དགེ་བཤེས་བསྟན་འཛིན་ཕུན་ཚོགས།

༄༅།   །གཡུང་དྲུང་བོན་བསྟན་རྒྱས་པའི་སྨོན་ལམ་འདིའི་ཚིག་འགྲེལ་ཉུང་ངུ་ཞིག་འཆད་པ་ལ། སྔོན་འགྲོ་དངོས་གཞི་རྗེས་བྱ་དང་གསུམ་ལས། དང་པོ་ལ་ཕྱག་འཚལ་བར་བསྟན་པ་དང༌། སྨོན་ལམ་འགྲུབ་པར་བྱེད་པའི་རྒྱུ་བསྟན་པ་གཉིས་ལས། དང་པོ་ན༷་མོ༷་ནི་ལེགས་སྦྱར་རམ་ཞང་སྐད་དེ་བོད་སྐད་དུ་ཕྱག་འཚལ་ཞེས་པའི་དོན་བསྟན་པ་ལ་གསུམ་ལས། དང་པོ་ཡུལ་གང་ལ་ཕྱག་འཚལ་ན། སྐྱབས་གནས་དཀོན་མཆོག་གསུམ་མམ་ཡུལ་མཆོག་གནས་བཞི་ལ་འཚལ། གཉིས་པ་ཚུལ་ཇི་ལྟར་འཚལ་ན། ལུས་གུས་པ། ངག་སྙན་པ། ཡིད་མོས་པ་སྟེ་ལུས་ངག་ཡིད་གསུམ་གུས་པས་སྒོ་ནས་འཚལ།  གསུམ་པ་འཚལ་བའི་དགོས་པ་ནི། སྐབས་བབས་ཀྱི་བྱ་བ་བསྟན་པ་རྒྱས་པའི་སྨོན་ལམ་བཟང་པོ་འདི་བརྩམ་པའི་བར་ཆད་ཞི་བ་དང༌། རང་རྒྱུད་ལ་རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་དགོས་པ་ཁྱད་པར་ཅན་ཡོད་དོ། །
    གཉིས་པ་རྒྱུ་ལ། སྨོན་ལམ་འགྲུབ་པར་བྱེད་པའི་རྒྱུ་ངོས་བཟུང་བ་དང༌། རྒྱུ་དེ་ཉིད་ཀྱིས་སྨོན་པའི་དོན་འགྲུབ་པར་བྱེད་པའི་སྨོན་པ་གཉིས་ལས། དང་པོ་ནི།
        བསླུ་མེད་སྐྱབས་མཆོག་རྣམས་ཀྱི་བྱིན་རླབས་དང༌། །རྣམ་དཀར་དགེ་ཚོགས་བསྒྲུབས་པའི་ནུས་མཐུ་དང༌། །བོན་ཉིད་རྣམ་པར་དག་པའི་བདེན་སྟོབས་ཀྱིས། །
    ཞེས་པས་བསྟན་ཏེ། རང་གཞན་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་གང་ལའང་བསླུ༷་བ་མེ༷ད་ཅིང༌། འདི་ཕྱིའི་འཇིགས་པ་ཀུན་ལས་སྐྱོབ་པའི་སྐྱབ༷ས་ཀྱི་མཆོ༷ག་བླ་མ་སངས་རྒྱས་བོན་དང་གཤེན་རབ་རྣམ༷ས་ཀྱི༷་ཐུགས་རྗེའི་གཟི་བྱི༷ན་གྱི་རླ༷བས་ད༷ང༌། སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་པའི་སྐྱེ་འགྲོ་རྣམས་ཀྱི་སྙན་ཐོབ་གྲགས་བདེ་ལ་སོགས་པས་བསླད་པ་མེད་ཅིང་བསམ་སྦྱོར་རྣ༷མ་པ་རབ་ཏུ་དཀ༷ར་བའི་ལུས་ངག་ཡིད་གསུམ་གྱི་དགེ༷་བའི་ལེགས་ཚོག༷ས་ཚེ་རབས་ནས་བསྒྲུ༷བས་ཤིང་ཉམས་ལེན་བྱས་པ༷འི་སྟོབས་ཤུགས་ནུ༷ས་པའི་མཐུ༷་དང༷༌། འཁོར་འདས་ཤེས་བྱས་བསྡུས་པའི་བོ༷ན་ཐམས་ཅད་ཀྱི་རང་བཞིན་གཤིས་ཀྱི་གནས་ལུགས་སྟོང་པ་ཉི༷ད་ཡིན་པ་དང༌། དེ་ཉིད་སེམས་ཅན་གྱི་རྒྱུད་ཀྱི་བདག་འཛིན་དང་བདེན་འཛིན་གང་གིས་བསླད་པ་མེད་ཅིང་དེའི་ཡུལ་ལས་དབེན་པས་རྣམ༷་པ༷ར་ད༷ག་པ༷འི་རང་བཞིན་དང་བདེ༷ན་ཞེས་རྫུན་གྱི་ལྡོག་ཕྱོགས་སམ་རང་བཞིན་བདེན་པར་མ་གྲུབ་པའི་སྟོབ༷ས་ཤུགས་ཀྱི༷ས། ཞེས་གོང་གི་ཚིག་རྐང་གསུམ་གྱི་བྱེད་པ་མཉམ་དུ་སྟོན་པའི་སྒྲའོ། །   
གཉིས་པ་ནི། ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག །  ཅེས་རང་ལ་ལེགས་ཚོགས་ཀྱི་བྱ་བ་བསྒྲུབ་འདུན་ཇི༷་ཡོད་ཐམས་ཅད་བསམ་པ་ལྟ༷ར་སྨོ༷ན་ལམ་བཏབ་པ༷འི་དོ༷ན་རྣམས་ཀུ༷ན་མ་ལུས་པ་འགྲུ༷བ་པར་གྱུ༷ར་ཅི༷ག ཅེས་སྨོན་ལམ་འདེབས་པའོ།།
    གཉིས་པ་དངོས་གཞི་གཞུང་གི་དོན་ལ་གསུམ་ལས། དང་པོ་སྤྱིར་འགྲོ་ཀུན་ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་དང་བསྟན་འཛིན་བསྟན་སྦྱིན་ཐམས་ཅད་འཕེལ་ཞིང་རྒྱས་ནས་སྲིད་མཐའི་བར་དུ་གནས་པར་བསྟན་པ་ནི།
        བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན། །བསྟན་འཛིན་བུ་སློབ་བཤད་སྒྲུབ་འཕེལ་བ་དང༌། །བསྟན་སྦྱིན་མངའ་ཐང་ལོངས་སྤྱོད་རྒྱས་པ་དང༌། །བསྟན་པ་སྲིད་མཐའི་བར་དུ་གནས་གྱུར་ཅིག །
    ཅེས་པས། ཕྱི་རོལ་པའི་བསྟན་པས་ཟླ་མི་ཡོང་བ་ལྟ་ཅི་ཚེ་ལོ་བརྒྱ་པའི་སྐབས་ཀྱི་ནང་པ་ཐམས་ཅད་ཀྱི་ནང་ནས་ཀྱང་བསྟ༷ན་པ༷འི་བྱུང་ཁུངས་སམ་སྙི༷ང་པོ༷་ནི་སྒྲིབ་གཉིས་རྣམ་པར་བྱང་ཞིང་སྤངས་རྟོགས་ཀྱི་ཡོན་ཏན་མ་ལུས་པ་རྫོགས་པའི་ས༷ངས་རྒྱ༷ས་རྒྱལ་བ་གཤེན་རབ་མི་བོ་ཆེའི་བསྟན་པ་གཡུ༷ང་དྲུ༷ང་གི་བོ༷ན་རིན་པོ་ཆེ་འདི་ཡིན་པ་དང༌། སངས་རྒྱས་ཀྱི་བསྟ༷ན་པའི་སྒོར་ཞུགས་ཤིང་བསྟན་པ་རིན་པོ་ཆེ་འཛི༷ན་སྐྱོང་སྤེལ་གསུམ་བྱེད་པའི་སྐྱེས་མཆོག་རང་གི་བུ༷་ལྟར་གཅེས་པའི་སློབ༷་མ་རྣམས་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་བཤ༷ད་ཉན་སྒོམ་སྒྲུ༷བ་བྱེད་པ་པོ་དབྱར་གྱི་རྩི་ཐོག་བཞིན་རྒྱས་ཤིང་འཕེ༷ལ་བ༷་ད༷ང༌། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟ༷ན་པ་དང་ཁྱད་པར་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བསྟན་པའི་སྦྱི༷ན་བདག་རྣམས་ཀྱང་རྒྱལ་པོ་རྣམ་ཐོས་སྲས་ཀྱི་མང༷འ་ཐ༷ང་ལོ༷ངས་སྤྱོ༷ད་ལྟར་རྒྱ༷ས་པ༷་ད༷ང༌། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟ༷ན་པ༷་རིན་པོ་ཆེ་སྲི༷ད་མཐ༷འི་བ༷ར་དུ༷་གན༷ས་པར་གྱུ༷ར་ཅི༷ག ཅེས་སྨོན་ལམ་འདེབས་པའོ། །
    གཉིས་པ་ནི། ཁྱད་པར་དུ་བརྒྱུད་གསུམ་བསྟན་པའི་མངའ་བདག་རྒྱལ་བ་གཉིས་པ་མཉམ་མེད་སྨན་རི་བའི་རིང་ལུགས་མདོ་སྔགས་སེམས་གསུམ་གྱི་བསྟན་པ་རིན་པོ་ཆེ་ཡུན་རིང་པོར་གནས་པར་སྨོན་པ་ནི།
        ཁྱད་པར་རྗེ་བཙུན་མཉམ་མེད་བླ་མ་ཡི། །རིང་ལུགས་འཁྲུལ་མེད་གཤེན་བསྟན་སྨན་རི་བའི། །མདོ་སྔགས་ཉི་ཟླ་ཟུང་འབྲེལ་བསྟན་པའི་མཆོག །དུས་ཀུན་ཉམས་མེད་ཡུན་རིང་གནས་གྱུར་ཅིག །
    ཅེས་པས་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་སྨོན་ཚིག་སྔོན་དུ་བསྟན་ནས་ཁྱ༷ད་པ༷ར་དུ་སྤྱི་བོར་བཀུར་བར་འོས་པའི་རྗེ༷་བོ་དང་ཕྱི་ཚུལ་ནང་ཁྲིམས་རྣམ་པར་དག་པའི་བཙུ༷ན་པ་སྟེ་སུས་ཀྱང་འགྲན་པའི་ཟླ་དང་བྲལ་བའམ་མཉ༷མ་པ་མེ༷ད་པ་སྲིད་ཞི་ཀུན་གྱི་བླ༷་རུ་གྱུར་ཅིང་ཁམས་གསུམ་སེམས་ཅན་ལ་མ༷་ལྟར་བྱམས་པ་དེ་ཡི༷་རི༷ང་ལུ༷གས་འཁྲུ༷ལ་བ་མེ༷ད་པ་བརྒྱ་པའི་མགོན་པོ་གཤེ༷ན་གྱི་བསྟ༷ན་པ་བོན་སྒོ་ཕྱི་ནང་གསང་གསུམ་བདུད་རྩིའི་སྨ༷ན་མཆོག་ལྟ་བུའི་དབང་ལུང་བྱིན་རླབས་རི༷་བོ་ལྟར་བརྩེགས་པའི་གནས་ཀྱི་བདག་པོར་གྱུར་པ༷འི་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེར་སྤང་བྱ་དང་བླང་བྱའི་གནད་ཕྱིན་ཅི་མ་ལོག་པར་བསྟན་ཞིང་རྒྱལ་བསྟན་གྱི་གནད་དང་དོན་གྱི་མདོ༷་རུ་གྱུར་པ་དང༌། བློ་གྲོས་དང་ལས་སྐལ་མཆོག་ཏུ་གྱུར་པའི་སྐྱེས་བུ་རྣམས་ལ་འོས་ཤིང་འཚམས་པའི་དགོས་མཁོར་ཤིན་ཏུ་བསྔགས་པའི་སྔ༷གས་དང༌། དེ་གཉིས་བྱེད་ནུས་ཀྱི་དབང་དུ་བྱས་ན་མཁའ་དབྱིངས་སུ་ཤར་བའི་ཉི༷་མ་དང་ཟླ༷་བས་ཕྱི་ཡི་མུན་པ་སེལ་བ་དང༌། མདོ་སྔགས་ཉམས་ལེན་གྱིས་ནང་གདུལ་བྱའི་བློ་མུན་སེལ་བ་གཉིས་ཚུལ་མཚུངས་པར་མ་ཟད། ཕྱི་སོ་ཐར་གྱི་བསླབ་པས་སྐུ་བཙན་ཞིང༌། ནང་རིམ་གཉིས་ལ་དབང་འབྱོར་བའི་ཉམས་ལེན་གཉིས་ཟུ༷ང་དུ་འབྲེ༷ལ་བ་ནི་ལུགས་འགའ་རེས་མདོ་པས་སྔགས་མི་འབྱོར་བ་དང༌། སྔགས་པས་མདོ་མི་འབྱོར་བ། མདོ་རྐྱང་སྔགས་རྐྱང་བསྟ༷ན་པ༷འི་ལུགས་སུས་ཀྱང་འགྲན་ཟླ་མེད་པས་མཆོ༷ག་ཏུ་གྱུར་པ་མ་ཟད། དེ་ལྟ་བུའི་བསྟན་པ་དེ་ཉིད་དུ༷ས་དང་གནས་སྐབས་ཀུ༷ན་ཏུ་ཉམ༷ས་པ་མེ༷ད་པར་ཆུ་བོའི་རྒྱུན་བཞིན་ཡུ༷ན་རི༷ང་དུ་གན༷ས་ཤིང་བརྟན་པར་གྱུ༷ར་ཅི༷ག་ཅེས་གསུངས་པས་སོ། །
    གསུམ་པ་ཡང་ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་མཛད་མཚུངས་མེད་བླ་མའི་ཞབས་པད་བསྐལ་བརྒྱར་བརྟན་པ་དང༌། འདུས་སྡེ་རྒྱ་མཚོའི་ཚོགས་རྣམས་རབ་ཏུ་དར་ནས་སྙན་གྲགས་ཀྱིས་ས་སྟེང་མ་ལུས་པ་ཁྱབ་པ་སྨོན་པ་ཡིན་ཏེ།
        དེ་ཉིད་འཛིན་སྐྱོང་སྤེལ་བའི་སྲོལ་འཛིན་པའི། །མཚུངས་མེད་བླ་མའི་ཞབས་པད་བརྟན་པ་དང༌། །རྣམ་དག་འདུས་སྡེ་དར་ཞིང་རྒྱས་པ་དང༌། །སྙན་པའི་གྲགས་ཆེན་ས་སྟེང་ཁྱབ་གྱུར་ཅིག །
    ཅེས་པས་སོ། །དེའི་དོན་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཁྱད་པར་དུ་རྗེ་བཙུན་སྨན་རི་བའི་བསྟན་པ་དེ༷་ཉི༷ད་འཛི༷ན་ཞིང་སྐྱོ༷ང་བ་དང་སྤེ༷ལ་བ༷འི་སྲོ༷ལ་འཛི༷ན་པ༷འི་བཀའ་དྲིན་མཚུ༷ངས་པ་མེ༷ད་པ་སུམ་ལྡན་བླ༷་མ༷འི་ཞ༷བས་ཀྱི་པ༷ད་མོ་བསྐལ་པ་བརྒྱ་ཡི་བར་དུ་མི་འགྱུར་གཡུང་དྲུང་གི་ཁྲི་ལ་བརྟ༷ན་ཅིང་གནས་པ༷་ད༷ང༌། ཉེས་པའི་སྐྱོན་གྱི་དྲི་མས་མ་གོས་པའི་ཕྱི་ཚུལ་ནང་ཁྲིམས་རྣ༷མ་པར་ད༷ག་པའི་འདུ༷ས་ཚོགས་སེམས་དཔའ་རྒྱ་མཚོའི་སྡེ༷་རྣམས་རབ་ཏུ་ད༷ར་ཞི༷ང་གདུལ་བྱའི་དཔལ་དུ་དབྱར་གྱི་ཆུ་བོའི་གཏེར་བཞིན་རྒྱ༷ས་པ༷་ད༷ང༌། དེ་ཉིད་ཀྱི་སྙ༷ན་པ༷འི་གྲ༷གས་པ་ཆེ༷ན་པོ་སྟེ་དབྱར་གྱི་རྔ་གསང་ལྟ་བུས་གནས་ཡུལ་ཁོལ་བུ་ཞིག་ཏུ་ཁྱབ་པར་སྨོན་པ་ཙམ་མ་ཡིན་པ་ས༷་སྟེ༷ང་ཀུན་ལ་ཁྱ༷བ་པར་གྱུ༷ར་ཅི༷ག་ཅེས་པ་ཡིན་ནོ། །
    གསུམ་པ་མཐར་རྗེས་འཇུག་གི་དོན་ལ། གང་གི་སྨོན་པའི་དོན་རྣམས་འགྲུབ་པ་དང༌། དེ་ལ་བརྟེན་ནས་མཁའ་མཉམ་འགྲོ་བ་ཀུན་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་རྫོགས་སངས་རྒྱས་པའི་ཤིས་སྨོན་གྱིས་མཐར་བརྒྱན་པ་ནི།
        དེ་ལ་བརྟེན་ནས་མཁའ་མཉམ་འགྲོ་བ་ཀུན། །ནད་མུག་འཁྲུག་རྩོད་རབ་ཏུ་ཞི་ནས་ཀྱང༌། །ཕན་བདེ་སྐྱིད་པའི་ཉི་མ་འབུམ་ཤར་ནས། །མཐར་ཐུག་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག །
    ཅེས་པས། དེ༷་ལྟར་སྨོན་ལམ་རྣམ་པར་དག་པའི་མཐུ་དང་ནུས་པ་ལ༷་བརྟེ༷ན་ན༷ས་ཧ་ཅང་རྒྱ་ཆེ་ཞིང་གྲངས་མང་བའི་སྟབས་ཀྱིས་ནམ་མཁ༷འ་དང་མཉ༷མ་པའི་འགྲོ༷་བ༷་རིགས་དྲུག་གི་སེམས་ཅན་ཀུ༷ན་ཚེ་འདིའི་སྡུག་བསྔལ་རགས་པའི་ཚོགས་ལུས་ཀྱི་འབྱུང་བཞི་འཁྲུག་པའི་ན༷ད་དང༌། བཟའ་བཏུང་གིས་དབུལ་ཞིང་བཀྲེས་སྐོམ་གྱིས་གདུང་བའི་མུ༷ག་གེ་དང༌། རང་རྒྱུད་རྣམ་པར་མ་ཞི་བ་ཞེ་སྡང་ལས་སོགས་ཀྱི་དབང་གིས་འཁྲུ༷ག་པ་དང་རྩོ༷ད་པའི་སྡུག་བསྔལ་ཐམས་ཅད་རྩ་བ་ནས་མེད་པར་ར༷བ་ཏུ༷་ཞི༷་ཞིང་བརླགས་ན༷ས་ཀྱ༷ང༌། སྨྲས་མ་ཐག་པའི་མི་མཐུན་པའི་ཚོགས་རྣམས་ཞི་བའི་ཕ༷ན་པ་དང༌། སེམས་ཅན་རྣམས་ལུས་བདེ༷་བ་དང༌། སེམས་སྐྱི༷ད་པ༷འི་དགའ་སྤྲོ་ཉི༷་མ༷་འབུ༷མ་ཕྲག་གཅིག་ཤ༷ར་བའི་གཟི་འོད་ལྟ་བུ་རྒྱས་ན༷ས་གནས་སྐབས་ཀྱི་བདེ་བ་དེ་ཙམ་ལ་དུས་འདའ་བར་མ་ཡིན་པར་བདེ་བ་ཆེན་པོ་སྟེ་མཐ༷ར་ཐུ༷ག་བླ་ན་མེད་པར་རྫོ༷གས་པའི་སང༷ས་རྒྱ༷ས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པ༷འི་བཀྲ༷་ཤིས༷་ཤོག༷་ཅེས་ཤིས་སྨོན་རྣམ་པ་དག་པས་མཐར་བརྒྱན་ཏེ་བསྟན་པ་ཡིན་ནོ། །ཐ་ཚན་མུ་ཙུག་སྨར་རོ། །
མཆན། སྨོན་ལམ་འདི་ནི་སྨན་རིའི་ཁྲི་འཛིན་ཉེར་གསུམ་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པ་ཞིག་དང་ད་ལྟ་བོན་གཞིས་ཉིན་སློབ་ཀྱི་རྒྱུན་སྤྱོད་ཞལ་འདོན་ཡང་ཡིན།
དགེ་བཤེས་བསྟན་འཛིན་ཕུན་ཚོགས་ནི། དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་པོ་དང༌། དཔེ་ཁྲིད་སློབ་དཔོན་གྱི་གཙོ་འགན་བཞེས་བཞིན་ཡོད།

མདུན་ཤོག