས་རམ་ཁོངས་སུ་ཡོད་པའི་སློབ་ཕྲུག་རྣམས་ཀྱི་སྦྱིན་བདག་དང་། རོགས་ཚོགས་ཁག་ལ་འབྲེལལམ་དང་མཇུག་སྐྱོང་ཞུ་རྒྱུ།
    • ༥། གཏན་ཉིན་སློབ་གྲྭ་ཁག་དང་ས་གནས་འགོ་འཛིན་རྣམ་པར་སློབ་འཇུག་གསལ་བསྒྲགས་དང་ཡིག་འབྲེལ་གྱི་ལས་དོན།
    • ༦། ཀྲུ་ཀྲིང་དང་བལ་ཡུལ་ཤ་ཝ་ར་གསུམ། དེ་བཞིན་ཉམ་ཐག་ཕྲུ་གུ་གཏན་སློབ་ཁག་ནང་ཡོད་པ་རྣམས་ལ་ཕ་མ་ཐུག་འཕྲད་བསྐྱོད་རྒྱུར་དམིགས་བསལ་ལམ་གྲོན་དང་ལག་དངུལ་བགོ་འགྲེམས་ཞུ་རྒྱུ།
    • ༧། ཉིན་སློབ་བསྐྱོད་མུས་ཉམ་ཐག་ཨང་ཐོབ་ཀྱི་ཕྲུ་གུ་དང་། སྲི་ཞུ་ལས་བྱེད་པའི་ཕྲུ་གུ། སཾབྷོ་ཊ་ཁྱབ་ཁོངས་གཏན་འཇགས་དགེ་ལས་རྣམ་པའི་ཕྲུ་གུ། ཕྲུ་གུ་གསུམ་ཡན་བཅས་ལ་སློབ་དོད་དམ་བྱིས་གསོས་དོད་གནང་རྒྱུ།
    • ༨། གཏན་སློབ་ཁག་ནང་ཡོད་པའི་ཉམ་ཐག་ཕྲུ་གུར་ཟས་གོས་གནས་མལ་དོད་འབུལ་རྒྱུར་དཀའ་ངལ་ཡོད་སྐོར་ས་གནས་འགོ་འཛིན་ནས་རྒྱབ་གཉེར་འབྱོར་རིགས་ལ་དམིགས་བསལ་ཆག་ཡང་འབུལ་རྒྱུ།
    • ༩། ས་གནས་འགོ་འཛིན་ཁག་ནས་དྭ་ཕྲུག་དང་། ཕྱེད་དྭ་ཕྲུག ཉམ་ཐག་དཀའ་ངལ་ཅན་གྱི་ཕྲུ་གུ་བཅས་ཀྱི་སློབ་འཇུག་རྒྱབ་གཉེར་འབྱོར་རིགས་ལ་ཞིབ་འཇུག་དང་འབྲེལ་འོས་ངེས་ལ་བོད་ཁྱིམ་གཉིས་ལ་རྒྱབ་གཉེར་ཞུ་རྒྱུ།

༤༽    ཤེས་ཡོན་ལྷན་ཚོགས།

བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་དང་འབྲེལ་བའི་སྲིད་བྱུས་དང་ལམ་སྟོན་ཁག་ལག་བསྟར་དང་། ཤེས་ཡོན་དང་འབྲེལ་བའི་བྱེད་སྒོ་ལམ་སྟོན་ཆེད་ཤེས་ཡོན་སློབ་སྟོན་གནང་མཁན་གྱི་ལྷན་ཚོགས་ཤིག་གསར་འཛུགས་གནང་དགོས་པ་བཞིན། ཕྱི་ལོ་ ༢༠༡༠ ལོ་མཇུག་ལ་བཀའ་ཤག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་འགན་དབང་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཞེས་པ་གཏན་འབེབས་དང་འབྲེལ། ལྷན་ཚོགས་དེའི་འགན་འཛིན་དུ་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༨ ཉིན་ཤེས་རིག་ལས་ཁུངས་ནས་དྲུང་ཆེ་ལས་འཕར་ཞིག་བསྐོ་གཞག་དང་། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ ཉིན་ཚོགས་མི་ཡོངས་བསྐོ་གཞག་གནང་། དེ་ནས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༨ ཉིན་ཤེས་རིག་ལས་ཁུངས་ནས་དེ་སྔ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཡར་པོ་གནང་བའི་འོག་ཁང་དེ་དག་རྩིས་ལེན་གྱིས་ཉམས་གསོ་བྱས་ཏེ་དེའི་ནང་ལས་ཁུངས་སྤོས་ཏེ། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་ལས་ཁུངས་ཀྱི་ལས་དོན་དངོས་སུ་འགོ་བཙུགས་ཡོད། སྐབས་དེར་ཤེས་ཡོན་ལྷན་ཚོགས་ཀྱི་ཡིག་ཚང་ནང་འཛིན་སྐྱོང་ལས་བྱེད་དྲུང་གཞོན་ ༡ དང་། དྲུང་ལས་ ༢ ལས་དོ་ ༡ བཅས་ཀྱི་ས་དམིགས་ཡོད། ལས་ཁུངས་འདི་ཉིད་གནས་སྐབས་རིང་ཤེས་རིག་ལས་ཁུངས་ཀྱི་ཁོངས་སུ་ཡོད་ནའང་། མཐུན་རྐྱེན་འཛོམས་ཉིན་ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་དབང་བྱུས་འོག་ཡོད་པའི་རང་སྐྱོང་སྡེ་ཚན་ཞིག་ལ་བསྒྱུར་རྒྱུའི་དགོངས་གཞི་ཡོད་པ་ལྟར་གནང་ཐབས་ཞུ་བཞིན་ཡོད། ཤེས་ཡོན་ལྷན་ཚོགས་འགོ་འཛུགས་མ་གནང་གོང་ལྷན་ཚོགས་ཀྱི་ལས་བྱེད་མང་ཆེ་བ་ཤེས་རིག་སྲོལ་རྒྱུན་ཤེས་ཡོན་ཚན་པའི་ཁྱབ་ཁོངས་ཡིན་སྟབས། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༥ ཉིན་ཤེས་ཡོན་ལྷན་ཚོགས་དང་ཤེས་རིག་སྲོལ་རྒྱུན་ཚན་པ་གཉིས་ཀྱི་ལས་དོན་ཁག་བགོས་ཀྱིས་ཤེས་ཡོན་སྲོལ་རྒྱུན་ཚན་པས་གནང་བཞིན་པའི་གཞི་རིམ་སློབ་གྲྭའི་བསླབ་གཞི་རྩ་འཛིན་བཟོ་འགོད་དང་། སློབ་དེབ་རྩོམ་སྒྱུར་དང་བསྐྱར་ཞིབ་ཀྱི་ལས་དོན་རྣམས་ཤེས་ཡོན་ལྷན་ཚོགས་ཀྱིས་གནང་རྒྱུ་ཐག་བཅད། དེ་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ནང་ཤེས་རིག་རྩོམ་སྒྲིག་ཚན་པའི་ལས་དོན་རྣམས་ཀྱང་ཤེས་ཡོན་ལྷན་ཚོགས་ཁོངས་སུ་ཟླ་སྒྲིལ་གནང་། དེ་བཞིན་གཞི་རིམ་འོག་མའི་སློབ་ཚན་གཞན་ཁག་གི་སློབ་དེབ་རྩོམ་སྒྲིག་དེ་སྔ་བོད་ཁྱིམ་ནས་གནང་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༢ ནས་ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་འདོན་སྤེལ་རྩིས་ལེན་གྱིས་ད་ལྟའི་ཆར་ཤེས་ཡོན་ལྷན་ཚོགས་ནས་རྩོམ་སྒྲིག་འགན་ཁུར་བཞེས་བཞིན་ཡོད།

ཤེས་ཡོན་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་ནི།

༡། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་འདུའི་གྲོས་ཆོད་ལྟར་མཇུག་སྐྱོང་གནང་སྒོ་ཁག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན་བཞིན། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ལོ་རེའི་ནང་ཐེངས་གཉིས་བསྐོང་ཚོགས་གནང་རྒྱུ་དང་འབྲེལ། ཚོགས་འདུའི་གྲོས་ཆོད་ཁག་ལག་བསྟར་མཇུག་སྐྱོང་ཞུ་སྒོ་ཁག

༢། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་བསླབ་གཞིའི་རྩ་འཛིན་བཟོ་འགོད།

ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་ཕྱི་ལོ་ ༢༠༠༨ ལོར་སྔོན་འགྲོ་ནས་གཞི་རིམ་འོག་མ་བར་དང་། ཕྱི་ལོ་ ༢༠༡༡ ལོར་གཞི་རིམ་བར་མ། ཕྱི་ལོ་ ༢༠༡༧ ལོར་གཞི་རིམ་གོང་མ་བཅས་ཀྱི་བསླབ་གཞིའི་རྩ་འཛིན་བཟོ་འགོད་དང་གཏན་འབེབས་ཟིན་ཅིང་། དེ་དག་རིམ་བཞིན་ལག་བསྟར་དང་། བསྐྱར་ཞིབ། དུས་དང་མཐུན་པའི་སྣོན་འཕྲི་སོགས་བྱེད་བཞིན་ཡོད།

༣།  བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན་སློབ་དེབ་རྩོམ་སྒྲིག

ཤེས་ཡོན་སྲིད་བྱུས་དང་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན། གཞི་རིམ་གོང་འོག་བར་གསུམ་གྱི་བོད་སྐད་ཡིག་དང་། ཨང་རྩིས། ཚན་རིག སྤྱི་ཚན། ནང་ཆོས་དང་རིིགས་ལམ། ཟློས་གར་སོགས་ཀྱི་སློབ་དེབ་རྩོམ་སྒྲིག་དང་གཏན་འབེབས། ལག་བསྟར། མཇུག་སྣོན་ཞུ་སྒོ་ཁག་ཞུ་རྒྱུ།

༤། བོད་སྒྱུར་ལས་གཞི།

གཏན་ཉིན་སློབ་གྲྭ་ཁག་ལ་ཀློག་དེབ་ཀྱི་མཐུན་རྐྱེན་ཇེ་བཟང་གཏོང་ཐབས་སུ་འཛམ་གླིང་ནང་གི་གྲགས་ཅན་བྱིས་སྒྲུང་དང་། སློབ་ཁྲིད་དང་འབྲེལ་བའི་དཔེ་དེབ་སོགས་བོད་སྒྱུར་གྱིས་འདོན་སྤེལ་ཞུ་རྒྱུ།

༥།   བྱིས་པའི་ཀློག་རྩལ་གོང་མཐོར་གཏོང་ཐབས་ལས་གཞི།

ལོ་གཅིག་ནང་གཞི་རིམ་བར་མ་དང་གོང་མའི་གནས་ཚད་དང་འཚམས་པའི་ཕ་ཡུལ་ཤེས་བྱའི་བང་མཛོད་བརྙན་དེབ་འདོན་ཐེངས་ ༡༠ དང་། གཞི་རིམ་འོག་མའི་སློབ་ཕྲུག་གི་གནས་ཚད་དང་འཚམས་པའི་དུས་དེབ་གངས་ལྗོངས་བྱིས་པའི་བརྙན་དེབ་འདོན་ཐེངས་གཅིག གཞན་ཡང་ཕ་ཡུལ་ཕྱོགས་བསྒྲིགས་དཔེ་དེབ་གཉིས་གསུམ་འདོན་སྤེལ་དང་། གླིང་སྒྲུང་སྙིང་བསྡུས་དཔེ་དེབ་གཅིག དེ་བཞིན་ལོ་རེའི་ནང་བྱིས་པའི་སྒྲུང་དེབ་གསར་རྩོམ་ལྔ་རེ་དང་། གཞི་རིམ་བར་མ་དང་གོང་མའི་གནས་ཚད་དང་འཚམས་པའི་མི་སྣ་གྲགས་ཅན་སོགས་ལོ་རྒྱུས་དཔེ་དེབ་རེ་འདོན་སྤེལ་སོགས་ཀྱི་ལམ་ནས་ཀློག་དེབ་ཀྱི་སྤུས་ཚད་དང་མཐུན་རྐྱེན་ཇེ་བཟང་བསྐྲུན་རྒྱུ།

༦།   སློབ་ཕྲུག་དང་དགེ་རྒན་གྱི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས།

    • ༡། ཤེས་ཡོན་གྱི་ལས་གནས་ཐོག་ཡོད་པའི་བོད་རིགས་དགེ་ལས་དང་། མཁས་དབང་། ཤེས་ལྡན་ཐུགས་སྣང་ཅན་རྣམས་ལ་བོད་མིའི་རིག་གཞུང་སྤྱི་དང་། ཁྱད་པར་སློབ་གསོའི་ཆེད་ལས་ཐོག་ཉམས་མྱོང་བརྗེ་རེས་ཀྱིས་གོ་རྟོགས་དང་ངོས་འཛིན་གཏིང་ཟབ་ཡོང་སླད། ཕྱི་ལོ་ ༢༠༠༡ ལོ་ནས་འགོ་བཙུགས་པའི་ཤེས་རིག་ཅེས་པའི་དུས་དེབ་འདོན་ཐེངས་བཅུ་གཅིག་བར་རྩོམ་སྒྲིག་འགྲེམས་སྤེལ་ཞུས་ཟིན་པ་དང་། ཕྱི་ལོ་ ༢༠༡༨ ནས་བཟུང་དགེ་རྒན་གྱི་ཉམས་མྱོང་བརྗེ་རེས་ཀྱི་རྩོམ་ཡིག་ཁག་ཕྱོགས་བསྒྲིགས་ཀྱིས་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་ཐོག་འགོད་སྤེལ་ཞུ་རྒྱུ།
    • ༢། ལོ་ལྟར་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གྱི་བོད་ཡིག་རྩོམ་ཡིག་འགྲན་བསྡུར་ནང་བྱ་དགའ་ཐོབ་པའི་ཕུལ་བྱུང་རྩོམ་ཡིག་ཁག་བདམས་བསྒྲིགས་ཀྱིས་སྨྱུག་གསར་ཞེས་པའི་དེབ་ཕྲེང་འདོན་སྤེལ་ཞུ་རྒྱུ།

༧།   ཤེས་ཡོན་སྲིད་བྱུས་ལག་བསྟར་དང། གོ་རྟོགས་སྤེལ་རྒྱུའི་ལས་གཞི།

གཏན་ཉིན་སློབ་ཁག་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་ཚགས་ཚུད་འགྲོ་མིན་བཏང་འཛིན་དང་འབྲེལ། སློབ་སྡེ་ཁག་གི་རྒྱུས་སྟོན་པ་རྣམས་ནས་ཤེས་ཡོན་སྲིད་བྱུས་ཟབ་སྦྱོང་དང་གོ་རྟོགས་སྤེལ་ཐུབ་པའི་ནུས་པ་སྐྱེད་སྲིང་གནང་རྒྱུ། དགེ་རྒན་རྣམས་ལ་ཟབ་སྦྱོང་། ཕ་མ་དང་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུའི་ལས་གཞི། བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་ཚགས་ཚུད་གཏོང་ཐབས། ཤེས་ཡོན་སྲིད་བྱུས་ཀྱི་རྒྱུ་ཆ་དཔེ་དེབ་མཁོ་འདོན་གནང་རྒྱུ།

༨།   ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ལས་གཞི།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པའི་སློབ་གྲྭ་ཁག་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་ཚགས་ཚུད་ཡོང་ཐབས་སུ་དགེ་རྒན་ལ་ཟབ་སྦྱོང་དང་གོ་རྟོགས་སྤེལ་རྒྱུ། བསླབ་གཞིའི་རྩ་འཛིན་སོགས་བོད་སྒྱུར་དང་རྩོམ་སྒྲིག་གཏན་འབེབས། གཞན་ཡང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་རྒྱུ་ཆ་མཁོ་འདོན་གནང་རྒྱུ་བཅས་སོ།། །།

ཤེས་རིག་ལས་ཁུངས་ཀྱི་ལོ་རྒྱུས།

ཆེད་བརྗོད།

༄༅། །༡༩༥༩ ལོར་རྒྱ་དམར་བཙན་འཛུལ་བའི་མི་སྤྱོད་ལས་འདས་པའི་དྲག་སྤྱོད་དབང་གིས་༸གོས་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་མུ་མཐུད་དུ་བཞུགས་ཚེ། བོད་མི་ཆེས་མང་པོར་སྲོག་ཉེན་དང། རྩ་དོན་ལ་འཕྲལ་ཕུགས་གང་ཐད་ནས་ཉེན་ཆེ་བར་བརྟེན། དེ་བས་བཙན་བྱོལ་དུ་ཕེབས་ན་བོད་བསྟན་སྲིད་མི་རིགས་ཆགས་འཇིག་གི་སོ་མཚམས་ནས་སྐྱོབ་ཐབས་བཟང་བར་གཟིགས་ཏེ། རྒྱ་གར་འཕགས་པའི་ཡུལ་དུ་གཞུང་འབངས་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང། དུས་དེ་ནས་བཟུང་ད་ཆ་མི་ལོ་ ༥༠ བཙན་བྱོལ་དུ་འདས་པའི་རྗེས་དྲན་གྱི་དུས་ཚིགས་སྲུང་བརྩི་ཞུ་བའི་ལས་རིམ་གྱི་ཆ་ཤས་སུ། འདས་པའི་ལོ་ངོ་ ༥༠ རིང་བོད་ཕྲུག་ན་གཞོན་ཚོའི་ཤེས་ཡོན་སློབ་སྦྱོང་གི་ལས་རིམ་མེད་པ་ནས་ཡོད་པ་དང། ཡོད་པ་དེ་མུ་མཐུད་ཡར་རྒྱས་ཚགས་ཚུད་ཐུབ་ཐབས་སུ་༸མགོན་པོ་གང་གིས་ཇི་ལྟར་འདོམས་པའི་གདམས་ངག་དང་མཐུན་པར་འབད་བརྩོན་ཇི་ལྟར་ཞུས་པའི་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་བྱུང་བ་བརྗོད་པའི་ཡིག་ཆ་འདི་ཉིད། ཇི་སྐད་དུ། སློབ་དཔོན་དབྱུག་པ་ཅན་གྱིས།
གལ་ཏེ་སྒྲ་དོན་སྣང་བ་ནི། །འཁོར་བའི་བར་དུ་མི་གསལ་ན། །
འཇིག་རྟེན་གསུམ་པོ་མཐའ་དག་འདི། །སྨག་རུམ་མུན་པ་ཉིད་དུ་འགྱུར། །
ཞེས་གསུངས་པ་ལྟར། རྩོམ་སྒྲིག་མ་ཞུས་ན། ཕྱི་རབས་རྣམས་ལ་གསལ་བར་མི་འགྱུར་བས། དེའི་ཕྱིར་རྗེས་སུ་ཡི་རང་བའམ། ཡང་ན་ནི་ལེགས་ཉེས་ཀྱི་དཔྱད་བརྗོད་བྱེད་པའི་སྐབས་མེད་པར་འགྱུར་རྒྱུ་ཡིན། རྩོམ་སྒྲིག་བྱས་པའི་ཕན་ཡོན་ནི། སློབ་དཔོན་དེ་ཉིད་ཀྱིས།
སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །
དེ་ཉིད་ཉེ་བར་མི་གནས་ཀྱང། །རང་ཉིད་ཉམས་པ་མེད་ལ་ལྟོས། །
ཞེས་གསུངས་པ་ལྟར། དངོས་བྱུང་གི་ལོ་རྒྱུས་ཡིག་ཐོག་ཕབ་རྣམས་ཇི་སྲིད་དུ་ཡི་གེའི་ཕུང་པོ་མ་ཉམས་པར་གནས་པ་དེ་སྲིད་དུ་ཉམས་པ་མེད་པར་གནས་ཐུབ་པ་ཡིན།
ལྷག་པར་དུ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཤེས་ཡོན་གྱི་ལས་དོན་འདི་ཉིད་ལས་དོན་ཀུན་གྱི་ནང་ནས་གལ་འགངས་ཆེ་ཤོས་ཤིག་ཡིན་པ་དང། རང་རེའི་བོད་ཀྱི་མ་འོངས་པའི་སོན་རྩར་གྱུར་པའི་བོད་ཕྲུག་རྣམས་ལ་ཤེས་རིག་ཡོན་ཏན་སློབ་སྦྱོང་བྱ་རྒྱུ་སྤྱི་སྒེར་གཉིས་ཀར་འཕྲུལ་ཡུན་སྒོ་གང་ས་ནས་ཤིན་ཏུ་གནད་ཆེ་བར་བརྟེན། ཁྱེད་ཚོས་དོ་འཁུར་ཆེ་བསྐྱེད་ཀྱིས་ཕྲུ་གུ་ཚོར་སློབ་སྦྱོང་བྱེད་སྒོ་ལྷོད་གཡེང་མ་སོང་བ་འཐུས་ལེགས་ཡོང་བའི་འབད་བརྩོན་ནན་ཏན་བྱེད་དགོས་ཞེས་བཀའ་ནན་རིམ་ཕེབས་བཞིན། བཙན་བྱོལ་དུ་དུས་ཡུན་ཇི་ཙམ་ཞིག་གནས་དགོས་གྱུར་ཀྱང་བོད་མིའི་བདེན་པའི་འཐབ་རྩོད་གསོན་པོར་གནས་ཤིང། རང་གི་ཆོས་དང་སྐད་ཡིག་རིག་གཞུང། ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་རྒྱུན་འཛིན་ཐོག་དེང་རབས་ཤེས་ཡོན་བཅས་པ་སྤྲོད་ཕྱོགས་ཀྱི་ལས་དོན་དེ་བཙན་བྱོལ་བོད་གཞུང་གི་གལ་ཆེའི་མཛད་འཁུར་དང་པོའི་གྲས་སུ་བཞག་སྟེ་ལས་དོན་བརྩམས་པ་དང། སྤྱི་ནོར་༸གོང་ས་ཆེན་པོའི་བླ་ན་མེད་པའི་ཐུགས་བསྐྱེད་དང། ཐུགས་རྗེའི་འོ་མཚོ་ལས་ཉེ་བར་བལྟམས་པའི་བོད་གཞུང་ཤེས་རིག་ལས་ཁུངས་འདི་ཉིད་ཕྱི་ལོ་ ༡༩༦༠ ཟླ་ ༡༠ ཚེས་ ༤ ཉིན་དངོས་སུ་བཞུགས་སྒར་དྷ་རམ་ས་ལའི་ལྗོངས་ཀྱི་ལྟོ་བར་དབུ་འཛུགས་ཀྱི་སྒོ་དབྱེ་རྟེན་འབྲེལ་གནང་པ་ནས་ད་ཆ་མི་ལོ་ལྔ་བཅུ་སོང་བའི་བར་གྱི་བྱུང་རབས་འདི་ཉིད་ཡིག་ལམ་དུ་བཀོད་པར་བརྟེན་ནས་ད་ལྟ་དང་འབྱུང་འགྱུར་གྱི་མི་རབས་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཀའ་རྙོག་དང་བཞེས་སྐུ་ངལ་འཛེམས་མེད་ཀྱིས་བོད་ཕྲུག་ན་གཞོན་རྣམས་ཀྱི་ཆེད་གཏན་ཉིན་སློབ་གྲྭ་ཟུར་འཛུགས་བསྐྱངས་པའི་ཕུགས་རྒྱང་རིང་པོའི་རླབས་ཆེན་གྱིས་མཛད་བྱུས་དང་བཀའ་དྲིན་ཟླ་མེད་པར་སྐྱོང་བར་མཛད་པའི་བཞེད་དགོངས་ཟབ་མོ་མཇལ་བའི་སྐལ་བ་ཐོབ་ཅིང། དེ་བཞིན་བོད་གཞུང་ཤེས་རིག་ལས་ཁུངས་ནས་༸གོང་ས་ཆེན་པོའི་བཀའ་དགོངས་བཞིན་ཕྱི་ནང་གི་རིག་གནས་སྤྱི་དང། ལྷག་པར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཙོ་གྱུར་སློབ་སྦྱོང་གི་གོ་སྐབས་སྤྲོད་ཕྱོགས་ལ་འབད་པ་ཇི་བྱས་དང། དེའི་གྲུབ་འབྲས་བཅས་པ་ལོ་རྒྱུས་ཀྱི་དེབ་ཐེར་ནང་གསལ་བར་བྱ་རྒྱུ་ནི། བཙན་བྱོལ་བོད་མིའི་བྱུང་རབས་ནང་གི་ལེའུ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་གསལ་པོ་ཡོད།
ལོ་མང་སོང་བའི་གལ་ཆེའི་ཡིག་ཆ་མང་དག་ཅིག་ཉར་ཚགས་ཚུལ་བཞིན་མ་བྱུང་བའི་དབང་གིས་བལྟ་བའི་ཡུལ་དུ་མི་སྣང་བར་གྱུར་ཟིན་ཀྱང། ཐབས་ཤེས་ཡོད་རྒུས་དེ་བྱུང་ལོ་རྒྱུས་འདི་འདྲ་ཞིག་རྩོམ་སྒྲིག་ཞུ་ཐུབ་པ་བྱུང་བར། རྩོམ་སྒྲིག་གི་ལས་དོན་འདིར་དངོས་སུ་ཞུགས་མཁན་དང་གཞན་ཡིག་ཆ་ལ་སོགས་པའི་མཐུན་འགྱུར་གནང་མཁན་བཅས་ཡོངས་སུ་རྫོགས་པར་ཡི་རང་བསྔགས་བརྗོད་ཡོད་ལ། དེབ་འདི་ལ་བརྟེན་ནས་ཕྱིས་ཀྱི་མི་རབས་རྣམ་པས་འདས་པའི་རང་རེའི་མི་རབས་སྔ་མ་རྣམས་ཀྱི་སྙིང་རུས་ལྷག་བསམ་གྱི་ནུས་སྟོབས་ཅི་འདྲ་ཞིག་བྱུང་ཡོད་པར་ར་སྤྲོད་དན་རྟགས་སུ་ཤར་ཐུབ་པ་དང་ཕྱི་བལྟས་ཀྱིས་དཔྱད་པར་བྱ་བའི་མེ་ལོང་ལྟ་བུར་འགྱུར་བའི་རེ་བ་དང་བཅས་ཏེ། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་ཀྱིས་ ༢༠༡༠ ཟླ་ཚེས་བཟང་པོ་ལ།

རྩོམ་སྒྲིག་པའི་གསལ་བཤད།

༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༠ ནས་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༠ བར་བོད་མིའི་ཞི་བའི་གྱེན་ལངས་དང་གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་གནང་བའི་གཞུང་འབྲེལ་ལས་རིམ་གྱི་ཆ་ཤས་སུ། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཕྲན་པར་ཤེས་རིག་ལས་ཁུངས་མ་ལག་ཁག་གི་ལོ་རྒྱུས་ཤིག་འབྲི་དགོས་པའི་ལས་འགན་སྩལ་བ་ལྟར་དང་དུ་བླངས་ཏེ། ད་ལྟ་ཀློག་པ་པོ་ཚོའི་སྤྱན་ལམ་དུ་“བོད་གཞུང་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལོ་རྒྱུས་ཁུངས་ལྡན་གཅེས་མཛོད།” ཅེས་པ་འདི་དངོས་སུ་འབུལ་ཐུབ་པར་དགའ་བ་བརྟས།
ཐོག་མར་ལོ་རྒྱུས་འདིའི་རྩོམ་འབྲིའི་ལས་དོན་ནང་ཞུགས་སྐབས། འདས་པའི་དུས་ཐུང་ལོ་ངོ་ལྔ་བཅུའི་ལོ་རྒྱུས་འབྲི་བ་ལ་དཀའ་ཚེགས་ཆེན་པོ་ཅི་ལ་ཡོད་དྲན་ཡང། དངོས་སུ་ལག་ལེན་ནང་ཞུགས་སྐབས་དེ་ལས་རྦད་དེ་ལྡོག་པ་ཞིག་བྱུང། དེ་ཡང་ཕྱི་ལོ་ ༡༩༥༩ ནས་ ༢༠༠༩ བར་གྱི་ཤེས་རིག་ལས་ཁུངས་ཀྱི་ལོ་རྒྱུས་འཚོལ་སྐབས། བལྟས་ཆོག་ཆོག་གི་དཔྱད་གཞི་དེ་འདྲ་ཅི་ཡང་མི་འདུག་ལ། ཤེས་རིག་ལས་ཁུངས་ཀྱི་ལོ་རྒྱུས་ཀྱི་ཧྲིལ་པོར་མྱོང་རྒྱུས་ཟབ་པའི་མི་སྣའང་མ་མཆིས། དེ་སྔོན་བཙན་བྱོལ་དུ་འབྱོར་ནས་མི་ལོ་ཉི་ཤུ་དང་ཉེར་ལྔ་འཁོར་མཚམས་སོགས་ལ་དབྱིན་ཡིག་ནང་དྲན་དེབ་ཆུང་ཆུང་རེ་བཏོན་འདུག་ཀྱང། དེ་དག་ཏུ་སྤྱི་བཏང་ཡོངས་གྲགས་ཀྱི་གནས་ཚུལ་རྣམས་མདོར་བསྡུས་སུ་བཀོད་པ་ལས་ལོ་རྒྱུས་ཀྱི་གནས་ཚུལ་ཞིབ་ཕྲ་མི་གསལ།
སྤྱིར་བཏང་སྔར་སོང་ད་འགྲོའི་དཔེ་ལྟར་ཤེས་རིག་ལས་ཁུངས་ཀྱི་ཆགས་རབས་རགས་པ་ཞིག་བྲིས་ཏེ་འཐུས་པར་བྱས་ན་ཕྲན་རང་ལ་ལས་ཚེགས་དང་དུས་གྲོན་གཉིས་ཀ་ཆུང་ཡང། ལོ་ངོ་ ༥༠ ལས་མ་སོང་བའི་ལོ་རྒྱུས་ཀྱི་བྱུང་བ་རྣམས་འདི་ལྟར་གསལ་ཁ་མེད་པར་ལུས་ཚེ། འདས་པའི་བྱུང་རབས་དང་འབྱུང་འགྱུར་གྱི་མི་རབས་གཉིས་ཀར་འགན་མ་འཁྱེར་བའི་ཉེས་པ་ཆེ་བར་བརྟེན། དཀའ་ཚེགས་ཆེ་ཡང་ཞིབ་ཙམ་འབྲི་བར་ཐག་བཅད། དེར་བརྟེན་ཐོག་མར་ལོ་མང་ཐལ་རྡུལ་གྱི་ཁྲོད་དུ་གཟིམ་པའི་ཤེས་རིག་ལས་ཁུངས་ཀྱི་ཡིག་རྙིང་ཁག་གི་ཁོངས་ནས་གལ་གནད་ཆེ་བ་རྣམས་ཉིན་ནས་ཉིན་བསྟུད་དེ་བཙལ། དེ་ནས་དེ་དག་རེ་རེ་བཞིན་བཀླགས་ཏེ་མཁོ་གནད་ཆེ་བ་རྣམས་ཐོ་རུ་བཀོད། ཡིག་རིགས་གཞན་དང་བསྡུར་བ་དང་མྱོང་ཅན་ཁག་ལ་འདྲི་བ་སོགས་ཀྱི་མཐར་འབྲི་འགོ་བཙུགས།
རགས་ཟིན་དང་པོ་བྲིས་ཚར་ཙམ་ཞིག་ལ་ཀམ་པུར་ཊར་(གློག་ཀླད་)ལ་སྐྱོན་ཤོར་ཏེ་སྔར་བྲིས་ཟིན་པ་ཕལ་མོ་ཆེ་གཏན་མེད་དུ་གྱུར། ཕྲན་པའི་ཀམ་པུ་ཊར་གྱི་དྲན་མཛོད་ཆུང་ཞིང་མྱུར་ཚད་དལ། ལས་རོགས་མེད་ཐོག་ལས་འགན་གཞན་དག་ཀྱང་བཀོད་སྒྲིག་གནང་བ་སོགས་དཀའ་ངལ་དང་འགལ་རྐྱེན་ཅུང་ཟད་བྱུང་ཡང་སྡུག་སྐད་ཨེན་ཙམ་ཡང་མ་བཏོན་པར་ཡང་ནས་ཡང་དུ་སྙིང་སྟོབས་བསྐྱེད་དེ་ད་ལྟའི་ལོ་རྒྱུས་འདི་གྲུབ་པ་ལགས།
ལོ་རྒྱུས་འདིའི་དཔྱད་གཞི་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་ཡིག་མཛོད་ནང་བཞུགས་པའི་ཡིག་ཆ་ཁག་ཡིན་ཞིང། དེ་ཡང་ཡིག་ཆ་ཧ་ཅང་མང་བའི་ཁོངས་ནས་གཙོ་བོ་རྩ་འཛིན་ཡིག་རིགས་དང་ལས་བསྡོམས། སྙན་ཐོ། འཆར་འབུལ་ཕྱག་རྟགས་སྩལ་ཐོན། གྲོས་ཆོས། སྐུ་སྒེར་ཡིག་ཚང་དང་བཀའ་ཤག ལྡི་ལི་དོན་གཅོད། བོད་སློབ་འཛིན་ཚོགས་བཅས་དང་ཕར་ཚུར་ཡིག་འབྲེལ་གནང་བ་ཁག་ཡིན། དེ་མིན་རྡོར་གླིང་ནས་བཏོན་པའི་རང་དབང་གསར་ཤོག་དང། ཀ་སྦུག་ནས་བཏོན་པའི་གསར་འགྱུར་མེ་ལོང་སོགས་ལའང་དོ་སྣང་བྱས། མདོར་བསྡུས་ནས་ཞུས་ན། ཕྲན་པས་དུས་ཐུང་ལོ་གཅིག་ཙམ་གྱི་རིང་དུས་ཁོམ་ཡོད་ཚད་ལ་བལྟ་ཀློག་བྱས་ཀྱང། ཤེས་རིག་གི་ཡིག་མཛོད་ནང་གི་ཡིག་རིགས་བརྒྱ་ཆ་ ༣༠ ལས་ལྷག་པ་བལྟ་ཐུབ་མེད། དེའི་དབང་གིས་ལོ་རྒྱུས་འདི་ད་ཕན་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་དང་འབྲེལ་བའི་ལོ་རྒྱུས་རྒྱས་ཤོས་ཤིག་ཡིན་ཡང་ད་དུང་གསལ་ཁ་མ་ཐོན་པ་མང་པོ་ཡོད་པར་མ་ཟད། ནོར་བ་དང་འཁྲུལ་བའང་ཏན་ཏན་ཡོང་སྲིད། ལྷག་པར་ཕྱི་ལོ་ ༡༩༦༠ ནས་ ༡༩༧༥ བར་གྱི་ལོ་རྒྱུས་ཀྱི་དཔྱད་གཞི་ཉུང་ཞིང། ཡིག་རྙིང་མང་པོ་ཞིག་གར་ཡོད་མི་ཤེས་པ། བོར་བརླག་ཏུ་གྱུར་པ། ཆ་མི་ཚང་བ། རུལ་སྐྱོན་ཤོར་བ་བཅས་ཀྱི་དབང་གིས་ད་དུང་འཚོལ་ཞིབ་དང་ལེགས་སྒྲིག་གིས་ཁ་སྐོང་བྱེད་དགོས་པའི་གནད་མང།
ལོ་རྒྱུས་ཀྱི་འདྲ་པར་ཁག་ཀྱང་འབྲེལ་ཡོད་མྱོང་ཅན་མི་སྣ་ཁག་བརྒྱུད་དེ་ཐབས་འཚོལ་བྱས་པ་ཙམ་དུ་མ་ཟད། འདྲ་པར་སོ་སོའི་འགྲེལ་བཤད་གཅིག་པུར་ཡང་དུས་ཚོད་མང་པོ་བཏང་སྟེ་དྲི་བརྩད་རིམ་ཅན་དུ་བྱས་སྟབས། དེབ་འདིའི་ནང་གི་འདྲ་པར་རྙིང་པ་མང་ཆེ་བར་འགྲེལ་བཤད་བཀོད་ཐུབ་པ་བྱུང། ཁྱབ་ཁོངས་བོད་ཁྱིམ་གཉིས་ཀྱི་ལོ་རྒྱུས་ས་བོན་ཁུངས་སོ་སོས་ཕུལ་འབྱོར་དེས་བློ་ཁ་ཚིམ་པ་ཞིག་མ་བྱུང་ཡང། དུས་ཚོད་དབང་གིས་སྣོན་བཅོས་མ་ཐུབ། ཤེས་རིག་པར་ཁང་གི་ལོ་རྒྱུས་ལ་རང་ངོས་ནས་སྣོན་བཅོས་གང་ཐུབ་ཞུས་ཁུལ་ཡིན།
ལོ་རྒྱུས་ཀྱི་དེབ་འདི་འབྲི་བའི་བརྒྱུད་རིམ་ནང་ལམ་སྟོན་གནང་མཁན་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་བཀྲ་ཤིས་དོན་གྲུབ་ལགས། ཡིག་ཆ་མཐུན་འགྱུར་གནང་མཁན་བོད་ཀྱི་དཔེ་མཛོད་ཁང་གི་ཕྱག་དཔེ་དོ་དམ་པ་བསོད་ནམས་སྟོབས་རྒྱལ་ལགས་དང་བོད་གཞུང་ཟློས་གར་དབུ་འཛིན་ཕ་ཟུར་དབང་ཕྱུག་ལགས། ཞུ་དག་གི་རོགས་རམ་གནང་མཁན་ཤེས་རིག་རྩོམ་སྒྲིག་ཚན་པའི་ཀརྨ་སྨོན་ལམ་ལགས་དང། ས་རཱ་མཐོ་སློབ་ཀྱི་སློབ་དཔོན་ངག་དབང་རྡོ་རྗེ་དང། ཀིརྟི་བྱེས་པ་གྲྭ་ཚང་གི་སློབ་དཔོན་རེ་མདོ་སེངྒེ། འདྲ་པར་ཐབས་འཚོལ་སོགས་ཀྱི་ཕན་གྲོགས་གནང་མཁན་ཤེས་རིག་ལས་བྱེད་ཚེ་རིང་ཕུན་ཚོགས་དང་ཚེ་རིང་བསམ་འགྲུབ། ཚེ་དབང་དངོས་གྲུབ། ཚེ་རིང་དབྱངས་སྐྱིད། ངག་དབང་དགེ་ལེགས། སྐལ་བཟང་རིན་ཆེན་བཅས་ལ་ཐུགས་རྗེ་ཆེ་ཞུ།
གོང་དུ་ཞུས་པ་ལྟར་ལོ་རྒྱུས་འདི་ཁུངས་དག་དང་ཞིབ་ཆ་ཆེ་ཙམ་ཡོང་ཆེད་ཕྲན་རང་ངོས་ནས་ལྕོགས་ཚོད་ཀྱིས་འབད་པ་ཆེན་པོ་ཞུས་ཁུལ་ལགས་ཀྱང། ད་དུང་ཆད་ལྷག་ནོར་གསུམ་གྱི་སྐྱོན་ཆ་མང་དུ་མཆིས་པར་ངེས་ན། ཤེས་ལྡན་ཚོས་སྐྱོན་བརྗོད་ཡོ་བསྲང་གི་དགོངས་འཆར་ལྷུག་སྩོལ་ཡོང་བར་ཞུ། ཕྲན་ཆུང་ཚེ་རིང་པས།
ལོ་ངོ་ལྔ་བཅུའི་ལོ་རྒྱུས་ཕྲེང་བའི་རྡོག །ལོ་ཆུང་བདག་གིས་བརྩོན་པས་སྲད་བུར་བརྒྱུས། །
ལོ་རྒན་མེས་པོའི་ཐུགས་དགོངས་རྫོགས་པར་ཤོག །ལོ་གཞོན་དཔྱོད་ལྡན་མཛེས་པའི་རྒྱུན་འགྱུར་ཤོག །

ཤེས་རིག་ལས་ཁུངས་དབུ་བརྙེས་ཚུལ།

༸གོང་ས་མཆོག་གིས་བོད་ཕྲུག་ཚོར་ཐུགས་བརྩེས་སྐྱོང་བཞིན་པ།བཙན་བྱོལ་བོད་གཞུང་གི་ལྷན་ཁང་ཆེ་གྲས་ཤེས་རིག་ལས་ཁུངས་ནི།  ཕྱི་ལོ་༡༩༦༠ ཟླ་༡༠ ཚེས་༤ ཉིན་གསར་འཛུགས་བྱས།     དེ་ཡང་ྋགོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་སྟོན་འཁོར་དང་བཅས་པ་རྒྱ་གར་ལ་བཙན་བྱོལ་དུ་ཞབས་སོར་འཁོད་རྗེས། ཕྱི་ལོ་༡༩༥༩ ཟླ་༤ ཚེས་༢༥ ཉིན་མ་སུ་རིར་སྲིད་བློན་ཟུར་པ་ཀླུ་ཁང་བདེ་མཁར་ཚེ་དབང་རབ་བརྟན་དང༌། གཡུ་ཐོག་བཀྲ་ཤིས་དོན་གྲུབ། སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། སྤོམ་མདའ་ཡར་འཕེལ་སོགས་ཀ་སྦུག་བདེ་དོན་ཚོགས་པའི་ཚོགས་མི་རྣམས་དང༌། ༸གོང་ས་མཆོག་ནས་བོད་ཕྲུག་ཚོ་ཐུགས་བཙེས་སྐྱོང་བཞིན་པ། སྐབས་དེར་བྱེས་འབྱོར་གནད་ཡོད་གཞུང་ཞབས་༣༠ བརྒལ་བའི་ཚོགས་ཆེན་མ་སུ་རིར་བསྐྱངས་ཐོག ྋགོང་ས་མཆོག་གི་ལམ་སྟོན་གཞི་བཟུང་བཙན་བྱོལ་བོད་གཞུང་གི་ཁ་ཚ་དགོས་གཏུགས་ཀྱི་གནང་སྒོ་ཁག་ལས་བགོས་བསྐྱོན། སྐབས་དེར་ཕྱག་ལས་རྣམ་གྲངས་གཙོ་བོ་ནང་སྲིད་དང༌། ཕྱི་སྲིད། འདུ་འགོད། ཤེས་རིག ཆོས་དོན་བཅས་ལ་གཏན་འབེབས་བསྐྱངས་ཤིང༌། ཤེས་རིག་ལས་དོན་གྱི་འགན་ཁུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་གྱིས་གནང་རྒྱུར་ཐུགས་གཏན་འཁེལ།
སྐབས་དེར་ཉམས་མྱོང་དང་དཔལ་འབྱོར། ཡུལ་བབ་གནས་སྟངས་སོགས་གང་ཐད་ནས་སྐུ་ངལ་ཧ་ཅང་ཆེ་ཡང་བྱེས་འབྱོར་བོད་ཕྲུག་རྣམས་ྋགོང་ས་མཆོག་ནས་མ་འོངས་བོད་ཀྱི་ཆོས་སྤྱོད་ཞི་བའི་ས་བོན་དུ་བརྩེ་གཟིགས་ཀྱིས་ཕྱི་ལོ་༡༩༦༠ ལོའི་ཕྱི་ཟླ་༣ ཚེས་༣ ཉིན་བོད་ཕྲུག༌༥༠ ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་མ་སུ་རི་བོད་གཞུང་གཏན་སློབ་གསར་འཛུགས་གནང༌ཡོད་1ནའང།  སྐབས་དེར་ཤེས་རིག་ལས་ཁུངས་ཞེས་ལས་ཁུངས་ཟུར་དུ་བཙུགས་པ་མེད།
ལོ་དེའི་ཕྱི་ཟླ་༡༢ ནང་མ་སུ་རིར་བཀའ་ཤག་ལྷན་རྒྱས་དང་ཤེས་རིག་འགན་ཁུར་བ་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན། གསར་འགྱུར་མེ་ལོང་གི་རྩོམ་སྒྲིག་པ་ཁུ་ནུ་བ་བཱ་པཱུ་མཐར་ཕྱིན། ལྷ་ལུང་བློ་བཟང་ཕུན་ཚོགས་སོགས་ཡོད་པའི་ལྷན་ཚོགས་བསྐྱངས་ཏེ་སློབ་གྲྭ་དང་སློབ་ཚན་སྒྲིག་ཕྱོགས། སློབ་གྲྭ་དང་པོ་མ་སུ་རི་བོད་གཞུང་གཏན་སློབ་གསར་འཛུགས་གནང་པའི་མཛད་སྒོ། སློབ་དེབ་རྩོམ་སྒྲིག་སོགས་ཀྱི་སྐོར་ལ་གྲོས་བསྡུར་གནང་སྟེ་འཆར་གཞི་ཕུལ་བར་ྋགོང་ས་མཆོག་ནས་སྣོན་འཕྲི་ཕྲན་བུ་དང་བཅས་ཕྱག་རྟགས་སྩལ།
ཕྱི་ལོ་༡༩༥༩ ཟླ་༡༢ ནང་གནས་མཆོག་རྡོ་རྗེ་གདན་དུ་བཙན་བྱོལ་བོད་མི་གནས་ཡུལ་ས་ཁུལ་ཡོངས་ནས་སེར་སྐྱ་མི་མང་ཚོགས་འཛོམས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཞུ་བྱའི་གནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུ་སྐབས། ྋགོང་ས་མཆོག་ནས་བོད་འདི་སྔར་ལྟར་མ་ཡིན་པར་མང་གཙོའི་གཞུང་ཞིག་ཏུ་བསྒྱུར་རྒྱུ་དགོས་གལ་ཆེ༌བར་བརྟེན། རྒྱ་ཆེའི་མི་མང་གི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་མིའི་ལྷན་ཚོགས་ཤིག་དགོས་པས།སྔ་འཕྲོས་ཆོས་ལུགས་ཆེན་པོ་བཞི་ནས་འཐུས་མི་རེ་དང༌། ཆོལ་ཁ་གསུམ་ནས་འཐུས་མི་རེ་བཅས་ཁྱེད་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་འཕྲལ་མི་མང་གི་ཁྲོད་དུ་ཤེས་ཡོན་འཇོན་ཐང་དང༌། རྒྱལ་གཅེ ས་ལྷག་བསམ་ལྡན་ལ། མང་ཚོགས་ཀྱི་ཡིད་ཆེས་བློ་གཏད་འཕེར་བ་ཇི་ཡོད་ནས་འོས་འདེམས་ཀྱིས་མིང་ཐོ་འོས་གྲངས་འཕྲལ་དུ་འབུལ་དགོས་ཞེས་ཕེབས་དགོངས་ལྟར། ཁུངས་སོ་སོ་ནས་འོས་འདེམས་མིང་ཐོ་འབུལ་ལམ་ཞུས་ཐོག་ནས་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་སེར་སྐྱ་མི་གྲངས་བཅུ་གསུམ་ལ་བསྐོ་གཞག་ཕྱག་རྟགས་སྩལ་ཏེ། ཕྱི་ལོ་༡༩༦༠ ཟླ་ ༩ ཚེས་༢ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཕྱག་དམ་འབུལ་དང་འབྲེལ་བོད་ལྗོངས་མང་གཙོའི་གཞུང་དབུ་བརྙེས་པའི་དགའ་སྟོན་མཛད་སྒོ་བསྐྱངས།
ཕྱི་ལོ་༡༩༦༠ ཟླ་༩ ཚེས་༣ ནས་བཟུང་ཉིན་གྲངས་བདུན་རིང་སྤྱི་འཐུས་རྣམས་དང་སྲི་ཞུའི་ལས་བྱེད་ཆེ་ཕྲ་ཚང་འཛོམས་ཀྱིས་དེ་སྔ་ཕན་གྱི་གཞུང་གི་ལམ་སྲོལ་དང་མཛད་ཕྱོགས་སོགས་ལ་དགེ་སྐྱོན་ཇི་ཡོད་ཞིབ་འཇུག་དང་འབྱུང་འགྱུར་མཛད་ཕྱོགས་ཇི་དགེ། ད་ཡོད་ལས་ཁུངས་ཁག་རྒྱ་སྐྱེད་དང༌། ལས་བྱེད་གསར་བསྐོ་གནང་ཕྱོགས་སོགས་ཀྱི་སྐོར་གྲོས་བསྡུར་ཞིབ་ཕྲ་གནང་སྟེ། སྐབས་དེར་ཡོད་མུས་ཆོས་དོན་དང༌། ནང་སྲིད། ཕྱི་སྲིད། དཔལ་འབྱོར་འདུ་འགོད་བཅས་ལས་ཁུངས་ཁག་བཞིའི་ཐོག ཤེས་རིག་ལས་ཁུངས་ཟུར་དུ་འཕར་འཛུགས་གནང་རྒྱུ་ཐག་གཅོད་མཛད་དེ། གོང་གསལ་ལས་ཁུངས་ཆེ་ཁག་ལྔ་དང༌། ཡན་ལག་ལས་ཁུངས་བཞི་བཅས་ཀྱི་གཙོ་འཛིན་དང༌། འགན་འཛིན། དྲུང་ཆེ་བཅས་ཀྱི་འོས་མི་སྐབས་དེར་ལས་བྱེད་དང་མི་མང་ཁོངས་ནས་གང་འོས་ཕོ་མོ་དབྱེར་མེད་སྤྱི་འཐུས་རྣམ་པས་མང་མོས་འོས་བསྡུའི་ལམ་ནས་འཆར་འབུལ་ཞུས་རྗེས་ྋགོང་ས་མཆོག་ནས་ཕྱིར་སྩལ་མི་གྲངས་ ༢༩ སྡེབ་གཅིག་ལ་གསར་མཇལ་དམ་འབུལ་ཞུས།
ཤེས་རིག་ལས་ཁུངས་གསར་དུ་བཙུགས་པའི་མཛད་སྒོ་ཕྱི་ལོ་༡༩༦༠ ཟླ་༡༠ ཚེས་༤ ཉིན་བཞུགས་སྒར་དྷ་རམ་ས་ལར་གནང་ཞིང༌། སྐབས་དེར་ལས་ཁུངས་ནང་ཕྱག་ལས་གནང་མཁན་ཤེས་རིག་བཀའ་བློན་དང་བཀའ་བློན་ལས་རོགས། ལས་བྱ་བཅས་ཁྱོན་བསྡོམས་མི་གྲངས་ ༥ ཙམ་ཡོད་འདུག
སྐབས་དེའི་རྗེས་ཙམ་ལ་གཏན་འབེབས་དང་གསལ་བསྒྲགས་གནང་བའི་བཙན་བྱོལ་བོད་གཞུང་གི་འཕྲལ་ཕུགས་འཆར་གཞི་དང་ལས་ཁུངས་སོ་སོའི་ལས་དོན། ཐག་གཅོད་གནང་ཕྱོགས་སོགས་ཀྱི་སྐོར་ཞིབ་ཙམ་འཁོད་པའི་རྩ་འཛིན་ཡིག་ཆ་ཞིག་འདུག་པ་དེ་མཁྱེན་རྟོགས་སླད་ཆ་ཚང་ཞལ་བཤུས་ཀྱིས་འདིར་བཀོད་པ་གཤམ་གསལ།
“༄༅། ། སྤྱི་ལོ་ ༡༩༦༠ བོད་རབ་བྱུང་ ༡༦ ལྕགས་ཁྱི། ྋརྒྱལ་བསྟན་ཡུན་གནས་དང༌། བོད་ལྗོངས་རང་དབང་རང་བཙན་འཕྲལ་མྱུར་ལོན་ཐབས་བཅས་པར་འཕྲལ་ཡུན་མཛད་ཕྱོགས་ཇི་དགེའི་སྐོར་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན། སྲིད་བཀའ་དང༌། བོད་ལྗོངས་ཆོལ་ཁ་གསུམ་དང༌། ཆོས་ལུགས་ཁག་གི་སྤྱི་འཐུས། གཞུང་ཞབས་སེར་སྐྱ་བཅས་ཚོགས་འདུ་རྒྱས་འཛོམས་ཐོག་བསམ་ཞིབ་གྲོས་བསྡུར་ཞུས་སྙིང༌། སྔ་ལོ་མ་སུ་རིར་ྋརྒྱལ་བློན་བཀའ་གྲོས་ཀྱིས་དུས་བསྟུན་ལས་ཁུངས་ཁག་བཞི་སྒྲིག་འཛུགས་གནང་བ་རང་འཇགས་ཐོག ད་ལམ་ཤེས་རིག་གི་ལས་ཁུངས་ཁག་གཅིག་འཕར་སྣོན་གྱིས་ལས་ཁུངས་ཁག་ལྔ་སྒྲིག་འཛུགས་གནང་ཕྱོགས་དང༌། ལས་ཁུངས་དེ་དག་གི་འགན་འཁུར་དོ་དམ་ངོ་ལས་སུ་འོས་བསྐོ་བཞག་བཀའ་དྲིན་ཆེ་ཐུབ་པ་ཞེས་པའི་ཐོ་ཤོག་ལྷེ་དང་བཅས་ྋསྙན་ཞུར་འབུལ་ལམ་ཞུས་དོན་ལས་ཁུངས་རྣམས་འཕྲལ་དུ་སྒྲིག་འཛུགས་ཞུ་དགོས་བཀའ་སློབ་ཐོག གཙོ་འཛིན་ངོ་མ་དང༌། ལས་རོགས་བཅས་བསྐོ་གཞག་སྤྱི་སྩལ་བྱུང་སྟབས་གཙོ་ཆེར་བོད་ལྗོངས་རང་དབང་རང་བཙན་འཕྲལ་མྱུར་ལོན་ཐབས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཐོག བཙན་བྱོལ་དུ་ཕེབས་པའི་རིས་མེད་བླ་སྤྲུལ་དགེ་འདུན་རྣམས་ནས་རང་ལུགས་ཀྱི་ཆོས་སྤྱོད་འཆད་ཉན་མི་ཉམས་གོང་འཕེལ་འབྱུང་ཐབས་དང༌། ལྷག་པར་བོད་མི་བཙན་བྱོལ་བ་རྣམས་རང་ཡུལ་དུ་ཕྱིར་ལོག་མ་ཐུབ་བར་ད་མུས་ལམ་ལས་དང༌། ནགས་ལས་སོགས་ངལ་རྩོལ་ཁོ་ནར་སྡོད་མ་དགོས་པར་འཕྲལ་སྒང་གཞིས་ཆགས་ཐོག་སོ་ནམ་དང༌། བཟོ་ལས་བྱས་ཏེ་རང་ཁ་རང་གསོ་ཐུབ་ཐབས། ལོ་གཞོན་རྣམས་ལ་རང་ལུགས་བོད་ཡིག་དང༌། ཕྱི་རྒྱལ་སྐད་ཡིག ཁྲིམས་ལུགས། ཚན་རིག་སོགས་སློབ་སྦྱོང་མཐར་ཕྱིན་ཐོན་ཐབས་བྱེད་རྒྱུ། གོང་གི་ལས་དོན་རྣམས་ཀྱི་རྩ་བ་དཔལ་འབྱོར་ལ་རག་ལུས་པས་དངུལ་ཕོགས་འདུ་འགོད་བཅས་རྩ་བའི་ལས་དོན་ཁག་འདི་ལྔ་སྒྲུབ་ཐབས་ལ་རང་རང་གཤམ་གསལ་ལས་ཁུངས་ཁག་གི་དོ་དམ་གཙོ་འཛིན་དང༌། ལས་རོགས། ལས་བྱེད་བཅས་ནས་ཤེས་ནུས་གང་ཐོན་གྱི་འབད་བརྩོན་ལྷོད་མེད་བྱས་ཏེ་ལས་དོན་གལ་ཆེའི་རིགས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ྋསྙན་ཞུས་བཀའ་འཁྲོལ་ཐོག་ནས་ཐག་གཅོད་བྱ་རྒྱུ་སོགས་གཤམ་གསལ་ལས་ཁུངས་སོ་སོའི་ལས་དོན་སྔ་འཕྲོས་ཚོད་ལྟ་ལྟ་བུར་བྱེད་ཕྱོགས་སྐོར།

ཆོས་དོན་ལས་ཁུངས། སྦག་སའི་སློབ་གཉེར་བ་རྣམས་དང༌། ཌས་ལ་ཧའོ་སེའི་རྒྱུད་གྲྭ་སྟོད་སྨད། ཀ་སྦུག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོའི་སྤྱི་འཐུས་རྣམ་པཆོས་དོན་ཁང༌། དྷ་རམ་ས་ལར་ཡོད་པའི་བླ་སྤྲུལ་དང་དགེ་བཤེས་སློབ་སྦྱོང་གནང་མི་བཅས་པར་རང་ལུགས་ཀྱི་འཆད་ཉན་གོང་འཕེལ་ཐོག ཆོས་ཁྲིམས་གནོན་འདོམས། དུས་བསྟུན་སློབ་སྦྱོང་སོགས་ལ་ལྟ་རྟོག་ཞིབ་འཇུག་དང༌། རྒྱ་གར་གྱི་གཙོས་ཕྱི་རྒྱལ་ཁག་ནས་ཆོས་སྐོར་སྙན་ཞུ་ཕུལ་རིགས་དང་མཇལ་བཅར་ཞུ་མི་རྣམས་ལ་བཀའ་ལན་དང་མཐུན་ལམ་སྣེ་ལེན་འབྲེལ་མཐུད་སོགས་བྱེད་རྒྱུ། ཡང་ཕྱི་རྒྱལ་ལ་ཆོས་སྐོར་གྱི་ཕྱག་བྲིས་གནང་སྐབས་ཕྱི་འབྲེལ་ལས་ཁུངས་སུ་གོ་བསྡུར་བྱེད་དགོས། རྒྱ་གར་དང་ཕྱི་རྒྱལ་ཁག་གིས་བླ་སྤྲུལ་དགེ་བཤེས་གདན་ཞུ་དང༌། སློབ་སྦྱོང་དུ་གཏང་འོས་རིགས་དྲག་འདེམས་གཏོང་ཕྱོགས་དགོས་རྒྱུ།
ཕྱི་འབྲེལ་ལས་ཁུངས་ནས་རྒྱ་གར་གྱིས་གཙོས་ཕྱི་རྒྱལ་ཁག་ལ་འབྲེལ་བ་བྱེད་ཕྱོགས་དང༌། མཉམ་སྦྲེལ་རྒྱལ་ཚོགས་སུ་མཁོ་བའི་ཡིག་ཆ་གོ་སྒྲིག་སོགས་བོད་ལྗོངས་རང་དབང་རང་བཙན་འཕྲལ་མྱུར་ལོན་ཐབས་སྐོར་སྲིད་དོན་ལས་འགན་ཚང་མ་རྐང་ལེན་དགོས་རྒྱུ།
ནང་སྲིད་ལས་ཁུངས་ཁོངས་གཏོགས་བདེ་འཇགས་ཁང་དང༌། ལས་བྱེད་བདག་གཉེར་ཁང༌། དྲིལ་བསྒྲགས་ཁང༌། ལྡི་ལིའི་སྐྱོབས་གསོའི་དོན་གཅོད་ཁང༌། ཀ་སྦུག་དོན་གཅོད་ཁང༌། སྒང་ཐོག་དོན་གཅོད་ཁང༌། ཌས་ལ་ཧའོ་སེའི་དོན་གཅོད་ཁང༌། བལ་ཡུལ་དོན་གཅོད་ཁང་སོགས་ལ་ལྟ་རྟོགས་ཞིབ་འཇུག་དང༌། འབའ་ལུག་སྤུངས། འབུམ་ལྡེ་ལ། ལ་དྭགས། ཀུ་ལུ། པི་ཏི། ཀེ་ལ། ཁར་མུག ཀན་ཌ་ལི། ནར་ཀན་ཌ། སྒང་འབང༌། ཅོ་པལ་སོགས་ལམ་བཟོ་དང༌། ནགས་ལས་པ་སོགས་བོད་མིའི་སྡོད་སྒར་བྱུང་དང་འབྱུང་འགྱུར་ཁག་གི་དཀའ་ངལ་སེལ་ཐབས་དང༌། འཚོ་ཐབས་སྐོར་ལྟ་ཞིབ་བྱེད་རྒྱུ། ལྷག་པར་བོད་མི་བཙན་བྱོལ་བ་རྣམས་རིམ་པས་རང་ཡུལ་དུ་ཕྱིར་ལོག་མ་ཐུབ་བར་འཕྲལ་སྒང་གཞིས་ཆགས་ཀྱི་སོ་ནམ་འབྲོག་ལས་དང༌། བཟོ་ལས་སུ་བསྐུལ་ཏེ་རང་ཁ་རང་གསོ་ཐུབ་ཐབས་ལ་འབད་བརྩོན་བྱེད་རྒྱུ།
ལྡི་ལིའི་དོན་གཅོད་ཁང་ནས་བོད་མི་བཙན་བྱོལ་གྱི་སྐྱོབས་གསོ་དང༌། གཞིས་ཆགས་སྐོར་རྒྱ་གར་གཞུང་དང་དབུས་སྐྱོབས་གསོ། རོགས་རམ་ཚོགས་པ་ཁག་ལ་འབྲེལ་གཏུགས་བྱེད་རྒྱུ་ལས། སྲིད་དོན་དང་འབྲེལ་རིགས་སྲིད་ཚེ་ཕྱི་འབྲེལ་ལས་ཁུངས་སུ་གོ་བསྡུར་དགོས་རྒྱུ།
ཤེས་རིག་ལས་ཁུངས་ནས། མ་སུ་རི་སློབ་གྲྭ་དང༌། དེའི་ཡན་ལག་ཀ་སྦུག རྡོར་གླིང༌། དྷ་རམ་ས་ལའི་བུ་བཅོལ་ཁང༌། གཞན་ཡང་བོད་མིའི་སྡོད་སྒར་ཁག་ལ་ད་ལྟ་ཡོད་མུས་ཀྱི་སློབ་གྲྭ་ཁག་དང༌། ཟློས་གར་གྱི་ཚོགས་པ་ཁག ད་དུང་ལས་བྱེད་སློབ་གྲྭས་གཙོས་སློབ་སྦྱོང་གསར་འཛུགས་གནང་རྒྱུ་བཅས་པར་ལྟ་རྟོག་ཞིབ་འཇུག་དང་འབྲེལ་བཤེས་རིག་ལས་ཁུགས་དབུ་བརྙེས་པའི་མཛད་སྒོའི་ཐོག་ཤེས་རིག་བཀའ་བློན་ཀུན་བདེ་གླིང་འོས་ཟེར་མཆོག་གིས་གསུང་བཤད་གནང་བཞིན་པ།འི་དཀའ་ངལ་སེལ་ཞིང༌། སློབ་དེབ་གསར་སྒྲིག་དང་འབྲེལ་ཤེས་རིག་སློབ་སྦྱོང་ཡར་རྒྱས་ཡོང་ཐབས་བྱེད་རྒྱུ། ཕྱི་རྒྱལ་ལ་སློབ་ཕྲུག་གཏོང་དགོས་བྱུང་ཚེ་སློབ་གྲྭ་སོ་སོ་ནས་དྲག་འདེམས་བྱེད་འོས་བྱས་ཏེ་སློབ་ཕྲུག་ཕྱིར་གཏོང་གི་ལག་ཁྱེར་ཞུ་ལེན་སོགས་གལ་ཆེ་སྲིད་དོན་དང་འབྲེལ་རིགས་ཇི་བྱུང་ཕྱི་འབྲེལ་ལས་ཁུངས་དང་གོ་བསྡུར་ཐོག་ནས་བྱེད་དགོས་རྒྱུ།
    དངུལ་ཕོགས་ཁང་འདི་བཞིན་ལས་དོན་ཚང་མའི་རྟེན་གཞི་དཔལ་འབྱོར་ཁོ་ནར་རག་ལུས་པས། འདུ་འགོད་སྲི་འཚག་གང་ཆེའི་ཐོག ལས་བྱེད་པ་ཁག་གི་འཆར་འཕར་ཕོགས་དང༌། འགྲིམ་འགྲུལ་ཁག་གི་འགྲོ་ཆ། ལས་ཁུངས་ཁག་གི་འགྲོ་གྲོན། གཞན་ཡང་གཞུང་དོན་འགྲོ་ཆ་རྩག་རྩིག་དགོས་དངུལ་རྣམས་སྐབས་འཕྲལ་ལེ་མེད་གོ་སྒྲིག་ཐུབ་ཐབས་འབད་བརྩོན་ལྷོད་མེད་དགོས་རྒྱུ།
གོང་གསལ་ལས་ཁུངས་ཁག་ལྔའི་གཙོ་འཛིན་རྣམས་རེས་གཟའ་ཟླ་བ་མིག་དམར་གང་རུང་ནམ་འཁེལ་ལ་བཀའ་ཤག་ཏུ་འཛོམས་ཏེ་རང་རང་ལས་ཁུངས་ཁག་ནས་ཐག་ཆོད་མ་ཐུབ་པའི་ལས་དོན་གལ་ཆེའི་རིགས་དང༌། གཞན་ཡང་ལས་དོན་ཡར་རྒྱས་དང༌། མྱུར་འགྲུབ་འབྱུང་ཆེད་བསམ་འཆར་གོ་བསྡུར་བྱེད་རྒྱུ། ཡང་གལ་ཆེ་ཛ་དྲག་བྱུང་ཚེ་རེས་གཟར་སྟབས་བསྟུན་མ་དགོས་པར་དུས་སྐབས་གང་འཁེལ་དུ་གཙོ་འཛིན་ལྔའམ། ཡང་ན་གཙོ་འཛིན་ཆེ་ཆུང་དང་ལས་རོགས་བཅས་པའི་བཀའ་ཤག་ཚུགས་ཏེ་བསམ་འཆར་གྲོས་བསྡུར་བྱེད་རྒྱུ། ལས་ཁུངས་སོ་སོ་དང་ཁོངས་གཏོགས་ལས་ཁུངས་ཁག་ནས་ལས་དོན་ཧུར་འབུངས་བྱས་པའི་གྲུབ་འབྲས་ཇི་ཐོན་རིམ་པས་ལས་བསྡོམས་ྋསྙན་འབུལ་ཞུ་རྒྱུ་དང༌། དེ་བསྟུན་ལས་དོན་ལེགས་བཅོས། སྣོན་འཕྲི་བྱེད་འོས་གནང་རྒྱུ། གོང་གསལ་ལས་ཁུངས་ཁག་ལྔའི་ལས་དོན་ཚགས་ཚུད་གཏན་འཁེལ་མ་བྱུང་བར་ལས་ཁུངས་སོ་སོའི་གཙོ་འཛིན་རེ་ཞོགས་ལྟར་བཀའ་ཤག་ལྷན་རྒྱས་ཀྱིས་ྋསྙན་ཞུ་འབྱོར་རིགས་ལ་ཞིབ་འཇུག་ཐོག ལས་ཁུངས་སོ་སོར་གཏོང་འོས་དང༌། བཀའ་ཤག་ལྷན་རྒྱས་རང་ནས་ཐག་གཅོད་བྱེད་འོས་བཅས་བར་ལྡིང་དུ་མ་ལུས་པར་འཕྲལ་འཕྲལ་ཐག་གཅོད་གནང་དགོས། ད་ལམ་ལས་ཁུངས་ཁག་ལྔ་སྒྲིག་འཛུགས་དང་འབྲེལ་དོ་དམ་གཙོ་འཛིན་དང༌། ལས་རོགས་བཅས་བསྐོ་གཞག་སྩལ་སྐོར་སླད་ྋསྙན་འབུལ་ཞུ་སྟངས་སོགས་བྱེད་བདེའི་རྒྱ་ཁྱབ་དོན་གཅོད་ཁང་དང༌། སྒར་སའི་འགོ་འཛིན་ཁག་ལ་བཀའ་ཤག་ནས་དྲིལ་བསྒྲགས་བཀོད་རྒྱ་རེ་བཅས་གཏོང་རྒྱུ་ཞུས་ན་སྙམ་པ་ད་དུང་ཉམས་མྱོང་རིམ་གསོག་གིས་གང་ཅིའི་འཆར་གཞི་རྗེས་འབུལ་ཞུ་རྒྱུ་ཞུས་ན་འཐུས་མིན་ྋསྙན་ཞུ།”2ཞེས་གསལ་འདུག་ཅིང༌། ལག་བྲིས་སྙན་ཞུ་དེའི་མཇུག་ཏུ་“ཞེས་པའི་འཆར་གཞི་ཕྱག་རྟགས་རིན་པོ་ཆེའི་ཞལ་བཤུས་ལ་བཞུད་(ཞུས་)དག་སོང་”ཞེས་བཀོད་འདུག
ཤེས་རིག་ལས་ཁུངས་གསར་འཛུགས་སྐོར་ལ་སྐབས་དེར་གསར་དུ་བསྐོ་བཞག་གནང་བའི་ཤེས་རིག་བཀའ་བློན་དང་པོ་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་གྱིས་རང་གི་ལོ་རྒྱུས་དེབ་ནང་། “བཙན་བྱོལ་བོད་གཞུང་གི་ཤེས་རིག་བཀཕྱི་ལོ་དྲུག་ཅུ་རེ་གྲངས་ནང་གི་ཤེས་རིག་ལས་ཁུངས་ཀྱི་འགོ་ལས་དང་སློབ་གྲའི་སློབ་སྤྱི་རྣམ་པ།འ་བློན་ཐོག་མ་དེ་ཕྲན་ལ་བསྐོ་གཞག་བསྐྱངས་པ་ལྟར་བཀའ་དོན་དང་ལེན་གྱིས་མ་སུའུ་རིའི་སློབ་སྤྱིའི་ལས་འགན། ལས་རོགས་ཛ་སག་ཕྲེང་རིང་ལ་རྩིས་འབུལ་ཞུས་ཏེ་ཕྲན་རང་བཞུགས་སྒར་དྷ་རམ་ས་ལར་དུས་ཐོག་ཞབས་བཅར་གྱིས་ཤེས་རིག་ལས་ཁུངས་ཀྱི་གཙོ་འཛིན་ཕྲན་བཀའ་བློན་ཀུན་གླིང་ཛ་སག་འོད་ཟེར་རྒྱལ་མཚན་དང༌། ལས་རོགས་ཛ་སག་ཁེ་སྨད་བསོད་ནམས་དབང་འདུས། རྩེ་དྲུང་ལས་ཚན་ཐུབ་བསྟན་ཉིན་བྱེད། ཁྲི་རྒན་སྤྲུལ་སྐུ་འཇམ་དབྱངས་འཕྲིན་ལས་དབང་པོ། ལས་བྱ་རྩེ་དྲུང་བྱམས་པ་ཡོན་ཏན་བཅས་ལ་བསྐོ་གཞག་སྤྱི་བསྩལ་ལྟར་སྤྱི་ལོ་ ༡༩༦༠ ཟླ་ ༡༠ ཚེས་ ༤ ཉིན་བཞུགས་སྒར་དྷ་རམ་ས་ལར་ཚང་འཛོམས་ཀྱིས་ཤེས་རིག་ལས་ཁུངས་ཐོག་མའི་དབུ་འཛུགས་ཀྱི་སྒོ་དབྱེ་རྟེན་འབྲེལ་སརྒ་མི་འཆོལ་བའི་ཐོག རང་རང་འཁུར་བབས་ཞུ་བྱར་ཚང་མས་བསྟན་སྲིད་སྤྱི་དོན་སྙིང་བཅངས་དཀའ་རྙོག་བཟོད་བསྲན་གདོང་ལེན་ལྷག་བསམ་འཁུར་བརྩོན་ཞུ་རྒྱུར་ཡིད་དམ་བཅས་པ་ཡིན།”3 ཞེས་གསུངས་འདུག དོན་སྙིང་བོད་གཞུང་ཤེས་རིག་ལས་ཁུངས་ནི།  ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་གཞུང་གི་ལམ་ལུགས་མང་གཙོ་ཅན་དུ་བཙན་ཐབས་ཀྱི་སྒོ་ནས་བསྒྱུར་འགོ་བཙུགས་ཏེ། ཚོགས་སྐོང་མཛད་པའི་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་དང་པོས། སྐབས་དེའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕྲལ་ཕུགས་དངོས་ཡོད་དགོས་མཁོ་མ་འོངས་སོན་རྩར་ཤེས་ཡོན་སློབ་སྦྱོང་ཚད་དང་ལྡན་པ་སྤྲོད་དགོས་པ་གཞིར་བཟུང་འཆར་འབུལ་ཞུས་པ་ལྟར་གསར་འཛུགས་བསྐྱངས་པའི་ལས་ཁུངས་དང་པོ་དེ་ཡིན།

མཆན།

  1. སྐབས་དེའི་གསར་འགྱུར་མེ་ལོང་གསར་ཤོག།༡༩༦༠ སྤྱི་ཟླ་གསུམ་པའི་འདོན་ཐེངས་ནང། བོད་ཀྱི་སྐྱབས་བཅོལ་ཞུ་མི་རྣམས་ཀྱི་ཆེད་དུ་སློབ་གྲྭ་གསར་འཛུགས་གནང་འདུག་ ཅེས་པའི་འགོ་བརྗོད་འོག སྤྱི་ཟླ་༣ ཚེས་༣ ཉིན་མ་སུ་རིའི་གསར་གསལ། ༸གོང་ས་མཆོག་ནས་མ་སུ་རིའི་གཤོངས་སུ་ཆགས་པའི་ཀིལ་ཌ་རི་ཞེས་པའི་ཁང་པར་བོད་མི་ སྐྱབས་བཅོལ་བ་རྣམས་ལ་སྐད་རིགས་སོགས་ཡོན་ཏན་སློབ་གསོའི་ཆེད་དུ་རྒྱ་གར་ན་སྔར་ མེད་སློབ་གྲྭ་ཞིག་སྒོ་འབྱེད་མཛད་འདུག་ཅིང། སློབ་གྲྭ་དེར་ནང་པའི་བསྟན་པ་དང་ཤེས་རིག་མི་ཉམས་གོང་འཕེལ་ཡོང་ཆེད་གནའ་སྲོལ་ བཟང་པོའི་ཆོས་དང་བསྟན་བཅོས་ཤེས་རིག་གིས་མཚོན་དབྱིན་ཇི་དང་ཧིན་དིའི་སྐད་ཡིག་ སློབ་སྦྱོང་བྱེད་ཐུབ་པ་དང་། དབུ་འདོམས་སྐུ་ངོ་ཀུན་གླིང་ཛ་སག་མཆོག་ལ་ཕྱག་སྦྲེལ་དྲུག་དང་བཅས་སློབ་གྲྭ་ འདིའི་འཚོ་འཛིན་བསྒོ་བཞག་གནང་འདུག་པ་མ་ཟད། སྐབས་དེར་སློབ་གཉེར་བ་ལྔ་བཅུའ་སྐོར་གྲལ་བཞུགས་དང། རིང་མིན་སློབ་གཉེར་བ་གསུམ་བརྒྱ་ཙམ་ལ་ཡོན་ཏན་སློབ་སྦྱོང་གནང་རྒྱུ་རེད། བིར་ལ་ཧའུ་སིར་༸གོང་ས་མཆོག་གི་༸ཞབས་འདེགས་ཞུ་མི་༣༠ སྐོར་ལའང་སློབ་གྲྭ་དེར་གྲལ་ཞུགས་གནང་དགོས་པའི་བཀའ་གནང་འདུག་པའི་གནས་ཚུལ་ མདོར་བསྡུས། ཞེས་བཀོད་འདུག དེ་རྗེས་ཕྱི་ཟླ་བཞི་པ་ལྔ་པའི་འདོན་ཐེངས་ནང་གསར་འགྱུར་མེ་ལོང་གི་རྩོམ་སྒྲིག་ པ་མ་སུ་རིར་ངོ་བཅར་གྱིས་སློབ་གྲྭའི་གནས་ཚུལ་ཞིབ་ཙམ་དང་ལྷན་དུ་འདྲ་པར་ཁ་ཤས་ ཀྱང་བཀོད་འདུག
  2. ཤེས་རིག་ལས་ཁུངས་ཀྱི་ཡིག་ཁངས་ཡིག་ཆ་ལག་བྲིས་མ། ཨང་དང་པོ་འཁོད་པ། ཤོག་ངོས་༥ ཅན་ཞིག་འདུག་པ་ལས་ཞལ་བཤུས་ཞུས།
  3. མི་ཚེའི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ཐབས་བྱུས་སྙིང་སྟོབས་ཀྱི་འབྲས་བུ། དེབ་དང་པོ། ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་གྱིས་བརྩམས། ཤོག་ངོས་ ༣༤༣/༣༤༤ ལ་གསལ།

ལས་ཁུངས་ཀྱི་ལས་ཤོག་དང་ལས་ཁུངས་ཚུགས་ཡུལ།

ཕྱི་ལོ་༡༩༦༠-༧༠ ནང་གི་ལས་ཤོགལས་ཁུངས་ཀྱི་སྐབས་དེའི་ལས་ཤོག་ཐོག་བོད་ཀྱི་ཤེས་རིག་སྤྱི་ཁྱབ་ལས་ཁང་ཞེས་གསལ་ཞིང༌། དབྱིན་ཡིག་ནང་ Council for Tibetan Education ཞེས་བཀོད་ཡོད། དེ་རྗེས་ལོ་ཤས་སོང་བའི་ལས་ཤོག་ཐོག་ཤེས་རིག་ལྷན་ཁང་ཞེས་བཀོད་ཅིང༌། ༡༩༩༡ རྗེས་ནས་ཤེས་རིག་ལས་ཁུངས་ཞེས་དང་དབྱིན་ཡིག་ནང་ Department of Education ཞེས་བཀོད་འགོ་བཙུགས་པ་རེད། (དེབ་འདིའི་ནང་དགོས་པ་དམིགས་བསལ་མེད་ཚེ་ཀློག་པ་པོར་མགོ་རྙོག་མི་འབྱུང་བའི་ཆེད་ཤེས་རིག་ལས་ཁུངས་ཞེས་དེང་གི་མིང་དེ་བཀོད་ཡོད།)
ཐོག་མའི་ལས་ཁུངས་ཚུགས་ཡུལ་ནི་དྷ་སྟེང་དུ་ཡིན་པ་དང༌།   དེ་རྗེས་ཤེས་རིག་གི་ལས་དོན་ཕལ་མོ་ཆེ་རྒྱ་གར་གཞུང་དང་འབྲེལ་བ་ཆགས་པར་བརྟེན་ཕྱི་ལོ་༡༩༦༦ ཟླ་ ༨ ནང་ཤེས་རིག་ལས་ཁུངས་མ་ལག་གཉིས་སུ་ཕྱེ་སྟེ་ལས་ཁུངས་ཨ་མ་ལྡི་ལིར་སྤོས་ནས་བཀའ་བློན་ལས་རོགས་སྟག་ལྷ་བ་བསྟན་འཛིན་ངག་དབང་ལས་བྱ་དང་བཅས་པས་འཛིན་སྐྱོང་གནང་བ་དང༌། དྷ་རམ་ས་ལའི་ཡན་ལག་ལས་ཁུངས་བཀའ་བློན་ལས་རོགས་ངག་དབང་བསྟན་སྐྱོང་ལས་བྱ་དཕྱི་ལོ་༡༩༨༠ གྱ་གྲངས་ནས་ ༡༩༩༡ ཕན་གྱི་ལས་ཤོགང་བཅས་པས་འཛིན་སྐྱོང་གནང༌། འོན་ཀྱང་སྐབས་དེར་ཤེས་རིག་བཀའ་བློན་ལི་ཐང་འཇང་ཚ་ཆོས་མཛད་གློ་བུར་སྐུ་གཤེགས་པ་དང་བཀའ་བློན་ལས་རོགས་ཀྱང་སྙུན་མནར་བཅས་ཀྱི་ཐོག ལྡི་ལི་ལས་ཁུངས་ཨ་མའི་བཀའ་བློན་ལས་རོགས་སྟག་ལྷ་བ་སྐུ་སྒེར་ཡིག་ཚང་གི་ཕྱག་བྲིས་ཞབས་ཞུ་ཡང་ཡང་ཞུ་དགོས་སོགས་ཀྱི་རྒྱུ་མཚན་ལ་བརྟེན། ཕྱི་ལོ་༡༩༦༧ ཟླ་བ་ ༧ ཚེས་ ༡ ཉིན་ལྡི་ལི་བོད་གཞུང་དབུས་ཤེས་རིག་ལས་ཁུངས་དྷ་སའི་ཡན་ལག་ལས་ཁུངས་དང་ཟླ་བསྒྲིལ་གནང༌།
ལོ་དེ་གའི་ནང་བོད་གཞུང་ལས་ཁུངས་ཁག་རྒྱ་སྐྱེད་འགྲོ་བའི་དགོས་མཁོར་གཞིགས་ཏེ། དྷ་ཤོད་ཀྱི་རྒྱབ་ཐོད་རི་ངོགས་སུ་ཨ་མར་ནཱ་ཐ་ཞེས་པའི་ས་ཁང་ཡོངས་རྫོགས་དང་དེའི་འདབས་འབྲེལ་ས་ཡུལ་བཅས་པ་བོད་གཞུང་གིས་རྩ་གཟིགས་གནང་སྟེ་གངས་ཅན་སྐྱིད་གཤོངས་སུ་མིང་བསྒྱུར་དེབ་སྐྱེལ་དང་སྦྲགས་བོད་ཟླ་ ༨ པ་བཀྲ་ཤིས་ཟླ་བའི་ཡར་ཚེས་ ༡༡ དང་ཕྱི་ཟླ་ ༡༠ ཚེས་ ༡༤ སྔཕྱི་ལོ་༡༩༩༡ རྗེས་ཀྱི་ལས་ཤོག་ཆ་གཟའ་སྐར་འཕྲོད་སྦྱོར་དགེ་འཛོམས་ཉིན་སྤྱི་འཐུས་ལྷན་ཚོགས་ཁང་དང་བདེ་སྲུང་ལས་ཁུངས་མ་གཏོགས་དེ་མིན་བཞུགས་སྒར་ལས་ཁུངས་ཁག་དང་ལས་བྱེད་སྡོད་ཤག་བཅས་པ་གསར་སྤོ་མཛད་པའི་ཁོངས་སུ་ཤེས་རིག་ལས་ཁུངས་ཀྱང་གངས་ཅན་སྐྱིད་གཤོངས་སུ་སྤོས།1
༡༩༦༩ ལོར་དཔལ་འབྱོར་སྲི་ཚགས་དགོས་པའི་དགོངས་འཆར་སྤྱི་དང་ལྷག་པར་ཟླ་དྲུག་ལས་བསྡོམས་ཚོགས་ཆེན་ཐེངས་བཅུ་བདུན་པའི་ཐོག་ཕྱི་ལོ་༢༠༠༤ རྗེས་ཀྱི་ལས་ཤོགྋགོང་ས་མཆོག་གིས་བཀའ་སློབ་ཕེབས་དགོངས་བཞིན་བཀའ་བློན་ཚོ་རང་འཇགས་ཐོག་ལས་ཁུངས་དང་ལས་བྱེད་ལ་བཀོད་སྒྲིག་གནང་བའི་ཁོངས་ནང་སྲིད་དང་བདེ་སྲུང་ཟླ་སྒྲིལ་དང༌། དཔལ་འབྱོར་གཏོང་ཡོང་འདུ་འགོད་དང་ཀ་ཏ་ཡིད་ཆེས་དགེ་རྩ་ཟླ་སྒྲིལ་སོགས་ལས་ཁུངས་ཁག་ཅིག་ཟླ་བསྒྲིལ་གནང་བའི་ཁོངས་ཆོས་དོན་དང་ཤེས་རིག་ལས་ཁུངས་གཉིས་ཟླ་སྒྲིལ་གནང་སྟེ་ལོ་ཤས་རིང་ཆོས་ཤེས་ལྷན་ཁང་གི་ལས་བསྡོམས་ཞེས་མཉམ་དུ་འབུལ་སྲོལ་ཡང་བྱུང༌།

མཆན།

  1. ༡༩༦༧ ཟླ་ ༡༠ ཚེས་ ༢ ཉིན་གྱི་བོད་གཞུང་བཀའ་ཤག་གི་ཆེད་བསྒྲགས།

ལས་ཁུངས་ཀྱི་ལས་འགན།

སྐབས་དེར་ཤེས་རིག་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི།
༡     གཞོན་སྐྱེས་སློབ་ལོ་སོན་པ་རྣམས་སློབ་སྦྱོང་བྱ་ཡུལ་གཏན་འཇགས་སློབ་གྲྭ་དང་ཉིན་མོའི་སློབ་གྲྭ་གསར་འཛུགས་བྱ་རྒྱུ་དང༌། དེའི་ཆེད་ས་ཆ་བསིལ་ས་ཁག་ནས་ས་ཁང་ཐོབ་ཐབས་བྱ་རྒྱུ་གཙོ་འདོན།
༢    སློབ་ལོ་ཡོལ་ཟིན་པའི་གཞོན་སྐྱེས་དར་མ་ཚོར་ཛ་དྲག་ཐོག་སྐད་ཡིག་གི་སློབ་སྦྱོང་དང་འབྲེལ་ལག་ཤེས་ཀྱི་རིགས་འདྲ་མིན་སྦྱོང་བརྡར་གྱིས་རང་འཚོ་ཐུབ་པའི་རྨང་གཞིའི་སྟེང་མང་ཚོགས་ཀྱི་ཞབས་འདེགས་ཞུ་ཐུབ་པ།
༣     སློབ་གྲྭ་ཁག་གི་རྒྱུན་གྲོན་དང༌། ཨར་ལས་སོགས་ཀྱི་འགྲོ་གྲོན་འཆར་གཞི་བཀོད་དེ་རྒྱ་གར་གཞུང་དང་བོད་མིར་རོགས་རམ་གནང་མཁན་གཞུང་སྒེར་ཚོགས་པ་ཁག་དང༌། ཤེས་ཡོན་སློབ་སྦྱོང་དང་འབྲེལ་ཡོད་ཀྱི་ཆོས་ཚོགས་ཁག འབྱོར་ལྡན་སྒེར་པ་ཁག་བཅས་པར་འབོད་སྐུལ་གྱིས་རོགས་དངུལ་དོན་སོན་ཡོང་ཐབས།
༤     ས་གནས་གང་སར་གནས་འཁོད་བོད་མིའི་བུ་ཕྲུག་རིམ་འབྱོར་ཡོང་མུས་རྣམས་ཀྱི་གནས་སྐབས་ཀྱི་སྡོད་གནས་སུ་དྷ་རམ་ས་ལ་དང་ཀང་ར་སོགས་སུ་ཟུར་གསོག་སློབ་གྲྭ་གོ་སྒྲིག་ཐོག གོས་ལྷམ་འཚོ་བ་སོགས་གོ་སྒྲིག་བྱ་རྒྱུ།
༥     གསར་བཙུགས་སློབ་གྲྭ་ཁག་ཏུ་དགེ་རྒན་མང་པོ་ཛ་དྲག་གི་ཐོག་ནས་བསྐོ་བཞག་བྱ་དགོས་པའི་དམིགས་སྒོར། ཕྱོགས་མཐར་ཁ་འཐོར་དུ་གནས་པའི་གཞུང་ཞབས་རྙིང་པ་དང༌། ཡུལ་ཕྱོགས་སོ་སོའི་གཙོ་དྲག་སོགས་ཤེས་ཡོན་དྲག་གྲས་ཁག དེ་བཞིན་བོད་ཡིག་དང་རིག་གནས་ལ་སྦྱངས་པ་ཡོད་པའི་རིས་མེད་དགེ་འདུན་པ་ཁག་བསྡུ་རུབ་ཀྱིས་འཚོ་ཕོགས་སྣེ་སེལ་དང་བཅས་སློབ་གྲྭ་ཁག་གི་དགེ་རྒན་དང་ལས་བྱེད་དུ་བསྐོ་གཏོང་བྱ་རྒྱུ།
༦    སློབ་གྲྭ་ཁག་གི་སློབ་དེབ་གསར་རྩོམ་ཆེད་རྒྱ་གར་དང་ཕྱི་རྒྱལ་གྱི་སློབ་གྲྭ་ཁག་གི་སློབ་དེབ་འགྲོ་སྟངས་ལ་མིག་བལྟ་དང་སློབ་སྟོན་ཞུས་ཐོག རང་རིགས་མཁས་དབང་འཚོལ་བསྡུ་ཞུས་ཏེ་འཛིན་གྲྭ་མཐོ་དམའ་བར་གསུམ་གྱི་སློབ་དེབ་རྩོམ་སྒྲིག་ཞུ་རྒྱུ།
༧     རྩོམ་སྒྱུར་སྡེ་ཚན་གསར་འཛུགས་ཀྱིས་བོད་ཀྱི་རིག་གཞུང་འཛིན་སྤེལ་གྱི་རྩོམ་བྲིས་དང་ཕྱི་འབྲེལ་གྱི་བོད་ཡིག་ཡིག་ཆ་ཁག་དབྱིན་སྒྱུར། དབྱིན་ཡིག་ཡིག་ཆ་བོད་སྒྱུར་བྱ་རྒྱུ།1
༨     སློབ་དེབ་རྩོམ་སྒྲིག་ཟིན་རིམ་བཞིན་པར་སྐྲུན་རྒྱ་ཆེ་དགོས་སྟབས། པར་འདེབས་བྱེད་པོར་ཤེས་རིག་པར་ཁང་གསར་འཛུགས་ཀྱི་བྱེད་སྒོ།
༩     ཕྱི་རྒྱལ་ཁག་དང་རྒྱ་གར་ནང་གི་དབྱིན་ཇི་དང་ཡི་ཤུའི་སློབ་གྲྭ་ཁག་ཏུ་སློབ་སྦྱོང་ཆེད་གཏོང་རྒྱུའི་སློབ་ཕྲུག་དང་དེ་དག་ལ་ལྟ་རྟོག་བྱེད་པོའི་འཚོ་འཛིན་བོད་དགེ་དྲག་འདེམས་བྱ་རྒྱུ།
༡༠     བོད་ཀྱི་ཐུན་མོང་མ་ཡིན་པའི་ཟློས་གར་ཁག་གཅེས་འཛིན་དང་དྲིལ་བསྒྲགས་སོགས་ཀྱི་དགོས་དོན་ཆེད་ཤེས་རིག་ཟློས་གར་གསར་འཛུགས་སོགས་ཞུ་སྒོ་སྣ་མང་ཡོད་ཅིང༌། ཕྱིས་སུ་གཞི་རིམ་སློབ་གྲྭ་ཐོན་རྗེས་དེ་དག་ལ་མཐོ་སློབ་ཀྱི་སློབ་ཡོན་ཐབས་འཚོལ་དང༌། རྒྱ་གར་ནང་གསར་བཙས་བོད་ཕྲུག་གཏན་སློབ་ཏུ་འཇུག་སྐབས་སློབ་གྲོན་འབུལ་དགོས་བྱུང་རྗེས་དེ་དག་ལ་སློབ་ཡོན་ཐབས་འཚོལ། ཨ་རི་སོགས་ལ་མཐོ་རིམ་སློབ་སྦྱོང་དུ་གཏོང་ལམ་ཆགས་རྗེས་དེ་དག་འདེམས་གཏོང་གི་འགན་ཁུར་ཞུ་རྒྱུ་སོགས་ནི་ཕྱིས་སུ་གནས་སྟངས་འཕོ་འགྱུར་གཞི་བཟུང་འགན་ཁུར་བྱ་དགོས་བྱུང་བའི་འགན་ཁུར་གྱི་རིགས་ཡིན།
ད་ལྟ་(ཕྱི་ལོ་༢༠༠༩) ཤེས་རིག་ལས་ཁུངས་ཀྱི་བསྒྲུབ་བྱ་ལས་དོན་རྒྱ་ཆེ་སྣ་མང་ཞིག་ཡོད་པའི་ཁོངས་བཙན་བྱོལ་བོད་མིའི་སློབ་གྲྭ་སྤྱི་ཡོངས་ལ་རང་གཞུང་གི་སྲིད་བྱུས་དང་ཁྲིམས་གཞི་ཁག་ཁྱབ་བསྒྱུར་དང་བྱུས་འགོད། ལག་བསྟར། རྟོག་ཞིབ་བཅས་བྱ་རྒྱུ་དང༌། དགོས་མཁོ་ཅན་གྱི་སློབ་གྲྭ་ཁག་ལ་བོད་རིགས་སློབ་སྤྱི་དང་དགེ་རྒན་བསྐོ་གཏོང༌། ཆེད་ལས་དང་མཐོ་རིམ་སློབ་གྲྭར་སྐྱོད་མཁན་སློབ་ཕྲུག་རྣམས་ལ་སློབ་ཡོན་ཐབས་འཚོལ་དང་འབྲེལ་བའི་གཟིགས་རྟོག ཕ་མ་ཉམ་ཐག་ལ་སློབ་ཡོན་དང་འཚོ་དོད་ཐབས་འཚོལ། སྤྱི་ཡོངས་སློབ་ཚན་འཆར་འགོད། སློབ་གཞི་བསྐྱར་ཞིབ་དང་གཏན་འབེབས། དགེ་སློབ་གཉིས་ཀར་གཞོགས་འདེགས་རྒྱུ་ཆ་མཁོ་འདོན། བོད་ཀྱི་རིག་གནས་སྦྱོང་སའི་མཐོ་རིམ་སློབ་གྲྭ་དང་དེའི་སློབ་ཚན་ངོས་འཛིན། དགེ་རྒན་འོས་སྦྱོང་དང་ཟབ་སྦྱོང་འཛུགས་སྐྱོང་སོགས་བཙན་བྱོལ་བོད་གཞུང་གི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་ལེན་དོན་འཁེལ་ཡོང་བའི་ལས་དོན་སྒྲུབ་བཞིན་ཡོད།

 ཤེས་རིག་གི་སྡེ་ཚན་ཁག

ཤེས་རིག་ལས་ཁུངས་གསར་འཛུགས་བྱེད་སྐབས་ལས་བྱེད་སོ་སོར་ལས་བགོས་བྱས་པ་ལས་ལས་ཁུངས་ཨ་མའི་ནང་སྡེ་ཚན་གྱི་དབྱེ་བ་མེད། ཕྱིས་སུ་རྩོམ་སྒྱུར་ལྷན་ཚོགས་དང་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་ལྟ་བུ་ཟུར་དུ་ཚུགས་པ་བྱུང་ཡོད། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་གྲངས་ནང་རྒྱ་གར་ནང་གསར་བཙས་བོད་ཕྲུག་རྣམས་གཏན་སློབ་ཏུ་སློབ་འཇུག་བྱེད་སྐབས་སློབ་ཡོན་ཐབས་འཚོལ་དགོས་སྟབས་སློབ་ཡོན་སྡེ་ཚན་དང༌། ༡༩༧༩ ནས་དབྱིན་བོད་ཚིག་མཛོད་གསར་བསྒྲིགས་སོགས་ཀྱི་དགོས་མཁོའི་ཆེད་རྩོམ་སྒྲིག་སྡེ་ཚན་སོགས་སྡེ་ཚན་གྱི་རྣམ་པ་དོད་འགོ་ཚུགས་ཤིང༌། དེ་ཡང་ཐོག་མར་ལས་དོན་གང་རུང་འགན་ཁུར་བྱེད་པོར་ལས་བྱེད་གཅིག་ཆེད་འཛུགས་བྱས་པ་དེས་མ་ལྕོགས་པར་ལས་བྱེད་གཉིས་གསུམ་སྤར་བསྟུན་སྡེ་ཚན་གྲུབ་པ་དཔེར་ན། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་གྲངས་ནང་བོད་ཕྲུག་མཐའ་སྐྱོའི་སློབ་ཡོན་ཐབས་འཚོལ་བྱེད་མཁན་ལས་བྱེད་གཅིག་ལས་མེད་པ་དང༌། དེ་ནས་གཉིས་དང་གསུམ་སོགས་ལ་སྤར་ཏེ་མཐར་སློབ་ཡོན་སྡེ་ཚན་ཆགས་པ་ལྟ་བུ་ཡིན། དེ་ལྟར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་ནང་ཤེས་རིག་ལས་ཁུངས་ནང་སྤྱིར་བཏང་སྡེ་ཚན་དང༌། ཤེས་ཡོན་དང་ཐད་འཛིན་སློབ་ཁག་སྡེ་ཚན། སློབ་ཡོན་སྡེ་ཚན། མཐོ་སློབ་སྡེ་ཚན། རྩོམ་སྒྲིག་སྡེ་ཚན། དངུལ་རྩིས་སྡེ་ཚན་བཅས་སྡེ་ཚན་དྲུག་ཡོད་པ་དང༌། ༡༩༨༧ ལོར་སློབ་ཡོན་སྡེ་ཚན་དང་མཐོ་སློབ་སྡེ་ཚན་གཉིས་ཟླ་བསྒྲིལ་གྱིས་སྡེ་ཚན་ ༥ བཟོས་འདུག
༡༩༩༠ ནང་སྤྱིར་བཏང་སྡེ་ཚན་གྱི་ཚབ་ཏུ་འཛིན་སྐྱོང་སྡེ་ཚན་བཙུགས་ཏེ། འཛིན་སྐྱོང༌། ཤེས་ཡོན། དངུལ་རྩིས། རྩོམ་སྒྲིག འཆར་འགོད། སློབ་ཡོན་སློབ་འཇུག་(འདིའི་ནང་མཐོ་སློབ་ཀྱང་ཚུད་)བཅས་ཀྱི་སྡེ་ཚན་ཡོད་པ་དང༌། དེ་ནས་ཕྱི་ལོ་༡༩༩༨ ལོར་མདུན་ལམ་སློབ་སྟོན་སྡེ་ཚན་གསར་འཛུགས་དང༌། ཕྱི་ལོ་༢༠༠༣ ཟླ་ ༡༡ ཚེས་ ༡ ཉིན་སྲོལ་རྒྱུན་ཤེས་ཡོན་སྡེ་ཚན་གསར་འཛུགས་བྱས།
ཕྱི་ལོ་༢༠༠༤ ལོར་བཀའ་ཤག་གིས་སྒྲིག་འཛུགས་བསྐྱར་བཅོས་གནང་སྐབས། ཤེས་རིག་ལས་ཁུངས་ནས་འཆར་འབུལ་ཞུས་པ་ལྟར་ལོ་དེའི་ཟླ་བ་༡༢ ཚེས་ ༢ ཉིན་བཀའ་ཤག་ནས་སྡེ་ཚན་དང་ཚན་པ་དབྱེ་འབྱེད་བཀོད་སྒྲིག་གནང་བའི་རྩ་འཛིན་ཡིག་ཆའི་འབྲེལ་ཆགས་དོན་གནད་ཆ་ཚང་ལེབ་བཤུས་ཞུས་པ་གཤམ་གསལ།
བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་སུ་སྒྲོམ་གཞི་གཤམ་གསལ་ལྟར་ལས་དོན་ཆ་བགོས་བྱ་རྒྱུ།
༡༽ འཛིན་སྐྱོང་སྡེ་ཚན། ༢༽ ཤེས་ཡོན་སྡེ་ཚན། ༣༽ རོགས་སྐྱོར་སྡེ་ཚན་གསུམ་དུ་དབྱེ་རྒྱུ།
༡༽ འཛིན་སྐྱོང་སྡེ་ཚན་ནང་ ཀ༽ ལས་ཁུངས་འཛིན་སྐྱོང་ཚན་པ། ཁ༽ རྩིས་ཁང་ཚན་པ། ག༽ ཁྱབ་ཁོངས་སྡེ་སྐྱོང་ཚན་པ།
༢༽ ཤེས་ཡོན་སྡེ་ཚན་ནང༌། ཀ༽ སྲོལ་རྒྱུན་ཤེས་ཡོན་ཚན་པ། ཁ༽ དེང་རབས་ཤེས་ཡོན་ཚན་པ། ག༽ རྩོམ་སྒྲིག་ཚན་པ།
༣༽ རོགས་སྐྱོར་སྡེ་ཚན་ནང༌། ཀ༽ སློབ་ཡོན་ལས་དོན་ཚན་པ། ཁ༽ འཆར་འགོད་ཚན་པ།2
གོང་གསལ་སྡེ་ཚན་ཡོངས་ཀྱི་འགན་འཛིན་ཤེས་རིག་བཀའ་བློན་འོག་ཤེས་རིག་དྲུང་ཆེས་གནང་རྒྱུ། ཞེས་གསལ་བ་ལྟར་དེང་སྐབས་གཏན་འབེབས་དེ་ཉིད་གཞིར་བཟུང་ལག་བསྟར་བྱེད་མུས་ཡིན། ཤེས་རིག་གི་སྡེ་ཚན་དང་ནང་གསེས་ཚན་པ་ཁག་གཟིགས་བདེའི་རེའུ་མིག་ཏུ་བཀོད་པ་གཤམ་གསལ།


མཆན།

  1. སྐབས་དེར་རྩོམ་སྒྱུར་ལྷན་ཚོགས་ཀྱི་འགན་འཛིན་བྲག་གཡབ་ཆེ་ཚང་རིན་པོ་ཆེ་དང༌། བོད་དྲུང་སྣར་སྐྱིད་ངག་དབང་དོན་གྲུབ།  ཡོངས་གླིང་གསོལ་དཔོན་ཐུབ་བསྟན་ཚེ་རིང༌། དགའ་གདོང་བསྟན་འཛིན་དབང་གྲགས། དབྱིན་དྲུང་ཕྱག་མཛོད་ཚང་བསོད་ནམས་རབ་བརྟན་དང་འབྲས་ལྗོངས་པ་རྒྱ་མཚོ་ཚེ་རིང་བཅས་ཡོད་འདུག
  2. རྗེས་སུ་བཀའ་བློན་ལས་ཁུངས་གཞན་གྱི་གནང་ཕྱོགས་དང་སྤྱི་མཚུངས་ཡོང་སླད་དང་སྡེ་ཚན་སོ་སོའི་ལས་འགན་ལྗིད་མཉམ་ཡོང་སླད། འཆར་འགོད་ཚན་པ་འཛིན་སྐྱོང་སྡེ་ཚན་གྱི་ཁོངས་སུ་སྤོ་བསྒྱུར་བྱས།

ཤེས་རིག་ལས་ཁུངས་ཀྱི་ལས་དོན་ཐག་གཅོད་བྱེད་ཕྱོགས།

ཕྱི་ལོ་ ༢༠༠༥ བཞུགས་སྒར་གངས་སྐྱིད་དུ་སློབ་གྲྭ་ཁག་གི་འཛིན་སྐྱོང་ཚོགས་ཆེན་སྐབས་བཀའ་བློན་ཁྲི་པ་མཆོག་གིས་བཀའ་ཤག་ལྷན་ཚོགས་ཁང་ནང་ཚོགས་ཆུང་ཞིག་གི་དབུ་བཞུགས་གནང་བཞིན་པ། གཡས་ནས་བརྩིས། ༡༽ བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ། ༢༽ རྡོར་གླིང་སློབ་སྤྱི་བཀྲ་ཤིས་དོན་གྲུབ། ༣༽ ཧོན་སུར་སློབ་དགེ་ངག་དབང་ཆོས་གྲགས། ༤༽ བྷེལ་ཀོབ་སློབ་སྤྱི་ཐར་ལམ་སྒྲོལ་མ། ༥༽ སུ་ཇ་བོད་ཁྱིམ་འགན་འཛིན་དངོས་གྲུབ་དབང་འདུད། ༦༽ བོད་ཁྱིམ་དགེ་འོས་སློབ་སྤྱི་པདྨ་དབྱངས་སྒྲོན། ༧༽ ལ་དྭགས་བོད་ཁྱིམ་འགན་འཛིན་ཚེ་རིང་དཔལ་ལྡན། ༧༽ མིག་ཤེལ་ཅན་དེ་སུ་ཡིན་ངོ་མ་ཆོད།ཐོག་མར་ཤེས་རིག་ལས་ཁུངས་གསར་འཛུགས་སྐབས་ལས་བྱེད་བཅུ་སྐོར་ལས་མེད་ཅིང༌། ལས་དོན་ཤིན་ཏུ་གལ་ཆེ་རྣམས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འཆར་འབུལ་ཕྱག་རྟགས་དགོངས་དོན་གཞི་བཟུང་ངམ། ྋགོང་ས་མཆོག་ནས་ཐད་ཀར་བཀའ་སློབ་ལམ་སྟོན་ཕེབས་དགོངས་བཞིན་ཞུ་བ་དང༌། དེ་མིན་ལས་དོན་གནད་ཆེ་རྣམས་ཤེས་རིག་བཀའ་བློན་གྱིས་བཀའ་ཤག་ལྷན་རྒྱས་དང་བཀའ་གྲོས་ཀྱིས་ཐག་གཅོད་བྱེད། རྒྱུན་ལྡན་ལས་དོན་རྣམས་བཀའ་བློན་དང་བཀའ་བློན་ལས་རོགས། དྲུང་ཆེ་སོགས་བཀའ་བསྡུར་གྱིས་ཐག་གཅོད་དང༌། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནང་ཟླ་དྲུག་ལས་བསྡོམས་ཚོགས་ཆེན་རིམ་པ་དང༌། བདུན་ཅུ་དོན་གྲངས་ནང་ལོ་འཁོར་ལས་བསྡོམས་ཚོགས་ཆེན་རིམ་པ། དེ་བཞིན་རྒྱུན་ལས་ཚོགས་འདུ་སོགས་ཀྱི་སྐབས་ཤེས་རིག་དང་འབྲེལ་བའི་ཐག་གཅོད་ཁག་ཀྱང་གལ་ཆེའི་ཐག་གཅོད་དུ་བརྩིས་ཏེ་ལག་བསྟར་བྱེད་པ་དང༌། ལྷག་པར་ཕྱི་ལོ་༡༩༦༤ ནས་ད་བར་ཤེས་རིག་ཚོགས་ཆེན་སྔ་རྗེས་ཐེངས་ལྔ་འཚོགས་པའི་གྲོས་ཆོད་རྣམས་ལ་གཙིགས་འཛིན་གྱིས་ཕྱག་བསྟར་གནང་སྲོལ་ཡོད།
ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནང་མཁས་པ་གདན་ཞུས་ཀྱིས་སློབ་སྟོན་ཞུ་བ་དང༌། ་བདུན་ཅུ་དོན་གྲངས་ནང་ཤེས་རིག་གྲོས་འདྲི་ལྷན་ཚོགས། དགུ་བཅུ་གོ་གྲངས་ནང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་སོགས་ཕྱི་ནང་གི་ཤེས་ཡོན་ཐད་ཤེས་མྱོང་གཉིས་ལྡན་གྱི་མི་སྣ་བསྐོ་འཛུགས་ཀྱིས་དུས་ནས་དུས་སུ་ཤེས་ཡོན་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་ཞུས་པའང་བྱུང་ཞིང༌། དེ་མིན་སློབ་དེབ་ལྟ་བུར་མཚོན་ན། སློབ་གྲྭ་ཁག་གི་དགེ་རྒན་དང་ལས་བྱེད། སློབ་ཕྲུག་བཅས་པའི་བསམ་འཆར་བསྡུས་པའི་རྨང་གཞིའི་ཐོག་ཆེད་འཛུགས་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གིས་སློབ་དེབ་ལ་སྣོན་འཕྲི་བསྐྱར་བཅོས་ཇི་དགོས་གནང་གི་ཡོད།
ཕྱི་ལོ་ ༡༩༩༨ ནས་ཤེས་རིག་གི་སྡེ་ཚན་ཁག་གི་འགན་འཛིན་ཡན་ཡོད་པའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་གལ་ཆེའི་གནད་དོན་ཁག་བཀའ་བསྡུར་ཐག་གཅོད་གནང་གི་ཡོད་པ་དང༌། དེས་ཐག་མ་ཆོད་པའི་རིགས་གོང་རིམ་བཀའ་ཤག་ལ་སྙན་གསན་གྱིས་ཐག་གཅོད་གནང་གི་ཡོད། ཡང་ལོ་རེར་ཤེས་རིག་ནང་ཉུང་མཐར་ཤེས་རིག་ལས་བྱེད་ཡོངས་རྫོགས་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་ལས་མི་ཉུང་བ་གནང་གི་ཡོད་པ་དེའི་ཐོག་ལས་བྱེད་ཀྱི་དགོངས་འཆར་ཇི་ཡོད་བསྡུ་རུབ་གནང་གི་ཡོད།
ཕྱི་རྒྱལ་དུ་སློབ་སྦྱོང་ཆེད་བོད་མི་འདེམས་གཏོང་གི་བྱེད་སྒོ་ཡོངས་རྫོགས་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གིས་སྒྲིག་གཞི་ཟུར་ཡོད་ལྟར་ཐག་གཅོད་གནང་གི་ཡོད་ཅིང༌། དེ་མིན་རྒྱ་གར་ནང་གི་མཐོ་སློབ་སློབ་ཡོན་བགོ་འགྲེམས་ཀྱི་ལས་དོན་རྣམས་ཤེས་རིག་སློབ་ཡོན་ཚོགས་ཆུང་གིས་སྒྲིག་གཞི་གཞི་བཟུང་ཐག་གཅོད་བྱེད།
རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ལས་དོན་གནད་ཆེ་ཁག་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་བྱེད་ཅིང༌། ལྷན་ཚོགས་དེའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དམིགས་འཛུགས་གནང་བའི་ཚོགས་མིའི་ངོ་བོར་ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དང༌། ཤེས་རིག་བཀའ་བློན། ཤེས་རིག་དྲུང་ཆེ། ལྡི་ལི་སྐུ་ཚབ་དོན་གཅོད་བཅས་བཞི་ཡོད།
ཤེས་རིག་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་དང༌། ཤེས་རིག་པར་ཁང་གི་དངུལ་རྩིས་དང་ལས་དོན་གནད་ཆེ་ཁག་སྒྲིག་འཛུགས་དེ་གཉིས་ཀྱི་འགན་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་བྱེད་ཅིང༌། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་ནི་རིམ་པ་བཞིན་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ཡིན། དྷ་ས་བོད་ཕྲུག་ཁྱིམ་སྡེ་དང༌། མ་སུ་རི་བོད་ཁྱིམ་གྱི་ལས་དོན་གལ་ཆེ་ཁག་དེ་གཉིས་སོ་སོའི་འགན་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་གནང་གི་ཡོད་ཅིང༌། འགན་འཛིན་ལྷན་ཚོགས་ཀྱི་ཁོངས་སུ་ཤེས་རིག་དྲུང་ཆེ་ཡོད། བལ་ཡུལ་སློབ་ཁག་གི་ལས་དོན་རྣམས་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་ནང་བལ་ཡུལ་ཤེས་རིག་ལས་འཛིན་དང་བལ་ཡུལ་གངས་ཅན་བདེ་རྩའི་དྲུང་ཆེ་གཙོ་གྱུར་འབྲེལ་ཐོགས་རྣམས་ལྷན་འཛོམས་ཀྱིས་ཐག་གཅོད་བྱེད་ཅིང༌། ༡༩༩༠ གོ་གྲངས་ནང་གནད་དོན་གལ་ཆེ་ཁག་བལ་ཡུལ་ཆེས་མཐོའི་ཤེས་ཡོན་ལྷན་ཚོགས་ཀྱིས་ཐག་གཅོད་གནང་གི་ཡོད་ཅིང༌། ལྷན་ཚོགས་དེའི་ནང་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེ་གཉིས་ཀ་ཡོད། ཉེ་ལམ་བལ་ཡུལ་ནང་ཆབ་སྲིད་ཀྱི་འགྱུར་བ་ཆེན་པོ་སོང་སྟབས་གོང་གསལ་ལྷན་ཚོགས་དང་བལ་ཡུལ་ཤེས་རིག་ལས་འཛིན་གཉིས་ཀ་རིམ་པས་མེད་པར་གྱུར་ཅིང༌། ཤེས་རིག་གིས་བཀོད་ཁྱབ་དང་ཐག་གཅོད་གནང་དགོས་ཁག་བལ་ཡུལ་གངས་ཅན་བདེ་རྩ་བརྒྱུད་དེ་གནང་གི་ཡོད།
དེ་མིན་ལས་དོན་བྱེ་བྲག་པའི་ཐོག་ཐག་གཅོད་གསར་པ་བྱེད་དགོས་བྱུང་ཚེ། དོན་གནད་དེའི་ཐད་མྱོང་རྒྱུས་དང་ཤེས་ཚད་ལྡན་པའི་ཚོགས་ཆུང་གསར་འཛུགས་ཀྱིས་ཞིབ་འཇུག་དང་གྲོས་བསྡུར་གྱིས་རྒྱབ་གཉེར་བྱུང་བའི་སྙན་ཐོར་ཤེས་རིག་བཀའ་བློན་དང་དྲུང་ཆེའམ། དགོས་གལ་མཆིས་ཚེ་བཀའ་ཤག་ནས་ཐུགས་ཞིབ་ཀྱིས་ཐག་གཅོད་གནང་གི་ཡོད།
སྤྱིར་བཏང་ལས་དོན་གྱི་རིམ་པ་ནི། བཀའ་བློན་གྱི་འོག་ཏུ་དྲུང་ཆེ་དང༌། དྲུང་ཆེའི་འོག་ཏུ་སྡེ་ཚན་ཁག་གི་འགན་འཛིན། སྡེ་ཚན་ཁག་གི་འགན་འཛིན་འོག་ཏུ་ཚན་པའི་འགན་འཛིན། ཚན་པའི་འགན་འཛིན་འོག་ཏུ་འབྲེལ་ཆགས་ལས་བྱེད་བཅས་བྱ་སྤུ་གནོན་གྱི་རིམ་པ་ཡག་པོ་ཆགས་ཡོད།

ཤེས་རིག་བཀའ་བློན་རིམ་བྱུང་གི་མཚན་གཞུང་དང་ལས་ཡུན།
ཨང༌། མཚན། ལས་ཡུན།
༡༽ ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན། ༡༩༦༠།༡༠།༤ ནས་ ༡༩༦༤།༩ བར།
༢༽ འཇང་ཆོས་ཚེ་རིང་མགོན་པོ། (༡༩༦༤།༩ ནས་ ༡༩༦༦།༧།༡༠ བར།)
༣༽ ཕྲེང་རིང་འཇིགས་མེད་སུམ་རྩེན་དབང་པོ། (༡༩༦༨།༡ ནས་ ༡༩༧༣ ཕྱི་ཟླ་ ༥ བར།)
༤༽ ཐུབ་བསྟན་ཉིན་བྱེད། (༡༩༧༤།༢།༦ ནས་ ༡༩༨༠།༢།༢ བར།)
༥༽ འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ། (༡༩༨༠།༨།༢༤ ནས་ ༡༩༨༥།༡ བར་དང༌།)
(༡༩༨༧།༩ ནས་ ༡༩༨༨།༡༡ བར།)
༦༽ བཀྲས་མཐོང་བསྟན་འཛིན་དགེ་བྱེད། (༡༩༨༥།༡༡ ནས་ ༡༩༨༧།༨ བར་།)
༧༽ བཀྲ་ཤིས་དབང་འདུད། (༡༩༨༨།༡༡ ནས་ ༡༩༩༠།༥ བར།)
༨༽ རྗེ་བཙུན་པདྨ། (༡༩༩༠།༥།༡༧ ནས་ ༡༩༩༣།༧ བར།)
༩༽ རིན་ཆེན་མཁའ་འགྲོ། (༡༩༩༣།༧ ནས་ ༢༠༠༡།༩ བར།)
༡༠༽ ཐུབ་བསྟན་ལུང་རིགས། ༢༠༠༡།༩།༥ ནས་ ༢༠༡༡།༥།༢༩ བར།
༡༡༽ ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན། ༢༠༡༡།༦།༡ ནས་ ༢༠༡༡།༨།༧ བར།
༡༢༽ བློ་བཟང་སེང་གེ། ༢༠༡༡།༨།༨ ནས་ ༢༠༡༤།༩།༡༦ བར།
༡༣༽ དངོས་གྲུབ་ཚེ་རིང་། ༢༠༡༤།༩།༡༧ ནས་ ༢༠༡༨།༡།༡ བར།
༡༤༽ གཡུ་ཐོག་ཀརྨ་དགེ་ལེགས། ༢༠༡༨།༡།༡ ནས་ ༢༠༡༨།༤།༣ བར།
༡༥༽ འབུམ་རམས་པ་པདྨ་དབྱངས་ཅན། ༢༠༡༨།༤།༤ ནས་ ༢༠༢༡།༥།༢༦ བར།
༡༥༽ ལྕང་ར་ཐར་ལམ་སྒྲོལ་མ། ༢༠༢༡ ནས་ད་བར།
དྲུང་ཆེ་རིམ་བྱུང་གི་མཚན་དང་ལས་ཡུན།
ཨང༌། མཚན། ལས་ཡུན།
༡༽ རི་ཁ་བློ་བཟང་བསྟན་འཛིན། ༡༩༧༦ ནས་ ༡༩༨༢ བར།
༢༽ ཕྱག་མཛོད་ཚང་བསོད་ནམས་རབ་བརྟན། ༡༩༨༢ ནས་ ༡༩༩༡ བར།
༣༽ བསམ་མཁར་གཡང་སྐྱིད། ༡༩༩༡ ནས་ ༡༩༩༣ བར།
༤༽ ཚེ་རིང་དབང་རྒྱལ། ༡༩༩༣ ནས་ ༩༥ བར་དང༌།
༡༩༩༩ ནས་ ༢༠༠༠ བར།
༥༽ དངོས་གྲུབ་ཚེ་རིང༌། ༡༩༩༥ ནས་ ༡༩༩༩ བར།
༦༽ ཚེ་རིང་དོན་གྲུབ། ༢༠༠༠ ནས་ ༢༠༠༢ བར།
༧༽ གཡུ་ཐོག་ཀརྨ་དགེ་ལེགས། ༢༠༠༢ ནས་ ༢༠༡༢
༨༽ སྟོབས་རྒྱལ་ཚེ་རིང་། ༢༠༡༣ ནས་ ༢༠༡༥ བར།
༩༽ ཞིང་ནོར་དབང་རབ་རྒྱལ། ༢༠༡༥ ནས་ ༢༠༡༦
༡༠༽ སྣང་ས་ཆོས་སྒྲོན། ༢༠༡༧ ནས་ ༢༠༡༧ བར།
༡༡༽ ཀརྨ་སེང་གེ ༢༠༡༧ ནས་ ༢༠༢༠ བར།
༡༢༽ འཇིགས་མེད་རྣམ་རྒྱལ། ༢༠༢༠ ནས་ད་བར།

ཤེས་རིག་ལས་ཁུངས་གསར་འཛུགས་རྗེས་ཀྱི་ལས་དོན་གལ་ཆེ་ཁག་ཅིག་ཟུར་བཀོད།

༡༽   དབུས་བོད་སློབ་འཛིན་ཚོགས་གསར་འཛུགས།

ཕྱི་ལོ་༡༩༦༡ ལོའི་ཕྱི་ཟླ་ ༤།༥ ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་ཆིབས་སྒྱུར་གནང་སྟེ་རྒྱ་གར་གཞུང་གི་སྲིད་བློན་ནེ་རུ་མཆོག་ལ་སྐྱབས་བཅོལ་བོད་མིའི་ཕྲུ་གུ་རྣམས་ཀྱི་སློབ་སྦྱོང་སྐོར་ལ་བཀའ་མོལ་གནང་ཞིང༌། སྐབས་དེར་ཤེས་རིག་བཀའ་བློན་ཀུན་བདེ་གླིང་ཡང་མཉམ་འཁྲིད་མཛད་ཡོད། སྐབས་དེའི་བཀའ་མོལ་སྐོར་ཡིག་ཆ་ཁག་ལ་ཞིབ་འཇུག་ཞུ་སྐབས་བསྙེལ་ཐོ་འཁྱུག་བྲིས་ཤིག་ཐོབ་པ་ཆ་ཚང་ལེབ་བཤུས་ཀྱིས་བཀོད་པ་གཤམ་གསལ། ༡༽    རྒྱ་གར་ས་ཐོག་ཏུ་སྤྱི་ལོ་ ༡༩༦༡ ཟླ་ ༢ ཚེས་ཕན་འབྱོར་བའི་བུ་ཕྲུག་ལོ་ ༡༦ མན་གྱི་གྲངས་འབོར་བུ་དང་བུ་མོ་ཁྱོན་བསྡོམས་མི་གྲངས་ ༢༩༧༥ ཡོད་ཐོག་ནས་ཕྲུག་གུ་ལོ་ ༡ ནས་ ༨ བར་གྲངས་ ༢༥༠ ལོ་ ༨ ནས་ ༡༦ བར་ ༡༠༠༠ བཅས་ལ་རྒྱ་གར་གཞུང་ནས་སློབ་སྦྱོང་གི་རོགས་རམ་གནང་རྒྱུར་ཐུགས་གཏན་འཁེལ་བ་ལྟར་མ་སུ་རིར་མི་གྲངས་ ༤༠༠ ཡོད་པའི་སློབ་གྲྭ་ཁག ༡ དང༌། དྷ་རམ་ས་ལར་མི་གྲངས་༢༥༠ ཡོད་པའི་བུ་གསོ་ཁང་ ༡ ཡོད་པ་དེ་རྣམས་ལའང་སློབ་སྦྱོང་གི་གོ་རིམ་ཚད་གཞི་དང་ལྡན་པ་བྱུང་མེད་ཁར་འཕྲོས་མི་གྲངས་ ༦༠༠ སློབ་གྲྭ་ཁག་བགོས་གང་མྱུར་འཛུགས་རྩིས་བཅས་ཕུད་རུང་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པ་མི་གྲངས་ ༡༧༢༥ བསྡད་པའི་ཐོག་ད་དུང་སྐྱབས་བཅོལ་གསར་འབྱོར་ཡོང་དང་ཡོང་མུས་བཅས་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་པའི་རོགས་རམ་ཡོད་པ་ཞུ་རྒྱུ། ༢༽ གོང་གསལ་སློབ་ཕྲུག་རྣམས་ལ་སློབ་གྲྭའི་འགྲོ་སོང་སློབ་གྲྭ་མཐར་སོན་མ་ཐུབ་བར་གཏོང་དགོས་དེ་དག་ལོ་རྒྱུན་རིང་པོར་བརྟེན་པས་ཐུགས་གཡེང་ཆེན་པོ་ཡོད་སྟབས་རྒྱ་གར་གཞུང་ནས་རྒྱུན་འཁྱོང་རོགས་རམ་ཡོང་བ། ༣༽ ཕྱིན་ཆད་རྒྱ་གར་གཞུང་ནས་བོད་ཕྲུག་དོན་དུ་འགྲོ་སོང་སྔོན་རྩིས་འཆར་གཞི་ཇི་ཡོད་གསལ་གསུང་ཐུབ་ན་ང་ཚོས་བསམ་བློའི་གཏོང་ཕྱོགས་ཁྱད་པར་ཡོང་གནས། ༤༽ རྒྱ་གར་གཞུང་ནས་རོགས་རམ་གནང་རྒྱུ་དེ་དག་ལག་ལེན་གང་མགྱོགས་འཁེལ་ཐབས་དང༌། རིག་གསར་དང་མཐུན་པའི་སློབ་སྦྱོང་གི་འགྲོ་སྟངས་ལམ་སྟོན་བཀའ་སློབ་གནང་བར་ཆེད་མངགས་མི་གཅིག་བསྐོ་འཛུགས་གནང་ཐུབ་པ་བྱུང་ན་ཡག་པོ་ཡོང་བ་འདུག ༥༽ སློབ་གྲྭའི་དགེ་རྒན་དང་ལས་བྱེད་ཀྱི་སྐོར་ལ་བོད་ཀྱི་ཡི་གེ་དང་རིག་གནས་སྐོར་གྱི་དགེ་རྒན་ང་ཚོས་ལྡང་ངེས་གཏོང་ཐུབ་ཅིང༌། ཧིན་རྡི་དང་དབྱིན་ཇིའི་དགེ་རྒན་ཤེས་ཚད་དྲག་གྲས་གཏོང་གནང་རོགས་རམ་ཡོད་པ་ཞུ་རྒྱུ། ༦༽ བོད་ཡིག་དང༌། གཞན་ཡང་བོད་ཀྱི་རིག་གནས་སློབ་སྦྱོང་སྐོར་ལ་དེང་དུས་དང་མཐུན་པའི་དེབ་གཞི་སློབ་ཚན་ཚད་རིམ་དང་ལྡན་པ་མེད་སྟབས་དེང་སང་གོ་རིམ་ཕྱོགས་སྒྲིག་བྱེད་མུས་མཇུག་སྐྱོང་དང་པར་སྐྲུན་སྐོར་ལ་འགྲོ་སོང་དང༌། རྒྱུས་མངའི་ལམ་སྟོན་རོགས་རམ་ཡོང་བ། དེ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་བོད་ཀྱི་སོན་རྩ་བོད་ཕྲུག་རྣམས་ཕྱི་ནང་གི་ཤེས་ཡོན་གཉིས་ལྡན་ཞིག་ཏུ་གསོ་སྐྱོང་གནང་རྒྱུ་ནི་བསྟན་སྲིད་མི་རིགས་རིག་གཞུང་བཅས་གང་ཐད་ནས་སྙིང་པོའི་ནང་གི་སྙིང་པོ་ཡིན་པར་གཟིགས་ཏེ་རེ་སྐུལ་གནང་བ་ལྟར། སྲིད་བློན་ནེ་རུ་མཆོག་གིས་ཞལ་བཞེས་དང་སྦྲགས་སྐབས་དེར་ཤེས་ཡོན་དང་གཞོན་སྐྱེས་ཞབས་ཞུའི་བློན་ཆེན་ལས་ཁུངས་(Ministry of Education & Youth Services)ཞེས་དང་དེང་སྐབས་མི་ཆའི་ནུས་པ་གོང་དུ་སྤེལ་བའི་བློན་ཆེན་ལས་ཁུངས་ར(Ministry of Human Resource Development)ཞེས་འབོད་པ་དེའི་གྲོས་ཆོད་ལྟར་ཕྱི་ལོ་༡༩༦༡ ཟླ་ ༧ ཚེས་ ༣༡ ཉིན་ཚོགས་པ་དེབ་སྐྱེལ་གྱི་ཁྲིམས་ཡིག་(XXI OF 1860)གཞི་བཟུང་བོད་སློབ་འཛིན་སྐྱོང་ཚོགས་པ་ཞེས་པའི་རང་སྐྱོང་སྡེ་ཚན་ཞིག་དངོས་སུ་དེབ་སྐྱེལ་བྱས་ཏེ་འཛུགས་ཐུབ་པ་བྱུང༌། ཚོགས་པ་གསར་འཛུགས་ཀྱི་གྲ་སྒྲིག་ལས་དོན་ཆེད་ཤེས་རིག་བཀའ་བློན་ཀུན་བདེ་གླིང་དང་ལས་བྱེད་བཅས་དུས་ཡུན་གང་ཙམ་རིང་ལྡི་ལིར་རྒྱུན་བཞུགས་ཀྱིས་ཕྱག་ལས་གནང་དགོས་པའང་བྱུང༌།


༢༽   གཏན་ཉིན་སློབ་གྲྭ་ཁག་གསར་འཛུགས།

ཤེས་རིག་ལས་ཁུངས་ཀྱི་ལས་དོན་གལ་ཆེ་ཤོས་ནི་བྱེས་འབྱོར་བོད་རིགས་ཁོངས་སུ་སློབ་ལོ་སོན་པའི་ན་གཞོན་ལྔ་སྟོང་གྲངས་ཀ་འདི་ཕྱིས་སུ་ ༡༩༦༢ ནང་བཀོད་པའི་གྲངས་ཐོ་ཡིན་པས་གོང་གསལ་གཞན་དང་ནང་འགལ་དུ་བལྟ་མི་ཉན་སྐོར་ཡོད་པ་རྣམས་ལ། ྋགོང་ས་མཆོག་གི་བཀའ་དགོངས་ལྟར་ཤེས་ཡོན་དང་ལག་ཤེས་སློབ་སྦྱོང་གི་གོ་སྐབས་བསྐྲུན་རྒྱུ་དེ་ཡིན་ཞིང༌། ྋགོང་ས་མཆོག་ནས་དོན་དེའི་ཐད་དམིགས་བསལ་ཐུགས་ཁུར་བཞེས་ཏེ་བཙན་བྱོལ་དུ་ཕེབས་འཕྲལ་མ་སུ་རིར་སློབ་གྲྭ་ཞིག་བཙུགས་ཡོད་པའི་ཐོག ཤེས་རིག་ལས་ཁུངས་གསར་འཛུགས་བྱས་རྗེས་༡༩༦༠ ལོར་སིམ་ལ་གཏན་སློབ་༢༢ དང༌། ༡༩༦༡ ལོའི་ཕྱི་ཟླ་དང་པོའི་ནང་རྡོར་གླིང་གཏན་སློབ་གསར་འཛུགས་གནང༌།༢༣ དེ་བཞིན་ ༡༩༦༡ ཟླ་ ༣ ཚེས་ ༢༥ ཉིན་ཀ་སྦུག་ཤེས་རིག་ཡན་ལག་སློབ་གྲྭ་གསར་འཛུགས་བྱས་༢༤པ་ཤེས་རིག་གིས་རྩིས་ལེན་འཛིན་སྐྱོང་གནང༌། དེ་རྗེས་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་གསར་འཛུགས་བྱས་རྗེས་ཚོགས་པ་དེས་ཕྱི་ལོ་ ༡༩༦༡ ཕྱི་ཟླ་ ༩ པའི་ཚེས་ ༡ ཉིན་༢༥ནས་མ་སུ་རི་གཏན་སློབ་དང༌། སིམ་ལ་གཏན་སློབ། རྡོར་གླིང་གཏན་སློབ་བཅས་དངོས་སུ་གཞུང་འབྲེལ་རྩིས་ལེན་བྱས། ཕྱི་ལོ་༡༩༦༤ ཟླ་ ༡༠ པར་ཀ་སྦུག་ཤེས་རིག་སློབ་གྲྭ་བོད་སློབ་འཛིན་སྐྱོང་ཚོགས་པས་རྩིས་ལེན་བྱས། དེ་བཞིན་སྐབས་དེའི་ཁུངས་ལྡན་ཡིག་ཆར་གསལ་བར་གཞིགས་ན། བོད་མི་སྐྱབས་བཅོལ་བས་ལམ་བཟོའི་ལས་ཀ་བྱ་ཡུལ་གཙོ་གྱུར་བོད་མི་གནས་ཡུལ་ཁ་ཤས་ལ་འཕྲལ་སེལ་གྱི་སློབ་གྲྭ་བཙུགས་པ་དཔེར་ན། ཕྱི་ལོ་༡༩༦༡ ལོར་སླེབས་སྐབས་ཀ་ལོན་སྦུག་ཁོ་ནར་བོད་མིའི་སློབ་གྲྭ་ཁག་བཞི་ཡོད་པ་དང༌། འབྲས་ལྗོངས་ནང་བོད་མི་སྐྱབས་བཅོལ་ལམ་བཟོ་བའི་ཆེད་བྱང་ཁུལ་དུ་སློབ་གྲྭ་གཅིག་དང་ལྷོ་ཁུལ་དུ་གཅིག་བཅས་སློབ་གྲྭ་གཉིས་ཡོད། ཡུ་པི་མངའ་སྡེའི་སན་དེའུ་དང་སྤའོ་རི་(Sandeo Camp and Pauri, Uttar Pradesh)སོ་སོར་གཞི་རིམ་སློབ་གྲྭ་རེ། དེ་བཞིན་ལ་དྭགས་ཁུལ་གྱི་བོད་མི་ལམ་བཟོ་བའི་ཕྲུ་གུའི་ཆེད་སློབ་གྲྭ་གཉིས་དང༌། མའི་སོར་གཞིས་ཆགས་སུ་སློབ་གྲྭ་གསུམ་ཡོད་མུས་ལ་འདོད་ཁེངས་མ་བྱུང་བར་གཞིས་ཆགས་སྤྱིའི་ཆེད་སློབ་གྲྭ་ཡག་པོ་གཅིག་འཛུགས་རོགས་ཞེས་ ༡༩༦༡ ལོར་ཞུ་མུས་རེད་འདུག ཧི་མ་ཅལ་མངའ་སྡེའི་ནང་སིམ་ལའི་ཉེ་འགྲམ་སྐབས་དེར་བོད་དང་རྒྱ་གར་གྱི་ས་མཚམས་ལམ་ཆེན་གྱི་ལམ་བཟོ་བྱེད་བཞིན་པའི་བོད་མི་སྐྱབས་བཅོལ་བ་ཚོས་ས་གནས་མ་ཏི་ཡཱ་ན་དང༌། ཤིའ་ལ་རུ། ནར་ཀན་ཌ་(Matiana, Shillaru and Narkanda)བཅས་སུ་སློབ་གྲྭ་ཁག་གསུམ་བཙུགས་ཡོད་པ་དང༌། དེ་བཞིན་བྷ་ལུག་སྤུང་(Bhalukpung)གསོག་སྒར་དུ་ཡང་སློབ་གྲྭ་བཙུགས་ཡོད་པ་༢༨རྣམས་མ་འོངས་པར་ཉམས་ཞིབ་གནང་མཁན་ཚོར་དཔྱད་གཞིར་ཕན་པར་སྙམ་ནས་འདིར་མཚོན་ཙམ་ཞུས་པ་ལགས། རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་བཙུགས་རྗེས་ཤེས་རིག་ལས་ཁུངས་ཀྱིས་གཙོ་བོ་ལས་ཁུངས་དེ་དང་མཉམ་སྦྲེལ་གྱིས་གཏན་འཇགས་དང་ཉིན་མོའི་སློབ་གྲྭ་ཁག་མང་གསར་འཛུགས་བསྐྱངས་པའི་ཞིབ་ཕྲའི་གནས་ཚུལ་སློབ་གྲྭའི་ལོ་རྒྱུས་ཀྱི་དེབ་ཏུ་གསལ་ངེས་ལ་བརྟེན་འདིར་མ་སྤྲོས་སོ།།

༣༽    ཟུར་གསོག་སློབ་གྲྭ་ཁག་གསར་འཛུགས།

བོད་གཞུང་གིས་རྒྱ་གར་གཞུང་དང་འབྲེལ་མོལ་གྱིས་གཏན་འཇགས་དང་ཉིན་མོའི་སློབ་གྲྭ་ཁག་གསར་འཛུགས་བྱས་དང་བྱེད་བཞིན་པའི་སྐབས། བཙན་བྱོལ་བོད་མི་གནས་ཡུལ་ཁག་ནས་སློབ་ལོ་སོན་པའི་བུ་ཕྲུག་མང་པོ་ཤེས་རིག་ལས་ཁུངས་སུ་སློབ་འཇུག་ཆེད་སྡེབ་སྐྱེལ་བྱས་པ་རྣམས། སློབ་གྲྭ་ངོ་མར་སློབ་འཇུག་མ་ཐུབ་བར་གནས་སྐབས་གནས་སྡོད་དང་སློབ་སྦྱོང་བྱ་ཡུལ་དགོས་གལ་ཛ་དྲག་ཆེ་བར་བརྟེན། ཐོག་མར་ཕྱི་ལོ་ ༡༩༦༠།༡༩༦༡ ནང་ཟུར་གསོག་སློབ་གྲྭ་དང་པོ་དེ་བོད་གཞུང་ཤེས་རིག་ཟློས་གར་ཚུགས་ཡུལ་དྷ་སའི་ཀོ་ནི་ཡུམ་ ཀོ་ཋི་(Conium Kothi)ས་གནས་ཀྱི་ཁང་མིག་ཁ་ཤས་སྟོང་པ་བཟོས་པའི་ནང་ཤེས་རིག་ལས་ཁུངས་ཀྱིས་འགོ་འཛུགས་ཞུས་ཤིང༌། སྐབས་དེར་འགན་འཛིན་དུ་ཕྱིས་སུ་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་ལས་རོགས་གནང་མཁན་སྐུ་ངོ་བསམ་མཆོག་ལགས་བསྐོ་བཞག་གནང༌། དེ་རྗེས་ཡང་བསྐྱར་ཕྲུ་གུ་མང་པོ་སླེབས་ཏེ་མ་ཤོང་བར་བརྟེན་དྷ་ཤོད་གྲོང་བརྡལ་གྱི་ཤར་ངོས་ནས་ཁང་པ་གཅིག་ལ་ཧིན་སྒོར་ ༤༠༠༠ སྤྲད་ནས་སྤུས་གཟིགས་གནང་ཞིང༌། ཁང་པ་དེར་ཉམས་གསོ་ཕྲན་བུ་དང་གད་བདར་བྱས་ཐོག མདུན་ངོས་ས་སྟོང་ཁོད་སྙོམ་གྱིས་རྩེད་ཐང་བཟོས་ཏེ་དྷ་ཤོད་ཟུར་གསོག་སློབ་གྲྭ་བཙུགས། གོང་གསལ་ཟློས་གར་ཁང་ཁོངས་སུ་ཚུགས་པའི་ཟུར་གསོག་སློབ་གྲྭ་ཡང་དེར་སྤོས་པས་དེ་ལ་དིང་སང་ཡང་དྷ་ཤོད་ཟུར་གསོག་ཅེས་མིང་ཐོགས་ཡོད། དེ་དང་དུས་མཚུངས་ལྟ་བུར་དྷ་རམ་ས་ནས་ཀི་ལོ་མི་ཊར་ ༡༨ ཙམ་གྱི་སར་ཆགས་པའི་ཀང་ར་གྲོང་བརྡལ་དུ་ཁང་པ་ཐོག་གཅིག་མ་ཞིག་གཡར་ཏེ་འགོ་འཛིན་ལས་བྱེད་ཐོག་ཁེ་ན་ཌའི་དང་བླང་དགེ་རྒན་དང་སྨན་ཞབས་མ་གཉིས་ཀྱི་འོག་སློབ་ཕྲུག་ཁག་ཅིག་བཞག་པ་དེར་ཀང་ར་ཟུར་གསོག་སློབ་གྲྭ་ཟེར། ཕྱི་ལོ་ ༡༩༦༤ ལོར་བོད་མི་སྐྱབས་བཅོལ་བ་ཕོན་ཆེ་ཞིག་རྒྱ་གར་དང་བལ་ཡུལ་ས་མཚམས་ཉེ་འགྲམ་ནའོ་ཏ་ན་(Naotana ཡིག་ཆར་འདི་ལྟར་འཁོད་ཀྱང་ཞིབ་འཇུག་སྐབས་དེང་གི་Nautanwa ཞེས་པ་དེ་མིན་ནམ་སྙམ་པས་དཔྱད།)ཞེས་པར་འབྱོར་ཞིང༌། ས་དེར་ཚ་དྲོད་ཆེ་ལ་སྐབས་ཤིག་རིང་བོད་མི་དེ་རྣམས་བལ་ཡུལ་དང་རྒྱ་གར་གཉིས་ཀའི་ནང་འགྲོ་མ་བཅུག་པར་བཀག་སྐྱིལ་བྱས་ཐོག་སྨན་བཅོས་སོགས་ཀྱི་འཕྲོད་བསྟེན་ཞན་པས་ཕྲུ་གུ་ཚུད་པའི་མི་མང་ཙམ་འདས་གྲོངས་སོང༌། བོད་གཞུང་གིས་གནས་ཚུལ་དེ་གསན་འཕྲལ་ལས་བྱེད་ཆེད་གཏོང་གིས་ས་གནས་ལ་རྟོག་ཞིབ་ཐོག་རྒྱ་གར་ཕྱི་སྲིད་ལས་ཁུངས་སུ་སྙན་གསན་ཞུས་ཏེ་མཐར་བོད་མི་དེ་རྣམས་རྒྱ་གར་ནང་ཡོང་ཐུབ་པ་བྱུང་ཞིང༌། བོད་མི་དེ་དག་གི་བུ་ཕྲུག་རྣམས་དྷ་སར་འཁྲིད་དེ་ཤེས་རིག་ལས་ཁུངས་ཀྱིས་ཛ་དྲག་ཐོག་དྷ་སྟེང་ཀོ་ཋི་(Kothi)ས་གནས་སུ་ཟུར་གསོག་སློབ་གྲྭ་ཞིག་བཙུགས་ནས་ལྟ་སྐྱོང་གནང་བ་དེར་དྷ་སྟེང་ཟུར་གསོག་སློབ་གྲྭ་ཟེར་ཞིང༌། ཕྲུ་གུ་འདི་རྣམས་ཐོག་མར་སླེབས་སྐབས་འཚོ་བཅུད་ཀྱིས་མ་འདང་བ་དང་ཚད་པས་མནར་བ། ས་ཆུ་མ་འཕྲོད་པ་སོགས་ཀྱིས་ཕལ་མོ་ཆེ་ནད་མནར་ཡིན་རུང་འཚོ་གོས་དང་སྨན་བཅོས་མཐུན་རྐྱེན་ཚུལ་དང་མཐུན་པ་སྦྱར་ཏེ་ཛ་དྲག་ལྟ་སྐྱོང་གནང་བས། དྷ་སྟེང་ཟུར་གསོག་སློབ་གྲྭར་སླེབས་པའི་ཕྲུ་གུའི་ཁོངས་ནས་འདས་གྲོངས་སོང་བ་གཉིས་ལས་མ་བྱུང་བ་རེད་ཅེས་སྐབས་དེར་ཚང་མས་སྐད་གྲགས་དང་དགའ་མོས་བྱེད་དགོས་པ་བྱུང་ཡོད། འབྲེལ་ཡོད་ཡིག་ཆར་གཞིགས་ན་ཕྱི་ལོ་༡༩༦༢ ནས་༡༩༦༧ ལོའི་ཕྱི་ཟླ་གསུམ་པ་བར་དུ་གོང་གསལ་ཟུར་གསོག་སློབ་ཁག་ལ་སློབ་ཕྲུག་ཁྱོན་༣༥༧༦ བྱུང་འདུག ཟུར་གསོག་སློབ་གྲྭའི་སློབ་ཕྲུག་ཚོར་རྒྱ་གར་གཞུང་གིས་བཟའ་བཅའ་ཕྲན་བུ་དང་དབུས་ངལ་སེལ་ཚོགས་པས་སྐབས་སྐབས་སུ་སྨན་དང་གྱོན་གོས་ཀྱི་མཐུན་རྐྱེན་གནང་བ་ལས་དེ་མིན་གྱི་འགྲོ་སོང་ཕལ་མོ་ཆེ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཐབས་འཚོལ་དང་ནར་གཏོང་ཞུས། དེ་རྗེས་ཐོག་མར་ཀང་རའི་ཟུར་གསོག་སློབ་ཕྲུག་རྣམས་ལ་ཚ་བ་དང་བཟའ་བཅའ་འོར་འདྲེན་སོགས་ཀྱི་དཀའ་ངལ་འཕྲད་པར་བརྟེན་ ༡༩༦༤།༦༥ ཙམ་ནས་རིམ་པས་དྷ་ས་སྟེང་ཤོད་གཉིས་ཀྱི་ཟུར་གསོག་སློབ་གྲྭར་ཟླ་བསྒྲིལ་བཏང༌། ༡༩༦༦།༦༧ ནས་གཅིག་ནས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་གཏན་སློབ་ཁག་ཏུ་སློབ་ཕྲུག་སློབ་འཇུག་གི་སྒྲིག་གཞི་ཕྲན་བུ་ལྷོད་དུ་བཏང་ནས་སློབ་འཇུག་གྲངས་འབོར་སྤར་བ་དང༌། གཉིས་ནས་རྒྱ་གར་ནང་གསར་དུ་སྐྱེས་པའི་བོད་ཕྲུག་རྣམས་ཕ་མ་སྐྱབས་བཅོལ་བ་ཡིན་ཡང༌། སློབ་འཇུག་གི་སྡེ་ཚན་འདིའི་ཁོངས་སུ་ཚུད་ཀྱི་མེད་པར་བརྟེན། ཟུར་གསོག་སློབ་གྲྭའི་སློབ་ཕྲུག་མང་པོ་གཏན་སློབ་ཁག་ནང་ཚུད་ཐུབ་པ་བྱུང༌། རྒྱུ་མཚན་དེ་འདྲའི་དབང་གིས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱིས་ཟུར་གསོག་སློབ་གྲྭ་རྣམས་རིམ་པས་སྒོ་རྒྱག་དགོས་པའི་དགོས་འདུན་བཏོན། ཕྱི་ལོ་༡༩༦༧ ཟླ་ ༣ པར་ཤེས་རིག་ལས་ཁུངས་ཀྱིས་ཟུར་གསོག་སློབ་ཁག་ལ་སློབ་ཕྲུག་བསྡུ་རྒྱུ་དངོས་སུ་མཚམས་བཞག དེ་ནས་དྷ་སྟེང་ཟུར་གསོག་གི་བུ་མོ་ཡོད་དོ་ཅོག་ལ་སུད་སི་བོད་དོན་ཚོགས་པས་རོགས་རམ་གནང་སྟེ་རྒྱ་གར་ཌས་ཌུན་སློབ་གྲྭར་བཅུག་རྗེས་བུ་རྣམས་དྷ་ཤོད་ཟུར་གསོག་དང་ཟླ་བསྒྲིལ་གྱིས་ཕྱི་ལོ་༡༩༦༨ ལོར་དྷ་སྟེང་ཟུར་གསོག་སློབ་གྲྭ་ཐོག་མར་སྒོ་བརྒྱབས། དེ་ནས་དྷ་ཤོད་ཟུར་གསོག་སློབ་གྲྭའི་སློབ་ཕྲུག་ལྷག་བསྡད་ ༦༥༠ ཕལ་མོ་ཆེ་གཏན་སློབ་ཁག་ནང་འཇུག་བཞེས་གནང་འཕྲོས་གཞན་རྣམས་རྒྱ་གར་ནང་གི་ཡི་ཤུ་དང་དབྱིན་ཇིའི་སློབ་གྲྭར་བཏང་སྟེ་དྷ་ཤོད་ཟུར་གསོག་སློབ་གྲྭ་ཡང་ ༡༩༦༨ ལོའི་ལོ་མཇུག་ཏུ་དངོས་སུ་སྒོ་བརྒྱབས།


༤༽   བོད་ཡིག་སློབ་དེབ་རྩོམ་སྒྲིག

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་ཆིབས་སྒྱུར་གནང་མ་ཐག་ཏུ་བོད་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་ཛ་དྲག་ཆེ་ཤོས་དང་གལ་འགངས་ཆེ་ཤོས་སུ་དགོངས་བཞེས་ཀྱིས་སློབ་གྲྭ་གསར་འཛུགས་གནང་གཏན་འཁེལ་བའི་ཆ་ཤས་སུ། སློབ་གྲྭའི་སློབ་རིམ་དང་འཚམས་པར་སློབ་དེབ་རྩོམ་སྒྲིག་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་དང་འབྲེལ་བའི་ལྷན་ཚོགས་ཤིག་བསྐོང་འཚོགས་གནང་ལེགས་ཀྱི་བཀའ་སློབ་ཕེབས་པ་ལྟར། ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༡༢ ནང་ལྷན་ཚོགས་ཤིག་ཆེད་དུ་བསྡུ་སྐོང་གནང་ཞིང༌། ལྷན་ཚོགས་དེའི་ནང་བཀའ་ཤག་རྙིང་པའི་བཀའ་བློན་རྣམ་པ་དང༌། མ་སུ་རི་བོད་གཞུང་སློབ་གྲྭའི་སློབ་སྤྱི། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་ཁོངས་ཀྱི་མཁས་པ་པད་བཀོད་བདུད་འཇོམས་སྤྲུལ་སྐུ་དང༌། དགའ་ཤར་ཛེ་སྨད་སྤྲུལ་སྐུ། ངོར་ཐར་རྩེ་མཁན་པོ། རྭ་སྟོད་སྐྱོང་ལྷ་སྤྲུལ་སྐུ། གསར་འགྱུར་མེ་ལོང་གསར་ཤོག་གི་རྩོམ་སྒྲིག་པ་ཁུ་ནུ་བ་མཐར་ཕྱིན་བྷ་བྷུ། ལྷ་ལུང་བློ་བཟང་ཕུན་ཚོགས་བཅས་མཉམ་ཞུགས་གནང་ཡོད། ལྷན་ཚོགས་དེའི་ཐོག་གོ་བསྡུར་གནང་མཐར་གཤམ་གསལ་དོན་ཆེན་བཞི་འཆར་འབུལ་ཞུས་པར་ྋགོང་ས་མཆོག་ནས་བཀའ་བཅོས་ཕྲན་བུ་དང་བཅས་ལག་བསྟར་བྱ་འཐུས་ཀྱི་ཕྱག་རྟགས་སྩལ། དོན་ཆེན་བཞི་ནི།
༡༽    བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སྐབས། དེང་དུས་དང་འཚམས་པའི་ཐབས་ལམ་གསར་པ་དང་ཟུང་འབྲེལ་གྱིས་སློབ་ཁྲིད་བྱ་རྒྱུ།
༢༽    བོད་ཡིག་སློབ་དེབ་ནང་བོད་ཀྱི་ནང་ཆོས་དང༌། རྒྱལ་རབས་ལོ་རྒྱུས། སྙན་ངག་སོགས་ཀྱང་ངེས་པར་ཚུད་པ་བྱ་དགོས་ཤིང༌། སློབ་ཚན་དེ་དག་འཛིན་རིམ་དང་པོ་ནས་ངོ་སྤྲོད་ཀྱིས་རིམ་པས་འཛིན་རིམ་མཐོ་སར་སླེབས་སྐབས་གོ་བ་གཏིང་ཚུགས་ཐུབ་པ་བྱ་རྒྱུ།
༣༽    འཛིན་རིམ་བདུན་པ་མན་དུ་འཛིན་རིམ་རེར་བོད་ཡིག་སློབ་དེབ་གཅིག་གིས་འཐུས་པ་བྱ་རྒྱུ་དང༌། སློབ་དེབ་དེའི་ནང་གོང་དུ་བཤད་པའི་སློབ་ཚན་ཚང་མ་ཚུད་པ་བྱ་རྒྱུ། འཛིན་རིམ་བརྒྱད་པ་ནས་རྒྱལ་རབས་དང་ནང་ཆོས་སོགས་སློབ་ཚན་རེར་སློབ་དེབ་རེ་ལོགས་སུ་རྩོམ་སྒྲིག་བྱ་རྒྱུ།
༤༽    སློབ་དེབ་རྩོམ་སྒྲིག་བྱེད་པོའི་ཚོགས་ཆུང་གསར་འཛུགས་བྱ་རྒྱུ་བཅས་ཀྱི་ཐག་གཅོད་བྱུང༌།
སློབ་གྲྭ་གསར་འཛུགས་ཟིན་འཕྲལ་སློབ་དེབ་སྤུས་ལེགས་ལམ་སེང་རྩོམ་སྒྲིག་ཐུབ་ཐབས་མེད་སྟབས་བོད་དགེ་རྨ་བྱ་བ་ཚེ་དབང་འགྱུར་མེད་དང་ཨ་རི་བ་སྐུ་ཞབས་ཀྲིམ་གཉིས་ཀྱིས་སློབ་དེབ་སྟབས་བདེ་ཞིག་རྩོམ་སྒྲིག་བྱས་པ་བེད་སྤྱོད་ཐོག དགེ་རྒན་སོ་སོས་ཀྱང་རང་སྟོབས་ཀྱི་སྒོ་ནས་སློབ་ཕྲུག་གི་གནས་ཚད་དང་འཚམས་པར་སློབ་ཁྲིད་གནང༌།
དེ་ནས་གོང་གསལ་ཐག་གཅོད་ལག་བསྟར་ཆེད་དགའ་ཤར་ཛེ་སྨད་སྤྲུལ་སྐུ་དང༌། པད་བཀོད་བདུད་འཇོམས་སྤྲུལ་སྐུ། རྭ་སྟོད་སྐྱོང་ལྷ་སྤྲུལ་སྐུ། ངོར་ཐར་རྩེ་མཁན་པོ། མཁན་དྲུང་ཏཱ་བླ་མ་ཐུབ་བསྟན་ནོར་བཟང་༢༩བཅས་ལས་གྲུབ་པའི་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གསར་འཛུགས་གནང་སྟེ་ཕྱི་ལོ་༡༩༦༠ ལོ་འགོ་ནས་ཕྱག་ལས་གནང་འགོ་བཙུགས། ཚོགས་ཆུང་འདིས་གོང་གསལ་རྩ་འཛིན་དོན་ཚན་ཁག་དང་ྋགོང་ས་མཆོག་དང་ཡོངས་འཛིན་རྣམ་གཉིས་ཀྱི་ལམ་སྟོན་བཀའ་སློབ། དེ་བཞིན་ཕྱི་ནང་རྒྱུས་ཅན་མི་སྣར་གོ་བསྡུར་གནང་སྟེ་ཕྱི་ལོ་༡༩༦༡ ལོའི་ཟླ་བ་༡༡ ཚེས་ ༢༠ ལ་སླེབས་སྐབས་སྔོན་འགྲོའི་འཛིན་གྲྭ་ཁག་གསུམ་དང་དངོས་གཞིའི་འཛིན་གྲྭ་དང་པོ་ནས་ལྔ་པ་བར་གྱི་སློབ་དེབ་ཆ་ཚང་རྩོམ་སྒྲིག་དང་ཞུ་བཅོས་ཟིན་པར་ལྷ་ལུང་བློ་བཟང་ཕུན་ཚོགས་ཀྱིས་དེང་དུས་གསར་ལུགས་དང་མཐུན་པའི་ལེགས་ཆ་གོང་མཐོར་སྤེལ་བའི་སྣོན་འཕྲི་ལེགས་པར་གནང་སྟེ་༣༠དངོས་སུ་པར་སྐྲུན་བྱེད་འགོ་བཙུགས། དེ་ནས་འགྲོ་གྲོན་ལ་དགོངས་ཏེ་རྒྱ་གར་དབུས་བོད་སློབ་ཚོགས་པར་དེང་གི་བོད་སློབ་འཛིན་ཚོགས་རེ་སྐུལ་གནང་འབྲས་བོད་སློབ་འཛིན་སྐྱོང་ཚོགས་པས་པར་སྐྲུན་གནང་རྒྱུའི་ཞལ་བཞེས་ཐོབ་ཀྱང༌། དབུས་བོད་སློབ་ཚོགས་པ་དེས་སློབ་དེབ་ཚོགས་ཆུང་ཟུར་བསྐོས་ཀྱིས་ཡང་བསྐྱར་ཞུ་དག་གནང་འཆར་དུས་འགོར་ཆེ་ཐོག སློབ་དེབ་སོ་སོའི་མཇུག་ཏུ་དབུས་བོད་སློབ་ཚོགས་པས་འགན་ལེན་གསར་སྒྲིག་བྱས་ཞེས་པའི་བརྗོད་བྱ་འགོད་པ་མ་གཏོགས་བོད་གཞུང་གི་མིང་རྩ་བ་ནས་འགོད་འཆར་མེད་པར་བརྟེན་ཕུགས་སྐྱོན་ཆེ་བར་དགོངས་ནས་འགྲོ་གྲོན་གཙོ་བོ་བོད་གཞུང་རང་གིས་ནར་གཏོང་གནང་སྟེ་པར་སྐྲུན་གནང༌།
སློབ་དེབ་རྣམས་བོད་ཡིག་ཡིན་སྟབས་རྒྱ་གར་པར་ཁང་དུ་པར་སྐྲུན་བྱེད་རྒྱུ་སྐབས་དེའི་མཐུན་རྐྱེན་དང་འཕྲུལ་ལས་ལག་རྩལ་ད་ལྟ་བཞིན་སྟབས་བདེ་མེད་སྟབས་དཀའ་ངལ་ཤིན་ཏུ་ཆེ་བར་བརྟེན། ལྡི་ལི་ཁུལ་དུ་པར་སྐྲུན་ལག་རྩལ་སློབ་སྦྱོང་དུ་ལས་བྱེད་ཆེད་གཏོང་གནང་བ་ཕྱིར་འཁོར་བྱུང་རྗེས་༡༩༦༡ ཟླ་ ༥ ཚེས་ ༢༣ ཉིན་བོད་གཞུང་ཤེས་རིག་པར་ཁང་གསར་འཛུགས་གནང་ཞིང༌། དེའི་ལོ་རྒྱུས་ཞིབ་པ་ཟུར་དུ་གསལ་བས་དེར་གཟིགས།
དེ་རྗེས་ཀྱི་སློབ་དེབ་རྣམས་རྩོམ་སྒྲིག་བྱེད་པོར་སྔར་ལམ་ལྟར་ཆོས་ལུགས་ཁག་གི་བླ་སྤྲུལ་མཁས་དབང་བསྡུ་འགུག་མཛད་ཚེ་ཕོགས་ཐོབ་དང་གཞུང་གྲོན། བཞུགས་གནས། འགོར་ཡུན་བཅས་གང་ཐད་ནས་ཚང་མར་སྐུ་ངལ་ཅི་ཆེ་ཡོང་རྒྱུར་བརྟེན་སྔ་འཕྲོས་ཟིན་བྲིས་ཕྱོགས་སྒྲིག་མཛད་གཙོར་ཛེ་སྨད་རིན་པོ་ཆེ་དང༌། ཕྱག་རོགས་སུ་ཆོས་ལུགས་ཁག་ནས་ཆོས་དོན་ལས་རོགས་སུ་ཡོད་མུས་རྙིང་འཐུས་སྡེ་དགེ་དཔལ་ཡུལ་འཇམ་དཔལ་བློ་གྲོས་དང༌། བཀའ་བརྒྱུད་འཐུས་མི་ཨཱཿཁྲོ་གཞན་ཕན་ཆོས་ཀྱི་ཟླ་བ། ས་སྐྱའི་འཐུས་མི་རྩེད་གཞིས་ཚེ་དབང་རྟ་མགྲིན་བཅས་ལ་བསྐོ་བཞག་མཛད། གོང་གསལ་ཆོས་དོན་ལས་རོགས་རྣམས་ལས་བྲེལ་དབང་གིས་རྟག་བཅར་མི་ཐུབ་པར་བརྟེན་ཛེ་སྨད་རིན་པོ་ཆེའི་ཕྱག་རོགས་སུ་བྲག་གཡབ་ཧོ་ཐོག་ཐུ་བློ་ལྡན་ཤེས་རབ་དང་མཚན་ཞབས་གསེར་ཀོང་ཐུགས་སྲས་བཅས་སུ་བསྐོ་བཞག་གནང་༣༡བ་ལྟར་ཕྱི་ལོ་༡༩༦༡ ལོའི་ལོ་མཇུག་ནས་ཕྱག་ལས་འགོ་འཛུགས་ཀྱིས་འཛིན་གྲྭ་དྲུག་པ་ནས་བཅུ་གཅིག་བར་གྱི་བོད་ཡིག་སློབ་དེབ་རྩོམ་སྒྲིག་དང་སྔོན་དུ་བརྩམས་ཟིན་པའི་གཞི་རིམ་འོག་མའི་སློབ་དེབ་རྣམས་ལ་བསྐྱར་ཞིབ་གནང་ཡང༌། ཕྱིས་སུ་ཛེ་སྨད་རིན་པོ་ཆེར་དགེ་རྒན་འོས་སྦྱོང་གི་འགན་འཛིན་སོགས་ཕྱག་ལས་གནད་ཆེ་མང་པོ་འགན་བསྐུར་གནང་བར་བརྟེན། སློབ་དེབ་འཕྲོ་སྐྱོང་བྱེད་པོར་ཤེས་རིག་རྩོམ་སྒྱུར་ལྷན་ཚོགས་ཁོངས་སུ་རྙིང་འཐུས་དཔལ་ཡུལ་སྤྲུལ་སྐུ་འཇམ་དཔལ་བློ་གྲོས་དང༌། ཆོས་དོན་དྲུང་ཆེ་བཅོ་བརྒྱད་ཁྲི་ཆེན་ཐུབ་བསྟན་ལེགས་བཤད། ཁམས་སྤྲུལ་དོན་བརྒྱུད་ཉི་མ། སིམ་ལའི་ཆོས་དགེ་སེར་སྨད་དགེ་བཤེས་བློ་བཟང་མཐར་ཕྱིན་བཅས་མི་བཞི་ཡོད་པའི་རྩོམ་སྒྲིག་ཚོགས་ཆུང་བསྐོ་བཞག་གནང༌། ཚོགས་ཆུང་དེས་ཕྱི་ལོ་༡༩༦༤ ཟླ་བ་ ༧ ཚེས་ ༤ ནས་ཕྱག་ལས་འགོ་འཛུགས་གནང་སྟེ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་དགོངས་བསྐོར་སྙན་ཞུ་དང༌། འབྲེལ་ཡོད་སློབ་དགེ་ཚོའི་དགོངས་འཆར་དང་ཉམས་མྱོང་བསྡུ་ལེན་ཐོག་སྐབས་དང་པོའི་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གི་མཁས་པ་རྣམས་ཚུད་པའི་མཁས་པ་མང་པོར་གོ་བསྡུར་གྱིས་ཞུ་བཅོས་འཕྲི་སྣོན་གང་འོས་གནང་སྟེ་ལོ་དེ་རང་ནས་འགོ་འཛུགས་ཀྱིས་རིམ་པས་པར་སྐྲུན་གནང༌།
དེ་རྗེས་གཞི་རིམ་སློབ་གྲྭའི་འཛིན་གྲྭ་མཐོ་མཐའ་བཅུ་གཅིག་ནས་བཅུ་གཉིས་སུ་བསྒྱུར་བར་བརྟེན། སྔོན་ཡོད་སློབ་ཚན་ཐོག་རིག་གནས་སྐོར་གསར་བསྣན་གྱིས་ཕྱི་ལོ་༡༩༧༠ ལོར་པར་སྐྲུན་གནང༌།
ཕྱི་ལོ་༡༩༧༢ ལོར་ཤེས་རིག་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད་ཀྱི་འབྲུ་དོན་ལྟར་དེ་སྔ་རྩོམ་སྒྲིག་བྱས་པའི་འཛིན་རིམ་དང་པོ་ནས་དགུ་པ་བར་གྱི་སློབ་དེབ་ཁག་དུས་ཡུན་གང་ཙམ་སོང་སྟབས་བསྐྱར་ཞིབ་དགོས་གལ་གཟིགས་ཏེ་སིམ་ལ་གཏན་སློབ་ཀྱི་སློབ་དགེ་བྱམས་པ་ཆོས་གྲགས་ཀྱི་གཙོ་འགན་འོག དབུས་གཙང་སྤྱི་འཐུས་རི་ཁ་བློ་བཟང་བསྟན་འཛིན་དང༌། རིགས་སློབ་དབུ་དགེ་དགེ་བཤེས་བློ་བཟང་རྒྱ་མཚོ། བོད་ཁྱིམ་ཆོས་དགེ་ཡེ་ཤེས་རྣམ་རྒྱལ་བཅས་ལས་གྲུབ་པའི་ཚོགས་ཆུང་བསྐོ་འཛུགས་ཀྱིས་སྔོན་འགྲོ་ནས་འཛིན་རིམ་དགུ་པ་བར་གྱི་སློབ་དེབ་ལ་རིམ་པས་བསྐྱར་ཞིབ་ཀྱིས་པར་སྐྲུན་གནང༌།
༡༩༨༨ ལོར་ཡང་བསྐྱར་དུས་བསྟུན་བསྐྱར་ཞིབ་དགོས་གལ་གཟིགས་ཏེ་ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱི་འགན་འཛིན་དྲུང་ཆེ་རི་ཁ་བློ་བཟང་བསྟན་འཛིན་དང་སྐུ་སྒེར་ཡིག་ཚང་གི་དྲུང་གཞོན་རྒྱལ་མཚན་བྱམས་པ། བོད་ཕྲུག་ཁྱིམ་སྡེའི་བོད་དགེ་པདྨ་རྡོ་རྗེ། ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སློབ་གྲྭའི་བོད་དགེ་ངག་དབང་ཆོས་གྲགས། ཤེས་རིག་རྩོམ་སྒྲིག་ལས་བྱེད་ཀརྨ་སྨོན་ལམ་བཅས་ལས་གྲུབ་པའི་ལམ་སྟོན་ཚོགས་ཆུང་བསྐོ་བཞག་དང༌། སློབ་དེབ་བསྐྱར་ཞིབ་དང་རྩོམ་སྒྲིག་གི་འགན་ཁུར་ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱིས་གནང་སྟེ་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་སློབ་དེབ་ལ་བསྐྱར་ཞིབ་གནང་ཟིན་པར་ལམ་སྟོན་ཚོགས་ཆུང་གིས་བསྐྱར་ཞིབ་དང་ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་གནང༌།
༡༩༩༣ ལོར་བཀའ་བློན་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དང༌། སྐུ་སྒེར་དྲུང་ཆེ་རྟ་ར་བ་བསྟན་འཛིན་ཆོས་ཉིད། བཀའ་ཟུར་དབང་འདུས་རྡོ་རྗེ། ཐོན་ཟུར་བློ་བཟང་བསྟན་འཛིན་སོགས་ལས་གྲུབ་པའི་སློབ་སྟོན་ཚོགས་ཆུང་དང༌། རྩོམ་སྒྲིག་འགན་ཁུར་བ་རི་ཁ་བློ་བཟང་བསྟན་འཛིན་དང༌། རྨང་གཞིའི་རྩོམ་སྒྲིག་ལས་བྱར་འཕགས་མོ་ཚེ་རིང་དང༌། གདུགས་དཀར་འབུམ། མགོན་པོ་ཚེ་རིང༌། བཀྲ་ཤིས་དོན་གྲུབ་བཅས་བསྐོ་བཞག་གནང་བ་ལྟར། འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་དེབ་ལ་བསྐྱར་ཞིབ་ཀྱིས་སྐད་ཡིག་དང་རྒྱལ་རབས་སློབ་དེབ་གསར་སྒྲིག་དང༌། རིགས་ལམ་དང་ནང་ཆོས། ཆོས་འབྱུང་བཅས་ལ་སྣོན་འཕྲི་ཕྲན་བུ་བཅས་བྱས་ཏེ་ ༡༩༩༣ ལོར་ཚོད་བལྟའི་ངོ་བོར་འགྲེམས་སྤེལ་དང༌། ༡༩༩༤ ལོར་གཏན་འབེབས་དང་སྦྲགས་གོང་གསལ་འཛིན་རིམ་རྣམས་ལ་སློབ་ཁྲིད་ཀྱི་དཔྱད་གཞིའི་དགེ་རྒན་ལག་དེབ་རེ་རྩོམ་སྒྲིག་གནང༌།
༡༩༩༦ ལོར་བཀའ་ཤག་གིས་སྔོན་འགྲོ་ནས་སློབ་རིམ་ཚང་མའི་བོད་ཡིག་སློབ་དེབ་ཡོངས་རྫོགས་རིམ་པས་བསྐྱར་ཞིབ་གནང་རྒྱུ་གཏན་འཁེལ་གྱིས་ཚོགས་གཙོར་མཁས་དབང་ཟམ་གདོང་རིན་པོ་ཆེ་དང༌། བཀའ་བློན་ཨ་ལགས་ཙ་ཡུས་བསྟན་འཛིན་དཔལ་འབར། ཤེས་རིག་རྩོམ་སྒྲིག་འགན་འཛིན་ལས་རོགས་ཀརྨ་སྨོན་ལམ། བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་འགན་འཛིན་ངག་དབང་རྡོ་རྗེ། ནོར་གླིང་མཐོ་སློབ་སློབ་སྤྱི་ཨ་ཙཱརྱ་བློ་བཟང་རྒྱལ་མཚན། བོད་སློབ་འཛིན་ཚོགས་སློབ་གྲྭའི་བོད་དགེ་ཚེ་བརྟན་བཀྲ་ཤིས་དང་ཟླ་བ་བཀྲ་ཤིས་ཕྱིས་སུ་ཨ་ཙཱརྱ་བློ་བཟང་རྒྱལ་མཚན་བོད་དུ་ཕེབས་པ་དང་ཨ་ལགས་ཙ་ཡུས་དགོངས་པ་རྫོགས་པར་བརྟེན། ཕྱི་ལོ་༡༩༩༩ ལོར་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པདྨ་རྡོ་རྗེ་དང་བོད་སློབ་འཛིན་ཚོགས་སློབ་གྲྭའི་བོད་དགེ་ངག་དབང་ཆོས་གྲགས། བོད་དགེ་ཕུན་ཚོགས་ཚེ་རིང་བཅས་ལ་ཚོགས་མི་ཁ་སྣོན་དུ་བསྐོ་བཞག་བྱས།བཅས་ཡོད་པའི་ཆེས་མཐོའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་བསྐོ་བཞག་གནང་བ་ལྟར། ཚོགས་ཆུང་གིས་ལས་རིམ་བསྒྲིགས་རྗེས་ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱིས་རྐང་འགན་བླངས་ཏེ་བཙན་བྱོལ་སློབ་གྲྭ་ཁག་གི་བོད་དགེ་དང་སློབ་ཕྲུག མཁས་དབང་བཅས་ཀྱི་བསམ་ཤོག་བསྡུ་རུབ་གནང་མཇུག་འཛིན་རིམ་དང་པོ་དང་གཉིས་པའི་སློབ་དེབ་ལ་བསྐྱར་ཞིབ་གནང་སྟེ་ཕྱི་ལོ་༡༩༩༨ ནས་༢༠༠༠ བར་གྱི་དུས་ཡུན་ནང་པར་འགྲེམས་གནང༌། དེ་རྗེས་འཛིན་རིམ་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ཀྱི་སློབ་དེབ་དགུ་ལ་བསྐྱར་ཞིབ་གནང་སྟེ་གཙོ་བོ་སྐད་ཡིག་སློབ་ཚན་མང་དུ་བཏང་སྟེ་སྐད་ཡིག་གི་གནས་ཚད་གཏིང་ཚུགས་པ་བྱུང་ན་རྒྱལ་རབས་ཆོས་འབྱུང་སོགས་ཤེས་བདེ་བའི་དགོངས་འཆར་བྱུང་བ་གཞི་བཟུང་སྔར་གྱི་རྒྱལ་རབས་ཆོས་འབྱུང་དང༌། རིགས་ལམ་ནང་ཆོས་ཀྱི་སློབ་དེབ་གཉིས་ཡོད་པ་གཅིག་ཏུ་བསྒྲིགས་ཏེ་ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་ཀྱིས་པར་སྐྲུན་གནང༌། དེ་ནས་བཟུང་ཡིག་རྒྱུགས་སྐབས་སུའང་སྐད་ཡིག་ལ་བརྒྱ་ཆ་ ༦༠ བཞག་ཡོད། གོང་གསལ་རྣམས་ནི་བོད་ཀྱི་སྐད་ཡིག་དང་རྒྱལ་རབས་ཆོས་འབྱུང༌། རིགས་ལམ་ནང་ཆོས་བཅས་གཙོ་བོ་སྲོལ་རྒྱུན་གྱི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་སློབ་དེབ་སྐོར་ཡིན།
དེང་རབས་ཚན་རིག་སོགས་ཀྱི་སློབ་ཚན་ཡོངས་རྫོགས་རིམ་པས་བོད་སྐད་དུ་ཕབ་སྒྱུར་བྱ་དགོས་སྐོར་ྋགོང་ས་མཆོག་བཙན་བྱོལ་དུ་ཕེབས་མ་ཐག་ནས་བཀའ་སློབ་ལམ་སྟོན་རིམ་ཅན་དུ་ཕེབས་པ་ལྟར། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནང་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་བོད་ཀྱི་རིག་གཞུང་གོང་སྤེལ་རྩོམ་སྒྱུར་ལྷན་ཚོགས་གསར་འཛུགས་ཀྱིས་ཕྱག་ལས་འགོ་འཛུགས་གནང་ཡང༌། མི་རིང་བར་ལྷན་ཚོགས་དེ་ལྡི་ལི་བོད་ཁང་ཁོངས་སུ་ཟླ་བསྒྲིལ་གནང་སྟེ་སློབ་ཚན་བསྒྱུར་རྒྱུའི་འཆར་གཞི་རྣམས་འཇའ་ཡལ་བ་ལྟར་གྱུར། ཕྱི་ལོ་༡༩༧༩ ལོར་ཤེས་རིག་ལས་ཁུངས་སུ་ཚན་རིག་གི་ཐ་སྙད་གཙོ་གྱུར་ཕྱིའི་མིང་ཚིག་བོད་སྐད་དང་ཤན་སྦྱར་གྱི་ཚིག་མཛོད་གསར་བསྒྲིགས་ཀྱི་ལས་འགོ་བརྩམས་ཤིང༌། ༡༩༨༥ ལོར་ཤེས་རིག་ཚོགས་ཆེན་ཐོག་ྋགོང་ས་མཆོག་ནས་བཀའ་སློབ་ནན་ཕེབས་ལྟར་ཤེས་རིག་གིས་ཁྱབ་ཁོངས་སློབ་དགེ་ཁག་ཅིག་ལ་ཚན་རིག་སོགས་ཀྱི་སློབ་ཚན་བོད་སྒྱུར་གནང་རྒྱུའི་འགན་དཀྲི་གནང་བ་དང་དུས་མཚུངས་དྷ་ས་བོད་ཁྱིམ་ནས་ཀྱང་ཕབ་སྒྱུར་གནང་འགོ་བཙུགས་པར་བརྟེན། ལས་དོན་ཉིས་ཟློས་མི་དགོས་པའི་ཆེད་དུ་ཤེས་རིག་ནས་གནང་མུས་རྣམས་བོད་ཁྱིམ་དང་ཟླ་བསྒྲིལ་གྱིས་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་ཤེས་རབ་རྒྱ་མཚོ་དང་དགའ་གཞོན་པདྨ་ཚེ་རིང༌། པདྨ་རྡོ་རྗེ། ངག་དབང༌། ཕུན་རབ་ཆོས་བཟང༌། ངག་དབང་རྡོ་རྗེ། ཚེ་རིང་བཀྲ་ཤིས། ཚེ་དབང་རྡོ་རྗེ། འཇམ་དཔལ་ཕུན་ཚོགས། ལྷ་དབང་དངོས་གྲུབ། གནམ་ལྷ་བཅས་ཀྱིས་ཚན་རིག་དང་སྤྱི་ཚོགས་རིག་གནས་ཀྱི་སློབ་དེབ་འཛིན་གྲྭ་ལྔ་པ་བར་ཕབ་སྒྱུར་གནང་བར་ཤེས་རིག་ལས་ཁུངས་ཀྱིས་ཆེད་འཛུགས་བསྐྱར་ཞིབ་ཚོགས་ཆུང་གིས་ཞུ་དག་དང་བསྐྱར་ཞིབ་གནང་སྟེ་བོད་ཁྱིམ་ནས་པར་སྐྲུན་བྱས།
དེ་བཞིན་ཨང་རྩིས་སློབ་དེབ་འཛིན་གྲྭ་དང་པོ་དང་གཉིས་པ་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱིས་ཕབ་སྒྱུར་དང་པར་སྐྲུན་གནང་ཡོད་ཀྱང་འཛིན་གྲྭ་གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱི་ཨང་རྩིས་སློབ་དེབ་མ་བསྒྱུར་བར་ནར་ལུས་སོང་ཞིང༌། ཤེས་རིག་ནས་ཕྱི་ལོ་༡༩༩༦ ལོར་བོད་ཁྱིམ་ལ་མུ་མཐུད་བསྒྱུར་རོགས་ཞེས་རེ་སྐུལ་ཞུས་ཀྱང་ཞལ་བཞེས་མ་བྱུང་བར་བརྟེན། ཤེས་རིག་དང་བོད་ཁྱིམ་གྱི་གྲོས་ཆོད་གཞི་བཟུང་ཤེས་རིག་ལས་ཁུངས་ཀྱིས་༡༩༩༧ ལོར་ཤེས་རིག་ལས་བྱེད་བཀྲ་ཤིས་དོན་གྲུབ་དང་དྷ་ཤོད་བོད་ཁྱིམ་གྱི་རྩིས་དགེ་ངག་དབང་རྡོ་རྗེ། སིམ་ལ་གཏན་སློབ་ཀྱི་ཨང་རྩིས་དགེ་རྒན་པདྨ་རྒྱལ་མཚན། སྦིར་བོད་དགེ་སྐལ་བཟང་དགྲ་འདུལ་བཅས་ལས་གྲུབ་པའི་ཚོགས་ཆུང་ཆེད་འཛུགས་ཀྱིས་འཛིན་གྲྭ་གསུམ་པ་ནས་ལྔ་པ་བར་གྱི་ཨང་རྩིས་སློབ་དེབ་ཆ་ཚང་རྩོམ་སྒྱུར་དང་གཏན་འབེབས་བྱས། དེ་རྗེས་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་ནས་ཀྱང་དེ་བཞིན་ལོགས་སུ་ཨང་རྩིས་སློབ་དེབ་རྩོམ་སྒྱུར་དང་པར་སྐྲུན་གནང་ཡོད།
ཕྱི་ལོ་༢༠༠༢ ནས་བཟུང་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་བཀྲ་ཤིས་དོན་འགྲུབ་ཀྱི་འགན་ཁུར་འོག་སྔོན་ཡོད་ཨང་རྩིས་སློབ་དེབ་ཡོངས་ལ་བསྐྱར་ཞིབ་དང་སིམ་ལ་གཏན་སློབ་ཀྱི་དགེ་རྒན་པདྨ་རྒྱལ་མཚན་གྱིས་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་ཨང་རྩིས་སློབ་དེབ་བོད་སྐད་དུ་ཕབ་སྒྱུར་བྱས་ཤིང༌། ༢༠༠༦ ལོར་ཤེས་རིག་གི་ལས་གཞིའི་འོག་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་འཛིན་གྲྭ་དྲུག་པའི་ཚན་རིག་སློབ་དེབ་བོད་སྒྱུར་གནང་བ་དང༌། ཕྱི་ལོ་༢༠༠༧ ལོར་ཤེས་རིག་ལས་བྱེད་ཆུང་ཚེ་རིང་དང་དཔལ་ལྡན་རྡོ་རྗེས་འཛིན་གྲྭ་བདུན་པ་དང་བརྒྱད་པའི་ཚན་རིག་སློབ་དེབ་བོད་སྐད་དུ་ཕབ་སྒྱུར་དང་པར་སྐྲུན་བྱས་ཡོད།།


༥༽   དགེ་རྒན་འོས་སྦྱོང༌།

གཏན་ཉིན་སློབ་གྲྭ་ཁག་གི་དབྱིན་ཧིན་དང་ཚན་རིག་སོགས་ཀྱི་དགེ་རྒན་ནི་ཐོག་མར་རྒྱ་གར་བ་སོགས་ཕྱི་མི་ཐབས་འཚོལ་གྱིས་གནང་བ་དང་ཆབས་ཅིག་བོད་ཕྲུག་ཤེས་ཚད་གང་ཙམ་ཡོད་པ་མང་པོར་དགེ་འོས་སློབ་ཡོན་གནང་སྟེ་རྒྱ་གར་ནང་ཡོད་པའི་འོས་སྦྱོང་ཁང་ཁག་ཏུ་སློབ་གཉེར་དུ་བཏང་སྟེ་དགོས་མཁོ་སྐོང་ཐབས་གནང༌། བོད་ཀྱི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་དགེ་རྒན་ཐད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་བཞིན་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་༡༩༦༣ ཟླ་ ༧ ཚེས་ ༨ ཉིན་པན་ཇབ་རྫོང་ཁོངས་ཀང་ར་ཕྱིས་སུ་དྷ་ཤོད་དུ་སྤོས་འདུགཞེས་པར་གནས་ཚད་ལྡང་ངེས་ཡོད་པའི་ཆོས་ལུགས་རིས་མེད་ཀྱི་གྲྭ་གྲངས་༣༠ ལ་ལོ་གཅིག་དང་ཟླ་བ་དྲུག་རིང་དགེ་རྒན་འོས་སྦྱོང་སྤྲད་ཅིང༌། འགོ་འཛིན་ཛེ་སྨད་རིན་པོ་ཆེ་མཆོག་དང༌། དེང་རབས་ཀྱི་སློབ་ཁྲིད་ཐབས་ལམ་སློབ་མཁན་དུ་ཁེ་ན་ཌའི་ལྕམ་འཇུ་ཌི་ལགས་བསྐོ་བཞག་བྱས། དེ་ཡང་ཞོགས་པ་ཆུ་ཚོད་ ༨ ནས་དགོང་དྲོ་ ༡༠།༣༠ བར་འོས་སྦྱོང་ཚུགས་ཤིང༌། འོས་སྦྱོང་གི་མཇུག་ཏུ་ཉེ་འཁོར་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ཏུ་སློབ་ཁྲིད་སྦྱོང་བརྡར་བྱེད་པར་བཏང་ནས་ཡིག་རྒྱུགས་དང་ངག་རྒྱུགས། སློབ་ཁྲིད་ལག་ལེན་བཅས་ཀྱི་རྒྱུགས་ལེན་བྱས་ཏེ་སློབ་གྲྭ་ཁག་ཏུ་བསྐོ་གཏོང་བྱས། ༡༩༦༥ ཟླ་ ༤ ཚེས་ ༨ ནས་བཟུང་ཡང་བསྐྱར་བཙུན་མ་གཉིས་ཚུད་པའི་ཆོས་ལུགས་རིས་མེད་ཀྱི་མི་གྲངས་ ༢༦ གྲངས་ ༢༥ གསལ་བའང་འདུག་ལ་སྐབས་གཉིས་པའི་དགེ་རྒན་འོས་སྦྱོང་གོང་གསལ་དང་མཚུངས་པ་སྤྲད། ཡིག་རྒྱུགས་ཁག་ལ་རྟོག་ཞིབ་གནང་མཁན་དུ་ྋགོང་ས་མཆོག་གི་ཕྱག་རྟགས་དགོངས་དོན་ཆོས་དོན་སྐུ་ཚབ་བཀའ་བློན་ཕྱག་རོགས་མཚན་ཞབས་གསེར་ཀོང་རིན་པོ་ཆེ་མཆོག་དང༌། ཤེས་རིག་སྐུ་ཚབ་བཀའ་བློན་ཕྱག་རོགས་བར་ཞི་བ། དགེ་འོས་སློབ་སྤྱི་ཛེ་སྨད་རིན་པོ་ཆེ་བཅས་ནས་གནང༌། དགེ་རྒན་འོས་སྦྱོང་འདི་མཇུག་སྒྲིལ་རྗེས་གནས་སྐབས་འོས་སྦྱོང་གོ་སྒྲིག་གནང་མཚམས་བཞག དེ་རྗེས་ཝཱ་ཎ་མཐོ་སློབ་དང་ས་རཱ་མཐོ་སློབ། བོད་ཁྱིམ་བཅས་སུ་རིགས་མི་འདྲ་བའི་དགེ་རྒན་འོས་སྦྱོང་སྣ་མང་གོ་སྒྲིག་བྱས་ཡོད་པ་རྣམས་ལོ་དུས་སོ་སོའི་གནས་ཚུལ་ལ་གཟིགས་ན་རོབ་ཙམ་མཁྱེན་རྟོགས་ཐུབ་ངེས།།

༦༽   ཤེས་རིག་ཟློས་གར།

ཕྱི་ལོ་༡༩༥༩ ཕྱི་ཟླ་༨ ཚེས་ ༡༡ ཉིན་ཀ་སྦུག་ཏུ་བོད་ཀྱི་ཟློས་གར་ཚོགས་པ་གསར་འཛུགས་ཟིན་པ་དེས་མ་སུ་རིར་ཆེད་བཅར་གྱིས་ྋགོང་ས་མཆོག་ལ་གཟིགས་ཕུད་ཕུལ་བར། ཐུགས་དགྱེས་མཉེས་ཆེན་པོས་ཟློས་གར་ཚོགས་པ་འདི་བཞིན་ཚགས་ཚུད་རྒྱུན་གནས་ཆེད། གཏན་འཇགས་གནས་ཡུལ་བཞུགས་སྒར་དྷ་རམ་ས་ལར་སྤོ་དགོས་བཀའ་ཕེབས་པ་ལྟར། འཛིན་སྐྱོང་འགན་འཛིན་དང༌། གར་རོལ་དགེ་རྒན། འཁྲབ་སྦྱོང་དགེ་རྒན་འཁྲབ་སྟོན་པ་བཅས་ཁྱོན་ཕོ་མོ་༢༦ བཅར་བའི་ཐོག ཁ་སྣོན་དུ་ཤེས་རིག་ལས་ཁུངས་ནས་ཟུར་གསོག་སློབ་གྲྭ་དང་བུ་གསོ་ཁང་ནས་ཆ་རྐྱེན་ཚང་བའི་བུ་དང་བུ་མོ་ ༡༨ གཞུང་དམག་ཁོངས་ནས་དུང་པ་ལོ་གཞོན་ ༥ བཅས་སྡེབ་གཅིག་ལ་གསར་འཇུག་བྱས། ཐོག་མའི་འགྲོ་གྲོན་གཏོང་དམིགས་སུ་ྋགོང་ས་མཆོག་ནས་གསོལ་རས་ཧིན་སྒོར་༤༦༩༩༥ དང་རྒྱ་གར་གཞུང་ནས་ཧིན་སྒོར་༡༥༠༠༠ དབུས་སྐྱོབ་གསོ་ལས་ཁུངས་ནས་ཟ་འབྲུ་དང་སྐབས་རེ་གོས་ཕོགས་གནང་གི་ཡོད་པའི་འཕྲོས་འགྲོ་གྲོན་ཡོངས་རྫོགས་ཤེས་རིག་ལས་ཁུངས་ནས་ཐབས་འཚོལ་གྱིས་གོ་སྒྲིག་གནང༌། ཤེས་རིག་ཟློས་གར་གྱི་འཛིན་སྐྱོང་དབུ་འཛིན་དུ་ཤེས་རིག་བཀའ་བློན་གྱི་ཕྱག་རོགས་ཁེ་སྨད་བསོད་ནམས་དབང་འདུས་བསྐོས་པ་ལྟར། སྐབས་ཤིག་རིང་ཟློས་གར་རང་དུ་གཏན་འཇགས་བཞུགས་ཏེ་འགོ་ལས་ཚང་མས་འཛིན་སྐྱོང་དང་གར་རོལ་འཁྲབ་སྦྱོང་གི་ལས་དོན་ཁག འཁྲབ་བྱའི་གཞུང་གི་མི་སྣའི་ཆས་གོས་དང༌། བོད་ཀྱི་ཡུལ་ཕྱོགས་སོ་སོའི་འཁྲབ་ཆས་གསར་བཟོ་སོགས་ཀྱི་ལས་དོན་ཡོངས་བོད་རང་གི་སྔར་སྲོལ་ཁུངས་དག་རྒྱུན་འཛིན་ཐོག གསར་བརྩམས་གཞས་ཚིག་ཁག་ཀྱང༌། ྋགོང་ས་མཆོག་གི་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ལྟ་བུའི་མཁས་པ་ཚད་ལྡན་མང་པོར་འབོད་སྐུལ་གྱིས་བརྩམས་སྟབས་ཚིག་དོན་གང་ཐད་ནས་སྙན་འཇེབས་ཡིད་དབང་འཕྲོག་པ་བྱུང༌། འཁྲབ་སྟོན་ལ་མཚོན་ནའང༌། བཞུགས་སྒར་དྷ་རམ་ས་ལར་གཞུང་གི་འཆར་འཕར་མཛད་སྒོ་ཁག་དང༌། དུས་ཆེན་ཁག་ལ་གཟིགས་འབུལ་ཐོག རྒྱ་བལ་ཁུལ་གྱི་བོད་མིའི་གཞིས་སྒར་ཁག་དང༌། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཟློས་གར་གྱི་སྒྱུ་རྩལ་འཁྲབ་སྟོན་གཟིགས་འབུལ་དང༌། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་གར་རོལ་དགེ་རྒན་གྱི་དམིགས་སྒོ་གསོ་སྐྱོང་དང༌། དེ་དག་ལ་སྐབས་མཚམས་སོ་སོར་ཟབ་སྦྱོང་སྤྲོད་པ་སོགས་ཀྱི་འགན་ཁུར་བཞེས། ཕྱི་ལོ་༡༩༩༠ ཟླ་༡༡ ཚེས་ ༢༢ ནས་གོང་རིམ་གྱིས་བཀོད་སྒྲིག་བསྐྱར་མ་གནང་སྟེ། ཤེས་རིག་ཟློས་གར་དེ་བཞིན་བོད་གཞུང་ཆོས་རིག་ལས་ཁུངས་ཁོངས་བཞག་པ་ལྟར། ད་ལྟ་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་ཡིན་པས། ཞིབ་ཕྲའི་ལོ་རྒྱུས་ཟློས་གར་རང་ནས་གསར་བསྒྲིགས་གནང་མུས་ནས་གསལ་རྟོགས་ཐུབ་ངེས།།


༧༽     ཤེས་རིག་པར་ཁང་གསར་འཛུགས།

སློབ་དེབ་པར་སྐྲུན་གྱི་དགོས་མཁོར་ཤེས་རིག་ལས་ཁུངས་ཀྱིས་ཐོག་མར་ལྡི་ལིར་ཆོས་དོན་ལས་ཟུར་ཨོ་རྒྱན་ཚེ་རིང་དང༌། གཞུང་ཞབས་བགྲེས་ཡོལ་སྐལ་བཟང་དབང་ཕྱུག་གཉིས་ཆེད་གཏོང་གིས་པར་སྐྲུན་ལག་རྩལ་སློབ་སྦྱོང་བྱེད་དུ་བཅུག་པ་ཕྱིར་འཁོར་མཚམས་ཕྱི་ལོ་༡༩༦༡ ལོའི་ཟླ་༥ ཚེས་༢༣ ཉིན་ཤེས་རིག་པར་ཁང་གསར་འཛུགས་བྱས། པར་ཁང་དེ་བཙུགས་པ་ནས་བཟུང་ད་བར་སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་བར་གྱི་སློབ་དེབ་ཆ་ཚང་པར་སྐྲུན་འགྲེམས་སྤེལ་ཐོག བོད་མིའི་སྤྱི་ཚོགས་ནང་དགོས་མཁོའི་མདོ་སྔགས་རིག་གནས་ཀྱི་དཔེ་ཚན་སྣ་མང་པར་སྐྲུན་ཞུས་པ་དཔེར་ན། ལྷ་ཞོལ་པར་མའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང༌། སྡེ་དགེ་པར་མའི་བསྟན་འགྱུར་ཆེན་མོ་ཆ་ཚང༌། དེ་མིན་རྒྱལ་རབས་ཆོས་འབྱུང་དང་འཁྲུངས་རབས་རྣམ་ཐར། སྙན་ངག་སུམ་རྟགས། ལམ་རིམ་དང་བློ་སྦྱོང་སོགས་དཔེ་དེབ་སྣ་མང་པར་སྐྲུན་བྱས་ཡོད། པར་ཁང་གི་ཞིབ་ཕྲའི་ལོ་རྒྱུས་སྡེ་ཚན་ལོགས་སུ་བཀོད་ཡོད་པས་དེར་གཟིགས།

༨༽     རྒྱ་གར་ནང་གི་སྒེར་སློབ་ཏུ་བོད་ཕྲུག་སློབ་འཇུག

ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་དང་བདུན་ཅུ་དོན་གྲངས་ནང་སློབ་ཕྲུག་མང་བ་དང་སློབ་གྲྭ་ཉུང་བའི་གནས་སྟངས་འོག་སློབ་ལོ་སོན་པ་ཚང་མ་སློབ་འཇུག་བྱེད་ཐུབ་ཀྱི་མེད། དཀའ་ངལ་དེ་རིགས་རོགས་ཚོགས་ཁག་གིས་ཤེས་རྗེས་རོགས་ཚོགས་དེ་དང་འབྲེལ་ཡོད་ཀྱི་ཡི་ཤུའི་སློབ་གྲྭ་གཙོ་གྱུར་སློབ་གྲྭ་ཁ་ཤས་ནང་བོད་ཕྲུག་སློབ་འཇུག་གི་གོ་སྐབས་གནང་བ་དང༌། དེ་བཞིན་སློབ་གྲྭ་ཁ་ཤས་ལ་ཤེས་རིག་ལས་ཁུངས་ཀྱིས་འབྲེལ་གཏུགས་རེ་སྐུལ་ཞུས་པ་སོགས་རྒྱུ་མཚན་སྣ་ཚོགས་དབང་གིས་སློབ་གྲྭ་དེ་རིགས་ནང་བོད་ཕྲུག་མང་པོ་ཞིག་ལོ་ལྟར་སློབ་འཇུག་བྱེད་ཐུབ་པ་བྱུང་བར་མ་ཟད། སློབ་གྲྭ་ཁ་ཤས་ནང་བོད་དགེ་བསྐོ་བཞག་བྱས་ཏེ་བོད་ཀྱི་སྐད་ཡིག་རིག་གཞུང་ཡང་སློབ་ཁྲིད་བྱེད་ཐུབ་པ་བྱུང་ཡོད། སྐབས་དེའི་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ནང་སློབ་གྲྭ་འདི་རིགས་ལ་སྒེར་སློབ་ཅེས་སྡེ་ཚན་ཟུར་དུ་ཕྱེ་འདུག་ཅིང༌། སློབ་གྲྭ་དེ་རིགས་ཁྱོན་ག་ཚོད་བྱུང་བ་དང་དེ་ཚོའི་ནང་ཡང་སྙིང་བོད་ཕྲུག་ག་ཚོད་བཏང་ཡོད་མེད་ཀྱི་གྲངས་ཐོ་ཆ་ཚང་བལྟ་འཚོལ་མ་ཐུབ་ཀྱང་འདིར་དཔེ་མཚོན་ཙམ་ཞུས་ན།
དང་པོ། བོད་ཕྲུག་བཏང་བའི་སྒེར་སློབ་ཀྱི་ཐོ་གཞུང་གང་རྙེད་ངོ་འཕྲོད་བདེ་བའི་ཆེད་དུ་དབྱིན་ཡིག་ནང་ཕྱོགས་གཅིག་ཏུ་བཀོད་པ་གཤམ་གསལ།

1.    B.M.M.F Girl’s School Bulandshar.
2.    Banasthali Vidyapith, Rajasthan.
3.    Church of Northern India, Dehradun.
4.    Kalakshetra, Madras.
5.    Kimmin’s High School, Panchgani.
6.    Waverley Convent, Mussoorie.
7.    Dasis High School, Hyderabad.
8.    Stanes High School, Coonoor.
9.    St. Joseph’s College (School Dept), Darjeeling.
10.    Sophia Girl’s Covent, Sahranpur.
11.    Wynberg Allen School, Mussoorie.
12.    Baldwin girl’s High School, Bangalore.
13.    St. Xavier’s High School, Jaipur.
14.    All Saint’s School, Nainital.
15.    Seventh Day Adventist School, Roorkee.
16.    St. Joseph of Cluny, Pondicharry.
17.    St. Philomena’s High School, Mysore.
18.    St. Hilda’s High School, Ootacamund
19.    Sherwood College, Nainital
20.    Cambrian Hall School, Dehradun.
21.    Dr Graham’s Homes, Kalimpong.
22.    Mt. Carmen School, Dehradun.
23.    St George’s College, Mussoorie.
24.    Mussoorie Public School, Mussoorie.
25.    Green Vale School, Dehradun.
26.    Nirmala Convent, Mysore.
27.    Welham Girl’s High School, Dehradun.
28.    St. Joseph’s Academy, Dehradun.
29.    St. John’s High School, Bangalore.
30.    Goethal Memorial School, Kurseong.
31.    Mahadevi Kaya Barshala, Dehradun.
32.    Modern School, Mussoorie.
གཉིས་པ། གོང་གསལ་སྒེར་གྱི་སློབ་གྲྭ་ཁག་ནང་བོད་ཕྲུག་བཏང་བའི་དཔེ་མཚོན།

༡༩༧༢ ལོར་གོང་གསལ་སློབ་གྲྭ་ཁག་གི་སྔོན་འགྲོའི་འཛིན་གྲྭའི་ནང་བོད་ཕྲུག ༣ དང༌། འཛིན་གྲྭ་དང་པོར་ ༢༡ གཉིས་པར་ ༤༦ གསུམ་པར་ ༦༢ བཞི་པར་ ༦༤ ལྔ་པར་ ༦༡ དྲུག་པར་ ༤༢ བདུན་པར་ ༥༥ བརྒྱད་པར་ ༤༦ དགུ་པར་ ༥༡ བཅུ་པར་ ༥༩ བཅུ་གཅིག་པར་ ༣༨ ཁྱོན་བསྡོམས་ ༥༤༨ ཡོད་འདུག་ཅིང༌།
༡༩༧༣ ལོར་གོང་གསལ་སློབ་གྲྭ་ཁག་གི་སྔོན་འགྲོའི་འཛིན་གྲྭའི་ནང་བོད་ཕྲུག ༧ དང༌། འཛིན་གྲྭ་དང་པོར་ ༢༢ གཉིས་པར་ ༢༥ གསུམ་པར་ ༤༣ བཞི་པར་ ༥༧ ལྔ་པར་ ༣༤ དྲུག་པར་ ༥༠ བདུན་པར་ ༥༡ བརྒྱད་པར་ ༦༢ དགུ་པར་ ༤༤ བཅུ་པར་ ༣༠ བཅུ་གཅིག་པར་ ༡༧ ཁྱོན་བསྡོམས་ ༤༨༢ ཡོད་འདུག
༡༩༧༤ ལོར་གོང་གསལ་སློབ་ཁག་གི་སྔོན་འགྲོའི་ནང་བོད་ཕྲུག ༡༡ དང༌། འཛིན་གྲྭ་དང་པོར་ ༢༥ གཉིས་པར་ ༢༩ གསུམ་པར་ ༤༠ སོགས་ཁྱོན་བསྡོམས་ལོ་དེར་སློབ་ཕྲུག ༤༦༥ འདུག་པའི་ཐོག་ནས་སྐབས་དེའི་སློབ་གྲྭ་དེ་རིགས་ནང་བོད་ཕྲུག་ཇི་ཡོད་ཀྱི་གནས་སྟངས་ཟུར་བལྟས་ལེབ་མཐོང་ཐུབ་ངེས།
སྒེར་སློབ་འདི་རིགས་ནང་བོད་ཕྲུག་གཏོང་མཚམས་བརྒྱད་ཅུ་གྱ་གྲངས་ནང་མཚམས་བཞག་འདུག་ཅིང༌། དེང་སྐབས་ཕྱི་དྲིལ་དྲུང་ཆེ་གནང་བཞིན་པ་ཐུབ་བསྟན་བསམ་འཕེལ་ལགས་དང༌། མཁས་དབང་ཟླ་བ་ནོར་བུ། བཀའ་བློན་བསྟན་པ་ཚེ་རིང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྷ་བཟང་ཚེ་རིང༌། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་དང་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་ཟུར་པ་ངག་དབང་རྡོ་རྗེ། ཤེས་རིག་དེང་རབས་ཤེས་ཡོན་ཚན་པའི་འགན་འཛིན་རི་ཁ་བཀྲ་ཤིས་ནོར་བུ་སོགས་སློབ་གྲྭ་འདི་དག་ནས་ཐོན་པ་ཡིན་འདུག


༩༽     ཕྱི་རྒྱལ་དུ་སློབ་སྦྱོང༌། (༡༩༦༨ བར)

ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནང་སུད་སི་དང་འཇར་མན་སོགས་ལ་བོད་ཕྲུག་སློབ་གཉེར་ཆེད་བཏང་བ་གང་ཙམ་བྱུང་ཡོད་པའི་གྲངས་ཐོ་ཞིབ་ཕྲ་ད་ལྟ་ཞིབ་འཇུག་མ་ཐུབ་ཀྱང་ཕྱི་ལོ་ ༡༩༦༨ ལོའི་དཔེ་མཚོན་ཙམ་ཞུས་ན།

སུད་སི།  སུད་སིའི་ཁྱིམ་ཚང་སྒེར་པ་ཁག་གིས་བོད་རིགས་དྭ་ཕྲུག་ ༡༦༠ སུད་སིར་བླངས་ཏེ་བུ་ཚབ་ཏུ་ཉར་ཞིང༌། དེ་དག་སུད་སིའི་ནང་གི་སློབ་གྲྭ་ཁག་ཏུ་འགྲོ་མུས་ཐོག་ཟླ་རེར་བོད་གཞུང་གིས་ཆེད་གཉེར་གནང་བའི་བོད་རིགས་མཁས་པས་སུད་སིའི་གྲོང་བརྡལ་ཁག་བཞིའི་ནང་རིམ་འཚོགས་གནང་མུས་འཛིན་གྲྭར་ཐེངས་རེ་བཅར་གྱི་ཡོད། དེ་བཞིན་སུད་སིའི་གྲོང་ཁྱེར་ཏྲེ་གེན་གྱི་པེ་སེ་ཊོལ་ལོ་ཇིའི་བོད་ཁྱིམ་(Pestalozzi Children’s Village in Trogen)ཞེས་པའི་བུ་ཁྱིམ་ནང་བོད་ཁྱིམ་ཞིག་ཆེད་འཛུགས་བྱས་པར་བོད་རིགས་དགེ་ལས་བདུན་གྱི་ལྟ་སྐྱོང་འོག་བོད་པའི་ཕྲུ་གུ་ ༤༤ ཡོད།
ཨིན་ཡུལ། ཨིན་ཡུལ་གྱི་པེ་སེ་ཊོལ་ལོ་ཇིའི་བོད་ཁྱིམ་(Pestalozzi Children’s Village in Seddlescombe, Sussex)ནང་བོད་ཕྲུག ༢༢ ཡོད་ཅིང༌། དེའི་ནང་གི་བོད་ཕྲུག་ལོ་ན་རྒན་པ་རྣམས་འབྲིང་རིམ་སློབ་གྲྭ་དང་ཆུང་བ་རྣམས་སེ་ཌལ་ཁོམ་སློབ་གྲྭའི་(Seddlescomb School)ནང་སློབ་སྦྱོང་བྱེད་ཀྱི་ཡོད། བོད་ཕྲུག་དེ་ཚོར་བོད་རིགས་ཕ་ཚབ་གཅིག་དང་དགེ་རྒན་དགེ་འདུན་པ་གཅིག་གིས་ལྟ་སྐྱོང་བྱེད་ཀྱི་ཡོད།
དེ་བཞིན་ཨིན་ཡུལ་བོད་དོན་ཚོགས་པའི་རོགས་རམ་འོག་སློབ་ཕྲུག་གཅིག་དང༌། ཨོག་ཀན་ཌོན་ ཝན་ཅོར་གྱིས་རོགས་རམ་འོག་སློབ་ཕྲུག་གཉིས་བཅས་མཐོ་རིམ་སློབ་གཉེར་བྱེད་མུས་མ་ཟད། སྨན་ཞབས་ཀྱི་སློབ་སྦྱོང་བྱེད་མཁན་ཡང་གཉིས་ཡོད།
ནུབ་འཇར་མན། འཇར་མ་ནིའི་པེ་སེ་ཊོལ་ལོ་ཇིའི་བོད་ཁྱིམ་(Pestalozzi Children’s Village, Wahlwies)ནང་བོད་རིགས་ཕ་ཚབ་གཅིག་དང་དགེ་རྒན་དགེ་འདུན་པ་གཅིག་གི་ལྟ་སྐྱོང་འོག་བོད་ཕྲུག ༡༤ སློབ་གཉེར་བྱེད་བཞིན་ཡོད།
ཕ་རན་སི། ཕ་རན་སིའི་ཊོན་ནར་རེ་(Tonnerre/Yonne)ཞེས་པའི་ས་གནས་སུ་བོད་རིགས་ཕ་ཚབ་གཅིག་དང་དགེ་རྒན་དགེ་འདུན་པ་གཅིག་གི་ལྟ་སྐྱོང་འོག་བོད་ཕྲུག ༢༠ སློབ་གཉེར་བྱེད་བཞིན་ཡོད།
ཌན་མག ཕྱི་ལོ་ ༡༩༦༠ ནས་ ༡༩༦༤ བར་ཀོ་པེན་ཧེ་གན་ཉེ་འགྲམ་ཨལ་ས་གྷར་དེར་(Aalsgarde, near Copenhagen)བོད་ཕྲུག༌༢༠ ཚང་མ་བུ་རེད་གཞི་རིམ་གྱི་སློབ་སྦྱོང་བྱས་ཤིང༌། དེ་རྗེས་དེའི་ཁོངས་༡༥ ལས་རིགས་སློབ་སྦྱོང་དུ་ཞུགས་པ་དང་སློབ་ཕྲུག་ ༢ ཕྱི་ལོ་༡༩༦༦ ལོའི་ལོ་སྟོད་དུ་རྒྱ་གར་དུ་ཕྱིར་ལོག་བྱས། སློབ་ཕྲུག༌༣ ལ་ནོར་ཝེ་དུ་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་ཐོབ། དེ་འཕྲོས་རྣམས་༡༩༦༦ ལོ་མཇུག་ཏུ་རྒྱ་གར་ལ་ཕྱིར་ལོག་བྱས་ཏེ་མའི་སོར་གཞིས་ཁག་སོགས་སུ་ལས་ཞབས་ཞུས་ནས་ཕན་ཐོགས་ཆེན་པོ་བྱུང༌།
ནོར་ཝེ། ནོར་ཝེ་ལྷན་ཚོགས་(Norwegian Commitee)ཀྱི་སྦྱིན་བདག་འོག་བོད་ཕྲུག༌༡༥ ཞིང་ལས་སློབ་སྦྱོང་དང༌། ༡༩ གློག་དང་འཕྲུལ་ལས། ཨར་ལས་འཛུགས་སྐྲུན། ༣ སྨན་ཞབས། ༦ གཞི་རིམ་གོང་མའི་སློབ་སྦྱོང་བཅས་ཁྱོན་བསྡོམས་བོད་ཕྲུག༌༤༣ ལ་སློབ་སྦྱོང་ཐོབ། དེའི་ཁོངས་ནས་གཉིས་ཞིང་ལས་སློབ་སྦྱོང་ཚར་ཏེ་རྒྱ་གར་ལ་ལོག་ནས་གཞིས་ཆགས་ཁག་ནང་ལས་ཀ་བྱས།
སུད་ཌན། སུད་ཌན་ལ་བོད་རིགས་བུ་མོ་ ༤༠ ཙམ་སློབ་སྦྱོང་དུ་བཏང་བ་ནས་ ༣༠ ཐམ་པས་གཞི་རིམ་གྱི་སློབ་སྦྱོང་ལེགས་པར་ཟིན་ཏེ་ཕྱི་ལོ་༡༩༦༨ ལོར་རྒྱ་གར་དུ་ཕྱིར་ལོག་གིས་ལས་གནས་འདྲ་མིན་དུ་ཞབས་འདེགས་ཞུས། བུ་མོ་ ༡༠ ལ་སློབ་ཡོན་ཐོབ་པ་ལྟར་སུད་ཌན་ནས་དབྱིན་ཡུལ་དུ་སྨན་ཞབས་སློབ་སྦྱོང་ཆེད་ཐོན།
བྷེལ་ཇམ། བྷེལ་ཇམ་ནང་བོད་རིགས་བུ་མོ་ལྔ་ལ་རོགས་ཚོགས་ Aide Aus Tibetains ཞེས་པས་རོགས་རམ་གནང་བའི་འོག་སྨན་ཞབས་ཀྱི་སློབ་སྦྱོང་དང༌། སྐུ་ཞབས་ Dr. Cecile de Sweemer གྱིས་སློབ་ཡོན་གནང་བའི་འོག་བོད་ཕྲུག་བདུན་གྱིས་ལག་ཤེས་འདྲ་མིན་སློབ་སྦྱོང་བྱེད་བཞིན་ཡོད།
ཨ་རི། ཨ་རིའི་གཙུག་ལག་སློབ་ཁང་འདྲ་མིན་ནང་བོད་ཕྲུག༌༡༤ སློབ་སྦྱོང་བྱེད་བཞིན་ཡོད།
ཉི་ཧོང༌། མོ་རོ་སྨན་ཁང་གི་དབུ་འཛིན་སྨན་པ་སེའི་མི་ མ་རུ་ཀིས་ (Dr. Seimi Maruki, President of Moro Hospital)སྦྱིན་བདག་གནང་བའི་འོག་བོད་ཕྲུག ༡༠ སྨན་པའི་སློབ་སྦྱོང་བྱེད་བཞིན་ཡོད། ཕྱིས་སུ་ཕྱི་རྒྱལ་དུ་བཏང་བའི་ཁ་གྲངས་ལོ་སོ་སོའི་ལས་དོན་ནང་གང་ཙམ་གསལ་པོ་བཀོད་ཡོད།

༡༠༽     རྩོམ་སྒྱུར་ལྷན་ཚོགས།

ཕྱི་ལོ་༡༩༦༣ ཟླ་༡༠ ཚེས་༧ ཉིན་བཞུགས་སྒར་དྷ་རམ་ས་ལར་ཤེས་རིག་ལས་ཁུངས་ཀྱི་ཁོངས་བོད་ཀྱི་རིག་གཞུང་གོང་སྤེལ་རྩོམ་སྒྱུར་ལྷན་ཚོགས་༣༢ ཞེས་པ་གསར་འཛུགས་བྱས།
ལྷན་ཚོགས་དེའི་དམིགས་ཡུལ་སྐོར་སྐབས་དེའི་འཆར་ཟིན་ནང༌། “ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བོད་ཀྱི་རིག་གཞུང་གོང་སྤེལ་རྩོམ་སྒྱུར་གྱི་ལས་དོན་ལྷན་ཚོགས་འདིའི་དམིགས་ཡུལ་ནི་བོད་དུ་དར་བའི་ཆོས་དང༌། སྲིད་ཕྱོགས་གཉིས་ཀའི་རིག་གཞུང་འཛིན་སྐྱོང་གོང་སྤེལ་ཐོག དེ་དག་མི་རིགས་གཞན་ཁག་གི་རིག་གཞུང་དང་འབྲེལ་བ་རྒྱ་ཆེ་ཡོང་ཐབས་བཅས་ཡིན་” ཞེས་འཁོད་འདུག
དེ་ནས་ཞིབ་ཕྲའི་ནང་དོན་འཁོད་པའི་དོན་ཚན་ཁག་བཀོད་པའི་ནང༌། དང་པོ། ལྷན་ཚོགས་འདི་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་ཡིན་པ་དང༌། གཉིས་པ། ལྷན་ཚོགས་འདིས་བོད་ཀྱི་དཔེ་མཛོད་ཁང་དང་ཤེས་རིག་ཉམས་ཞིབ་རྩོམ་སྒྱུར་ཁང༌། བོད་ཡིག་པར་སྐྲུན་ཁང་བཅས་ཀྱི་ལས་དོན་འཛིན་སྐྱོང་བྱ་རྒྱུ་ཞེས་གསལ་འདུག གསུམ་པར་བོད་ཀྱི་དཔེ་མཛོད་ཁང་གི་བྱེད་སྒོ་ལས་འགན་ཞིབ་ཙམ་འཁོད་ཅིང༌། བཞི་པར་ཤེས་རིག་ཉམས་ཞིབ་རྩོམ་སྒྱུར་ཁང་གི་བྱེད་སྒོ་ལས་འགན་ཁག་ཞིབ་ཙམ་གསལ་འདུག་པ་༣༣སོགས་ཞིབ་ཕྲ་འདིར་དྲངས་མེད།
ལྷན་ཚོགས་འདིའི་འགན་འཛིན་བྲག་གཡབ་བློ་ལྡན་ཤེས་རབ་མཆོག་དང༌། འགན་འཛིན་ལས་རོགས་སྣར་སྐྱིད་ངག་དབང་དོན་གྲུབ། བོད་དྲུང་ཡོངས་གླིང་གསོལ་དཔོན་ཐུབ་བསྟན་ཚེ་རིང༌། དབྱིན་དྲུང་ཕྱག་མཛོད་ཚང་བསོད་ནམས་རབ་བརྟན་བཅས་ཡིན་འདུག་ཅིང༌། རྗེས་སུ་དགའ་གདོང་བསྟན་འཛིན་དབང་གྲགས་དང༌། ཟླ་བ་གསལ་སྒྲོན། རྒྱ་མཚོ་ཚེ་རིང་བཅས་ཁ་སྣོན་དུ་བསྐོ་བཞག་གནང༌། དེ་རྗེས་ཡང་བསྐྱར་ཁེ་སྨད་བསོད་ནམས་དབང་འདུས་དང༌། བསམ་ཕོ་སྲས་འཇིགས་མེད། ཁམས་ལུང་ཟླ་བ་བསམ་གཏན་བཅས་ཀྱང་བསྐོ་བཞག་གནང་འདུག་ཅིང༌། ལས་ཁུངས་ནི་དྷ་ཤོད་ཀ་ཤི་སྨྲིར་ཀོ་ཊིར་ཁང་པ་གཡར་ཏེ་ཚུགས་འདུག ཁོང་ཚོའི་ཁོངས་ཀྱི་རྒྱ་མཚོ་ཚེ་རིང་སོགས་ཀྱིས་དབྱིན་ཡིག་ནས་བོད་སྐད་དུ་བསྒྱུར་བ་གཙང་སྦྲ་འཕྲོད་བསྟེན་སྐོར་གྱི་དེབ་གཅིག་དང༌། བྲག་གཡབ་བློ་ལྡན་ཤེས་རབ་ཀྱིས་དུས་གསུམ་རེའུ་མིག་སོམ་ཉིའི་དྲ་བ་གཅོད་པའི་རལ་གྲི། ཁེ་སྨད་བསོད་ནམས་དབང་འདུས་ཀྱིས་གཞུང་སྲོལ་ཡིག་བསྐུར་གཅེས་བསྡུས་བརྩམས་བྲིས་སོགས་དང༌། དེ་མིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ངོ་སྤྲོད་དང༌། ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་སོགས་བོད་ཡིག་ཏུ་ཕབ་སྒྱུར། སློབ་དེབ་བསྐྱར་ཞིབ་དང་གསར་བསྒྲིགས་སོགས་དུས་ཐུང་ནང་ཀུན་གྱི་མཐོང་ཆོས་སུ་ཡོད་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོན་འདུག
འོན་ཀྱང་ཕྱི་ལོ་ ༡༩༦༥ ལོར་ལྷ་སྲས་རྒྱ་ལོ་དོན་གྲུབ་མཆོག་གི་བཀའ་འབྲེལ་ལྟར་རྩོམ་སྒྱུར་ལྷན་ཚོགས་དེ་ལྡི་ལི་བོད་ཁང་གི་ཁོངས་སུ་ཟླ་སྒྲིལ་གནང་འདུག་ཅིང༌། དེ་ནས་བཟུང་རིམ་པས་རྩོམ་སྒྱུར་ལྷན་ཚོགས་དེའི་ལས་དོན་འཆར་གཞི་ཁག་ཀྱང་འཇའ་ཡལ་བ་ལྟར་གྱུར།
རྩོམ་སྒྱུར་ཁང་ལྡི་ལི་བོད་ཁང་དུ་ཟླ་སྒྲིལ་མ་བྱས་གོང༌། ལས་དོན་འཕྲོ་ཅན་དུ་ལུས་པའི་ཁོངས་ཁེ་སྨད་ཀྱིས་བྲིས་པའི་ྋརྒྱལ་མཆོག་ལྔ་པ་ཆེན་པོའི་སྲིད་ཕྱོགས་ཀྱི་མཛད་པ་ཟུར་བཏོན་བྱས་པ་ཞིག་དང༌། བཀྲས་མཐོང་བསོད་ནམས་སྟོབས་འབྱོར་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་ཕབ་སྒྱུར་བྱས་པའི་བོད་ཀྱི་ལོ་རྒྱུས། བྲག་གཡབ་རིན་པོ་ཆེས་མཛད་པའི་དེ་སྔོན་དགའ་ལྡན་ཕོ་བྲང་གིས་མཆོད་བཀུར་མཛད་པའི་དགོན་ཁག་དང་གཞུང་སའི་དབར་གྱི་འབྲེལ་ལམ་སྐོར། དབྱིན་བོད་ཚིག་མཛོད། བོད་ཀྱི་ས་བཀྲ། རྒྱ་གར་ནང་སྐྱབས་བཅོལ་བོད་མི་གནས་ཡུལ་གྱི་ས་བཀྲ། བོད་ཡིག་ལྕགས་པར་སོགས་ཡོད་འདུག

ཕྱི་ལོ་༡༩༥༩ ནས་༢༠༠༩ བར་གྱི་ཤེས་རིག་ལས་ཁུངས་དང་འབྲེལ་བའི་ལས་དོན་རིམ་པ་རྣམས་ལོ་རིམ་གཞི་བཟུང་བཀོད་པ།

༡༩༥༩

༡༽    ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ྋགོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་མ་སུ་རིར་སྲིད་བློན་ཟུར་པ་ཀླུ་ཁང་བདེ་མཁར་ཚེ་དབང་རབ་བརྟན་དང༌། གཡུ་ཐོག་བཀྲ་ཤིས་དོན་གྲུབ།  སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། སྤོམ་མདའ་ཡར་འཕེལ་སོགས་ཀ་སྦུག་བདེ་དོན་ཚོགས་པའི་ཚོགས་མི་རྣམས་དང༌། གཞུང་ཞབས་ ༣༠ བརྒལ་བའི་ཚོགས་ཆེན་བསྐྱངས་ཐོག བཙན་བྱོལ་བོད་གཞུང་གི་ཁ་ཚ་དགོས་གཏུགས་ཀྱི་གནང་སྒོ་ཁག་ལས་བགོས་བསྐྱོན། སྐབས་དེར་ཕྱག་ལས་རྣམ་གྲངས་གཙོ་བོ་ནང་སྲིད་དང༌། ཕྱི་སྲིད། འདུ་འགོད། ཤེས་རིག ཆོས་དོན་བཅས་ལ་གཏན་འབེབས་བསྐྱངས་ཤིང༌། ཤེས་རིག་ལས་དོན་གྱི་འགན་ཁུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་གྱིས་གནང་རྒྱུར་ཐུགས་གཏན་འཁེལ།༸གོང་ས་མཆོག་བཙན་བྱོལ་བོད་པའི་སློབ་གྲྭ་ཞིག་ལ་ལྟ་སྐོར་སྐབས་བླངས་པའི་འདྲ་པར།

༢༽    བོད་མི་སྐྱབས་བཅོལ་བའི་སྒར་ས་མི་ས་མ་རི་དང་བྷག་ས་སོགས་སུ་གསར་དུ་འབྱོར་བའི་བོད་མི་སྐྱབས་བཅོལ་བ་ཚོར་འཚམས་འདྲི་དང་གཟིགས་རྟོག་ཆེད་ྋགོང་ས་མཆོག་ནས་ཀུན་བདེ་གླིང་སོགས་བོད་གཞུང་གི་སྐུ་ཚབ་ཆེད་གཉེར་གནང་བ་ལྟར་ས་གནས་སུ་ངོ་བསྐྱོད་ཀྱིས་གནས་སྟངས་སྤྱི་དང་ལྷག་པར་བོད་ཕྲུག་ཆུང་ཆུང་ཇི་ཡོད་དང་དེ་དག་གི་གནས་སྟངས་རྣམས་སྤྱི་ཡོངས་ཤེས་རྟོགས་ཐུབ་པ་གནང་སྟེ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསན་ཞུས།

༣༽    ྋགོང་ས་མཆོག་ནས་བུ་ཕྲུག་དེ་དག་མ་འོངས་བོད་ཀྱི་སོན་རྩར་བརྩེ་གཟིགས་ཀྱིས་སྐབས་དེའི་ཕྱག་ལས་སྣ་མང་གི་ནང་ནས་སློབ་གྲྭ་གསར་འཛུགས་གནང་རྒྱུ་ཨང་དང་པོའི་གྲས་སུ་འཇོག་གནང་མཛད།
༤༽    ༡༩༥༩ ལོའི་ལོ་མཇུག་ཏུ་ཕྱག་དངུལ་ཡོངས་རྫོགས་ྋགོང་ས་མཆོག་ནས་སྩལ་ཏེ་མ་སུ་རིར་སློབ་གྲྭ་གསར་འཛུགས་བྱ་ཡུལ་ཁང་པ་གོ་སྒྲིག་དང༌། སློབ་ཕྲུག་བསྡུ་བསྐོང༌། སློབ་ཕྲུག་ལ་ལྟ་སྐྱོང་བྱེད་མཁན་འགོ་འཛིན་དང་ལས་བྱེད་བཅས་བསྐོ་བཞག་སྩལ།
༥༽    ༡༩༥༩ ཟླ་ ༡༢ ནང་བཀའ་ཤག་དང་ས་དགེ་བཀའ་རྙིང་བཞིའི་མཁས་པ། ཁུ་ནུ་མཐར་ཕྱིན་བྷ་བྷུ། ལྷ་ལུང་བློ་བཟང་ཕུན་ཚོགས། སློབ་གྲྭ་གསར་འཛུགས་ཀྱི་འགན་བཞེས་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་བཅས་ལྷན་ཚོགས་ཀྱིས་སློབ་གྲྭའི་སློབ་ཚན་དང་སློབ་དེབ་སོགས་ཀྱི་སྐོར་གྲོས་བསྡུར་གནང་སྟེ་འཆར་གཞི་བཀོད།

༡༩༦༠ ༡༩༦༡ ༡༩༦༢ ༡༩༦༣ ༡༩༦༤ ༡༩༦༥ ༡༩༦༦ ༡༩༦༧ ༡༩༦༨ ༡༩༧༩
༡༩༧༠ ༡༩༧༡ ༡༩༧༢ ༡༩༧༣ ༡༩༧༤ ༡༩༧༥ ༡༩༧༦ ༡༩༧༧ ༡༩༧༨ ༡༩༧༩
༡༩༨༠ ༡༩༨༡ ༡༩༨༢ ༡༩༨༣ ༡༩༨༤ ༡༩༨༥ ༡༩༨༦ ༡༩༨༧ ༡༩༨༨ ༡༩༨༩
༡༩༩༠ ༡༩༩༡ ༡༩༩༢ ༡༩༩༣ ༡༩༩༤ ༡༩༩༥ ༡༩༩༦ ༡༩༩༧ ༡༩༩༨ ༡༩༩༩
༢༠༠༠ ༢༠༠༡ ༢༠༠༢ ༢༠༠༣ ༢༠༠༤ ༢༠༠༥ ༢༠༠༦ ༢༠༠༧ ༢༠༠༨ ༢༠༠༩

ལོ་དུས་གཞིར་བཟུང་བསྒྲིགས་པའི་གནས་ཚུལ་གལ་ཆེ་ཁག(༡༩༦༡-༡༩༧༠)

༡༽    ཤེས་རིག་པར་ཁང་ཐོག་མར་འཛུགས་སྐབས། རྒྱ་གར་ནང་བོད་ཡིག་དབུ་ཅན་སོགས་ཀྱི་ནང་པར་སྐྲུན་གྱི་ལམ་སྲོལ་ཡག་པོ་དར་མེད་པར་བརྟེན་སློབ་སྦྱོང་དང་ཉམས་མྱོང་མང་པོ་གསོག་དགོས་བྱུང་ཡོད།
དེ་ཡང་ཐོག་མར་སློབ་དེབ་པར་སྐྲུན་གྱི་དགོས་མཁོར་ཤེས་རིག་ལས་ཁུངས་ཀྱིས་ཆོས་དོན་ལས་ཟུར་ཨོ་རྒྱན་ཚེ་རིང་དང་གཞུང་ཞབས་བགྲེས་ཡོལ་སྐལ་བཟང་དབང་ཕྱུག་གཉིས་ལྡི་ལིར་ཌོག་ཊར་ལོ་ཀི་ཤ་ཅན་རྡར་ཞེས་པའི་པར་ཁང་དུ་བོད་ཡིག་བེད་སྤྱོད་ཕྲན་བུ་བྱེད་པར་བརྟེན། དེར་སློབ་སྦྱོང་བྱེད་པར་མཐུན་རྐྱེན་ཆེད་སྦྱར་གྱིས་བཏང༌། ཁོང་གཉིས་ཀྱིས་པར་ཁང་དེར་ཟླ་བ་དྲུག་རིང་པར་བསྐྲུན་ལས་གཞིའི་ལྕགས་པར་ཡིག་འབྲུ་སྒྲིག་བཤིགས་དང་པར་འདེབས། དེབ་བཟོ་སོགས་པར་ཁང་གསར་འཛུགས་བྱེད་སྒོའི་སློབ་སྦྱོང་བྱས་རྗེས། འཛིན་གྲྭ་གསུམ་པའི་སློབ་དེབ་པར་ཐེངས་དང་པོ་པར་བསྐྲུན་བྱས་པའི་དེབ་དང་ལྕགས་པར་ཡིག་འབྲུ་དང་དགོས་མཁོ་རྩག་རྩིག་བཅས་གང་འཚམས་མཉམ་འཁྱེར་གྱིས་དྷ་སར་འབྱོར།
ཕྱི་ལོ་༡༩༦༡ ལོའི་ཟླ་༥ ཚེས་ ༢༣ ཉིན་ཤེས་རིག་ལས་ཁུངས་ཀྱི་ལམ་སྟོན་འོག་ད་ལྟའི་བོད་གཞུང་ཟློས་གར་ཚུགས་ཡུལ་ཀོ་ནེམ་ཀུ་ཀྲིའི་དེར་པར་ཁང་དང་ལས་ཤག་ཆབས་སྦྲགས་ཀྱི་ཁང་པ་མདོ་སྦུག་གཉིས་ནང་འཕྲལ་སེལ་ཡིག་འབྲུ་སྒྲིག་བཤིགས་ཀྱི་པར་ཁང་ཆུང་ངུ་ཞིག་སྒོ་འབྱེད་གནང༌། ཐོག་མར་པར་ཁང་དེའི་ནང་པར་རྩའི་ཡིག་འབྲུ་བསྒྲིགས་པ་དང་དེབ་གཟུགས་བཟོ་བཙེམས་ཙམ་ལས་པར་འདེབས་ཐུབ་ཀྱི་མེད། དེར་བརྟེན་པར་གཞི་བསྒྲིགས་ཟིན་པ་རྣམས་དྷ་ཤོད་རྒྱ་གར་པར་ཁང་དུ་པར་བསྐྲུན་བྱས་ཟིན་རིམ་བཞིན་རྒྱབ་ཏུ་འཁུར་ཏེ་འཁྱེར་ཡོང་རྗེས་དེབ་གཟུགས་རང་རེའི་པར་ཁང་དེར་བྱེད་ཀྱི་ཡོད།
ཐེངས་ཤིག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཀོ་ནེམ་ཀུ་ཀྲིར་ཆགས་པའི་བོད་གཞུང་ཤེས་རིག་ཟློས་གར་ཚོགས་པ་དང་ཤེས་རིག་པར་ཁང་དུ་གཟིགས་བསྐོར་ཆིབས་བསྒྱུར་གནང་ཞིང་ཆིབས་ཞབས་སུ་སྐབས་དེའི་ཤེས་རིག་བཀའ་བློན་ཀུན་བདེ་གླིང་སོགས་ཡོད་འདུག སྐབས་དེར་པར་ཁང་གི་ལས་དོན་སྐོར་བཀའ་རྩད་ཕེབས་པར་དེ་ཕན་གྱི་ལས་དོན་དང་དཀའ་ངལ་རྣམས་ྋསྙན་སེང་ཞུས་པར། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་སྣང་ཆེན་པོ་མཛད་དེ་ཤེས་རིག་བཀའ་བློན་ལ་ཁོང་ཚོར་པར་སྐྲུན་འཁོར་ལོ་ཞིག་དགོས་ངེས་འདུག་ཅེས་བཀའ་གནང༌།
དེ་རྗེས་ཤེས་རིག་ལས་ཁུངས་ནས་ཨམ་རི་སར་བཟོས་པའི་པར་འདེབས་འཁོར་ལོ་ཆེ་བ་གཅིག་དང༌། ཤོག་བྲེག་འཁོར་ལོ་གཅིག འཁོར་འགུལ་གློག་གི་མ་འཁོར་༼མོ་ཊོར༽གཅིག་བཅས་སྤུས་གཟིགས་རིན་གནས་ཧིན་སྒོར། ༨༥༦༥།༠༠ ཐོབ་པ་རྣམས་དང༌། ྋགོང་ས་མཆོག་ནས་གསོལ་བསྩལ་སྒོར། ༩༠༠༠།༠༠ བཅས་ཤེས་རིག་པར་ཁང་ལ་གནང༌།
༢༽    ཕྱི་ལོ་༡༩༦༢ ལོར་པར་ཁང་གོང་གསལ་ས་གནས་ནས་དྷ་སྟེང་ཕོ་སོར་གན་ཅི་ སླ་བ་རམ་ཀོ་ཀྲིར་སྤོས་ཏེ་འཕྲུལ་འཁོར་རྣམས་འཛུགས་འཇོགས་བྱས། སྐབས་དེར་ལས་བྱེད་མི་གྲངས་ ༧ ཡོད་པ་དེས་སློབ་དེབ་སོགས་པར་བསྐྲུན་མུ་འཐུད་ཞུས། རིམ་པས་ཤེས་རིག་ལས་ཁུངས་ཀྱིས་ལས་བྱེད་འགའ་ཤས་ཁ་བསྣོན་བསྐོ་བཞག་བསྩལ།
༣༽    ཕྱི་ལོ་༡༩༦༤།༩།༨ ཉིན་ཨོ་རྒྱན་ལགས་ཤེས་རིག་པར་ཁང་གི་འགོ་འཛིན་༡གནས་བརྒྱད་པར་བསྐོ་གཞག་བསྩལ་བ་བཞིན་གསར་མཇལ་ཞུས། སློབ་གྲྭའི་འཛིན་རིམ་ལ་གཞིགས་པའི་སློབ་དེབ་པར་འགྲེམས་ཐུབ་དགོས་རྒྱུ་ཞེས་བཀའ་ནན་ཕེབས་པར་བརྟེན་ལས་བྱེད་ཁ་སྣོན་གྱིས་འགན་འཛིན་ཐེ་བའི་མི་གྲངས་ ༡༠ བསྐོས་ཤིང༌། དེའི་ཁོངས་ནས་མི་ལྔས་ཉིན་མོ་ཆུ་ཚོད་དགུ་དང༌། མི་ལྔས་མཚན་མོ་ཆུ་ཚོད་དགུ་བཅས་རེས་མོས་ཀྱིས་པར་འདེབས་འཕྲུལ་འཁོར་ཉིན་མཚན་ལྟོས་མེད་བེད་སྤྱོད་བྱས་ཏེ་བཀའ་དགོངས་ལེགས་སྒྲུབ་ཞུས།
༤༽   ཕྱི་ལོ་༡༩༦༦ ལོར་སླེབས་སྐབས། པར་ཁང་འདི་བཞིན་སྔར་བཞིན་ཤེས་རིག་ལས་ཁུངས་ཀྱི་སྒྲིག་འཛུགས་ཁོངས་གཏོགས་ཡིན་ཡང༌། ཁང་གླ་དང༌། ཆུ་གློག་རིན་པ། ཕོགས་ཐོབ། རྒྱུ་ཆའི་རིན་པ་སོགས་འགྲོ་གྲོན་རྣམས་རང་གཞུང་ནས་ཞུ་མ་དགོས་པར་རང་འཚོ་ཐུབ་པ་བྱུང༌། རྩ་བའི་ལས་འགན་སློབ་དེབ་པར་བསྐྲུན་ཞུས་ཏེ་སློབ་དེབ་རྣམས་རིན་ཚད་ཤེས་རིག་ལས་ཁུངས་ནས་གཏན་འབེབས་གནང་བ་དེ་ག་རང་ཕྱི་ནང་ཁྱད་མེད་ཀྱིས་འགྲེམས་ཚོང་ཞུ་རྒྱུ་གཏན་འབེབས་མཛད།
༥༽    ཕྱི་ལོ་༡༩༦༧ ལོར་དྷ་ཤོད་ཀ་ཤི་མིར་ཀོ་ཀྲི་ཁང་གླར་གླས་པ་དེར་པར་ཁང་དང་ལས་ཤག་བཅས་སྤོས་ཏེ་ཁང་ཁུངས་གུ་ཡངས་དང་ལས་མི་ཡོངས་ཀྱི་གླ་ཆ་སྤར་ཆ་བྱས།
༦༽    ཕྱི་ལོ་༡༩༦༩ ལོ་སྦོ་སྤལ་ཤོག་བུའི་བཟོ་གྲྭའི་པར་ཁང་གི་ལས་བྱེད་འབྲས་བློ་གླིང་རྟའུ་ཆོས་མཛད་ཐུབ་བསྟན་དཀོན་མཆོག་དང༌། གཙང་པ་ཁྲི་སྤྲུལ་ངག་དབང་བློ་བཟང་ངོ་ལས་གསུམ་དང༌། པར་འདེབས་འཕྲུལ་འཁོར་གཅིག ཡིག་འབྲུ་དང་འཛིན་ཆས་གང་འཚམས་བཅས་ཟླ་བསྒྲིལ་གནང་འབྱོར་ལྟར། དེ་རྗེས་ལས་བྱེད་ཁ་བསྣོན་བསྐོ་གཏོང་གནང་བ་དང་པར་ཁང་གི་ལས་དོན་ཡང་རྒྱ་བསྐྱེད་ཀྱིས་སློབ་གྲྭའི་འཛིན་རིམ་སོ་སོའི་སློབ་དེབ་ཁག་གི་ཐོག ལས་ཁུངས་མ་ལག་ཁག་དང༌། སྤྱི་སྒེར་ཁག་གིས་བཀའ་མངགས་གནང་རིགས་བོད་དབྱིན་གཉིས་ཐོག་པར་བསྐྲུན་ཞུས།
རྗེའི་ལམ་རིམ་ཆེན་མོ་དཔེ་རིང་གི་པར་ཤིང་ཡོད་པ་རྣམས་འཕྲུལ་པར་ནང་བཅུག་སྟེ་གང་མང་པར་བསྐྲུན་ཞུས། སྐབས་དེར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་སུ་པར་ཁང་འདི་བཞིན་མ་འོངས་བོད་དུ་པར་འདེབས་ལས་དོན་གྱི་ལག་རྒྱུན་སྤེལ་ཐུབ་པ་དགོས་གལ་ཕེབས་པ་ལྟར་ཚང་མས་ཉམས་མྱོང་རྒྱ་ཆེ་གསོག་པ་སོགས་གཙོ་འཁུར་བླངས་པར་མ་ཟད། འབྲས་སྤུངས་བློ་གསལ་གླིང་པར་ཁང་སོགས་ལ་སྦྱོང་བརྡར་ཡང་སྤྲོད་ཐུབ་པ་བྱུང༌།

༡༩༧༡-༡༩༨༠

༡༩༨༡-༡༩༩༠

༡༩༩༡-༢༠༠༠

༢༠༠༡-༢༠༡༡

འགོ་འཛུགས་དུས་ཚེས་དང་མིང༌།

བོད་གཞུང་ཤེས་རིག་པར་ཁང་ནི། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར། སྐུ་སྒེར་གཟིམ་ཆུང་ནས་མ་རྩ་གསོལ་རས་ཞུས་ཏེ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་༡༩༦༡ ཟླ་ ༥ ཚེས་ ༢༣ ཉིན་རང་སྐྱོང་གི་ངོ་བོར་གསར་འཛུགས་གནང༌།
སྒྲིག་འཛུགས་ཀྱི་བོད་མིང་བོད་གཞུང་ཤེས་རིག་པར་ཁང་ཞེས་པར་འགྱུར་བ་མ་བྱུང་ཡང༌། ཐོག་མའི་དབྱིན་ཡིག་གི་མིང་ལ། Tibetan Educational Printing Press ཞེས་བཀོད་ཡོད་པ་ཡིག་ཆ་རྙིང་པ་ཁག་ཏུ་གསལ། དུས་ཕྱིས་སློབ་གྲྭའི་དཔེ་དེབ་ཙམ་མ་ཟད་རྒྱལ་བའི་བཀའ་བསྟན་དང་རིས་མེད་མཁས་པའི་གསུང་འབུམ་སྣ་མང་པར་སྐྲུན་གནང་གི་ཡོད་པའི་ཆ་ནས་ Tibetan Cultural Printing Press ཞེས་བསྒྱུར་བཅོས་བྱས། དེང་སྐབས་བོད་མིང་རང་འཇགས་ཡིན་ཡང་དེབ་སྐྱེལ་གྱི་དགོས་མཁོའི་དབང་གིས་དབྱིན་མིང་ TIBETAN CULTURAL & RELIGIOUS PUBLICATION CENTRE ཞེས་འགོད་བཞིན་ཡོད།

དམིགས་ཡུལ།

༡༽    གངས་ཅན་ལྗོངས་ཀྱི་སྣོད་བཅུད་ཡོངས་རྫོགས་རྒྱ་ནག་དམར་པོའི་གཞུང་གིས་བཙན་བཟུང་ཐོག་རྩ་ཆེའི་ཆོས་དང་རིག་གཞུང་གི་གླེགས་བམ་ཆེ་ཕྲ་ཐམས་ཅད་རྩ་གཏོར་བཏང་བ་རྣམས་སླར་གསོ་ཐུབ་ཐབས་དང༌།
༢༽    ལྷག་པར་བོད་ཀྱི་མ་འོངས་པའི་སོན་རྩ་ཚོར་རང་ཉིད་ཀྱི་རྩ་ཆེའི་སྐད་ཡིག་དང་རིག་གཞུང༌། ལོ་རྒྱུས་བཅས་ཚང་བའི་སློབ་དེབ་སྔོན་འགྲོ་དང་པོ་ནས་འཛིན་གྲྭ་བཅུ་གཉིས་བར་ཡོངས་རྫོགས་པར་བསྐྲུན་མཁོ་གཏོང་ཞུ་རྒྱུ།
༣༽    གནའ་སྔ་མོ་ནས་བོད་དང་ཆོས་རིག་གི་འབྲེལ་ལམ་ཟབ་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་སོགས་ཀྱི་དགོས་མཁོའི་ཆ་ཙམ་སྐོང་ཆེད་ཐུགས་མཁོ་བཀའ་མངགས་རྣམས་པར་བསྐྲུན་འགྲེམ་སྤེལ་ཞུ་རྒྱུ་བཅས།

པར་སྐྲུན་ལེགས་སྒྲུབ་བྱུང་བ་ཁག

བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་༡༩༦༠ ལོར་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་དང་པོ་ཆེད་འཛུགས་ཀྱིས་འཛིན་གྲྭའི་རིམ་པ་དང་འཚམས་ཤིང་ལམ་ལུགས་དང་མཐུན་པའི་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་བོད་ཡིག་སློབ་དེབ་ཁག་ལོ་རིམ་བཞིན་རྩོམ་སྒྲིག་གནང་བ་ལྟར་ཤེས་རིག་པར་ཁང་གིས་པར་སྐྲུན་འགྲེམས་སྤེལ་ཞུས་ཤིང༌། དེ་རྗེས་སློབ་དེབ་ལ་དུས་ནས་དུས་སུ་བསྐྱར་ཞིབ་དང་ལེགས་བཅོས་རིམ་ཅན་དུ་གནང་ཡོད་པ་དཔེར་ན། ཕྱི་ལོ་༡༩༦༥ ལོར་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གཉིས་པ་བསྐོ་འཛུགས་ཀྱིས་འཛིན་རིམ་དྲུག་པ་ནས་བཅུ་གཅིག་བར་གྱི་བོད་ཡིག་སློབ་དེབ་རྩོམ་སྒྲིག་གནང་ཡོད། དེ་རྗེས་ཕྱི་ལོ་༡༩༧༥ དང༌། ཕྱི་ལོ་༡༩༨༣ ཕྱི་ལོ་༡༩༨༦ ཕྱི་ལོ་༢༠༠༠ ཕྱི་ལོ་༢༠༠༨ བཅས་སོ་སོར་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་ཆེད་འཛུགས་གནང་སྟེ་སྐད་ཡིག་དང་རྒྱལ་རབས་ལོ་རྒྱུས། རིགས་ལམ་ནང་ཆོས། ཨང་རྩིས། ཚན་རིག་སོགས་ཀྱི་སློབ་དེབ་གསར་བརྩམས་དང་བསྐྱར་ཞིབ་བསྒྱུར་བཅོས་ཇི་གནང་ལྟར་ཤེས་རིག་པར་ཁང་གིས་པར་བསྐྲུན་འགྲེམ་སྤེལ་འཐུས་གཙང་ཞུས་ཡོད།
སྔོན་མ་སློབ་དེབ་དང་གསུང་རབ་པར་སྐྲུན་བྱས་པའི་བརྒྱུད་རིམ་རྣམས་ད་ལྟ་བཞིན་འཕྲུལ་ལས་ཐོག་ནས་མིན་པར་གཙོ་བོ་མི་ཤུགས་ལ་བརྟེན་ནས་རུ་ང་ཞིབ་ཚགས་བྱེད་དགོས་པ་དཔེར་ན། ཐོག་མར་སློབ་དེབ་དང་གསུང་རབ་ཀྱི་པར་རྩ་རྣམས་འཚག་ཤོག་(Stencil) ཐོག་ཚིག་འབྲུ་རེ་རེ་བཞིན་ལག་བྲིས་བྱེད་དགོས་པ་དང༌། དེ་རྗེས་བོད་ཡིག་ལྕགས་འབྲུ་ཐོན་རྗེས་པར་རྩ་རྣམས་ཡིག་འབྲུ་རེ་རེ་བཞིན་ལྕགས་འབྲུར་བསྒྲིགས་ནས་པར་སྐྲུན་བྱེད་དགོས།

ཤེས་རིག་པར་ཁང་གི་འགན་འཛིན་རིམ་བྱུང༌།

ཨང༌། འགན་འཛིན་མཚན་གཞུང༌། ཕྱི་ལོ་ཟླ་ཚེས་ནས། ཕྱི་ལོ་ཟླ་ཚེས་བར།
༡༽ ཨོ་རྒྱན་ཚེ་རིང༌། ༡༩༦༡།༥།༢༣ ༡༩༧༥།༤།༣༠
༢༽ སྐུ་ཞབས་བློ་བཟང་ཚུལ་ཁྲིམས། ༡༩༧༥།༥།༡ ༡༩༩༥།༨།༣༡
༣༽ པདྨ་རྒྱལ་པོ། ལས་ཚབ། ༡༩༩༥།༩།༡ ༡༩༩༦།༩།༣༡
༤༽ དྲུང་གཞོན་སྐལ་བཟང་གཡུ་རྒྱལ། ༡༩༩༦།༡༠།༡ ༡༩༩༨།༣།༡༥
༥༽ དྲུང་གཞོན་ཐུབ་བསྟན་དབང་རྒྱལ། ༡༩༩༨།༣།༡༦ ༡༩༩༩།༡༠།༡
༦༽ ཟུང་དྲུང་སངས་རྒྱས་བྱམས་པ། ༡༩༩༩།༡༠།༢ ༢༠༠༢།༡།༡༦
༧༽ དྲུང་གཞོན་ལྷག་པ་ཚེ་རིང༌། ༢༠༠༡།༡༠།༠༨ ༢༠༠༢།༣།༢༡
༨༽ བློ་བཟང་དཀོན་མཆོག་བག་དྲོ། ལས་ཚབ། ༢༠༠༢།༣།༢༢ ༢༠༠༣།༡༢།༣༡
༩༽ བློ་བཟང་དཀོན་མཆོག་བག་དྲོ། ངོ་མ། ༢༠༠༤།༡།༡ བྱེད་མུས།
གཞུང་འབྲེལ་དང་སློབ་སྡེ་ཁག་གི་དྲྭ་ཚིགས་།
 © 2025 Department Of Education  •  Privacy Policy  •  Terms of Service