ཟླ་རེའི་གསར་འགྱུར།

བྱིས་པའི་རྩེད་མོའི་ལག་དེབ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བོད་པའི་ན་ཆུང་བྱིས་པ་སྐྱེད་སྲིང་དང་ཤེས་ཡོན་ཡར་རྒྱས་ཆེད།

བྱིས་པའི་རྩེད་མོའི་ལག་དེབ། སྐྱིད་སྣང་དོད་པའི་བྱིས་པ། ལག་དེབ་འདི་ཤེས་རིག་ལས་ཁུངས་ཀྱི་བོད་པའི་ན་ཆུང་བྱིས་པ་གསོ་སྐྱོང་དང་ཤེས་ཡོན་ཡར་རྒྱས་ལས་གཞིའི་ཆ་ཤས་ཤིག་ཡིན་པ་དང་། ཤེས་རིག་ལས་ཁུངས་དང་དྷ་ས་རོགས་པ་བྱིས་བཅོལ་ཁང་གཉིས་མཉམ་འབྲེལ་ལས་བསྒྲུབས་པ་ཞིག་ཡིན།

སྤྱིར་བཏང་བྱིས་པའི་འཚར་ལོངས་ལ་ཕན་པའི་བྱེད་སྒོ་མང་པོ་ཡོད་ཀྱང་། དེབ་འདིའི་ནང་འཁོད་པའི་བྱེད་སྒོ་སུམ་ཅུ་རྣམས་དྷ་སར་གནས་པའི་རོགས་པ་བྱིས་བཅོལ་ཁང་གིས་ལོ་ངོ་བཅོ་ལྔའི་རིང་བོད་པའི་བྱིས་པ་ཚོར་རྒྱུན་གཏན་དུ་སྤེལ་ཏེ་ཕན་ནུས་ཐོན་པ་ཁག་བདམས་སྒྲིག་བྱས་པའི་བྱེད་སྒོ་ཤ་སྟག་ཡིན། ཁྱེད་རྣམས་ཀྱིས་ཀྱང་བྱེད་སྒོ་འདི་དག་བྱིས་བཅོལ་ཁང་དང་། རང་ཁྱིམ་གང་རུང་དུ་བཞུགས་པའི་བྱིས་པ་མཉམ་དུ་སྤྲོ་པོའི་ངང་གནང་ཐུབ་པའི་རེ་བ་ཡོད།

དེབ་འདིའི་ནང་གི་བྱེད་སྒོ་སུམ་ཅུ་རྣམས་སྡེ་ཚན་གསུམ་དུ་བགོས་ཡོད་ཀྱང་། བྱིས་པ་ཚོའི་འཚར་ལོངས་ཀྱི་གོ་རིམ་མི་འདྲ་བ་ཡོང་སྲིད་པས། ཁྱེད་ཀྱིས་བྱིས་པའི་ལོ་ཚད་ལ་བལྟས་ཏེ་ངེས་པར་དུ་གོ་རིམ་བཞིན་འགྲོ་མི་དགོས་པ་སེམས་ལ་ངེས་དགོས། བྱེད་སྒོ་གང་རུང་ཞིག་རང་ངོས་ནས་སྒྱུར་བཅོས་ཅུང་ཙམ་བཏང་སྟེ། ལོ་ཚད་མི་འདྲ་བའི་བྱིས་པ་མཉམ་དུ་རྩེ་ནའང་འགྲིག ཁྱེད་ཀྱི་གསར་གཏོད་དང་བསམ་བློ་མི་འདྲ་བ་ཡོད་པ་རྣམས་ཀྱང་ང་ཚོར་མཁོ་སྤྲོད་གནང་རོགས།

ང་ཚོའི་རེ་བ་ནི་བྱིས་པར་ཉམས་མྱོང་དང་ལྟ་ཞིབ་ཀྱི་གོ་སྐབས་མི་འདྲ་བ་སྤྲོད་རྒྱུ་དེ་ཡིན་པ་ལས་ཨང་ཀི་དང་ཡི་གེ་སློབ་ཆེད་མིན། དམིགས་ཡུལ་འདི་བརྒྱུད་བྱིས་པའི་གཟུགས་པོ་དང། སེམས་ཚོར། སྤྱི་ཚོགས། རིག་རྩལ་སོགས་ཀྱི་ནུས་པ་གོང་འཕེལ་གཏོང་ཐུབ། འཚར་ལོངས་ཀྱི་བརྒྱུད་རིམ་སྙོམ་པོ་ཡོང་ཐུབ་ན་དེས་བྱིས་པ་རྣམས་མ་འོངས་པར་ཕྱི་ནང་གི་འཕྲོད་བསྟེན་ལེགས་པོ་ཡོད་པ་ཞིག་དང། གཞན་ཚོར་རྟོགས་ཐུབ་མཁན་གྱི་གང་ཟག་ཅིག་ཆགས་རྒྱུར་ཕན།

ལག་དེབ་འདི་པར་སྐྲུན་བྱེད་དགོས་པའི་དམིགས་ཡུལ་ནི། རང་རེའི་བྱིས་པ་རྣམས་ཀྱི་ལུས་སེམས་གཉིས་ཀ་བདེ་སྐྱིད་ངང་འཚར་ལོངས་ཡོང་ཐབས་དང་།  བྱིས་པ་ཚོར་གཟིགས་སྐྱོང་གནང་མཁན་གྱི་ཕ་མ་དང་བྱིས་བཅོལ་ཁང་གི་ལས་བྱེད་རྣམས་ཀྱིས་བྱིས་པ་ཚོའི་ལུས་སེམས་གཉིས་ཀྱི་འཚར་ལོངས་གོང་མཐོར་གཏོང་རྒྱུར་རོགས་འདེགས་གང་ལེགས་ཡོང་སླད་མཐུན་རྐྱེན་སྦྱར་བ་ཞིག་ཡིན། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་ཕྲུ་གུར་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་དེ་དག་དོན་འབྲས་བཟང་པོ་ཡོང་བར་ལག་དེབ་འདིས་རྨང་གཞི་བརྟན་པོ་འདིང་བར་ཕན་ཐོགས་ཡོང་ངེས་ཡིན།

དཔེ་དེབ་འདི་ཉིད་གཤམ་གྱི་དྲྭ་ཐག་བརྒྱུད་ཕབ་ལེན་དང་ལྟ་ཀློག་བྱེད་ཐུབ།     འདིར་སྣོན་ནས་གཟིགས།

སྔོན་མ།
ཤེས་རིག་ལས་ཁུངས་ཀྱི་བོད་པའི་ན་ཆུང་བྱིས་པ་སྐྱེད་སྲིང་དང་ཤེས་ཡོན་ཡར་རྒྱས་ལས་གཞི།
ཕྱི་མ།
བོད་མིའི་སྒྲིག་འཛུགས་ཀྱིས་སློབ་གྲྭ་དྲུག་རྩིས་ལེན་ཆེད་རྒྱ་གར་ཤེས་རིག་བློན་ཆེན་ལས་ཁུངས་དང་ལྷན་དུ་ཚོགས་འདུ་འཚོགས་ཡོད།