ཁ་སྒང་བསམ་གཏན་རྒྱ་མཚོ།
༡ དྲི་བ། དོན་རྒྱན་གཉིས་པའི་ནང་གསེས་ཕུལ་བྱུང་གི་དཔེ་དང༌། དོན་རྒྱན་བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་གཉིས་ལ་འདྲ་བའི་ཆ་དང་མི་འདྲ་བའི་ཆ་གང་ཡོད་དམ།
དྲིས་ལན། རྒྱན་འདི་གཉིས་ཀྱི་འདྲ་བའི་ཆ་ནི་འཇིག་རྟེན་གྲགས་ཚོད་ཀྱི་མཚམས་ལས་བརྒལ་ཏེ་འུད་ཆེན་པོ་བྱས་ནས་བརྗོད་པ་འདྲ་ཡང༌། མི་འདྲ་ས་ནི་ཕུལ་བྱུང་གི་དཔེའི་སྐབས་དཔེ་དོན་འབྱེད་བྱེད་ཀྱི་ཆོས་དུ་མ་ཞིག་ཡོད་ཀྱང་འདིར་དཔེ་ཅན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དཔེའིེ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཉིས་ལས་མེད་ཅེས་འུད་ཆེན་པོས་བརྗོད་པ་དེ་ཕུལ་བྱུང་ཡིན་ལ། ཤུགས་ནས་དཔེ་དོན་གཉིས་མཚུངས་པར་བསྟན་པས་ན་ཕུལ་བྱུང་གི་དཔེ་ཞེས་བརྗོད་པ་དང༌། ཕུལ་བྱུང་གི་རྒྱན་སྐབས་དེ་ལྟར་མ་ཡིན་པར་ཁྱད་པར་གྱི་བརྗོད་འདོད་གང་ཡིན་པ་དེ་འཇིག་རྟེན་གྲགས་ཚོད་ཀྱི་མཚམས་ལས་བརྒལ་པར་གྱུར་ནས་འུད་ཀྱིས་བརྗོད་པ་ཙམ་ཡིན། མདོར་ན་ཕུལ་བྱུང་གི་དཔེའི་སྐབས་ཕུལ་བྱུང་གི་སྒྲའི་འཇུག་ཡུལ་དཔེ་དོན་འབྱེད་བྱེད་ཀྱི་ཆོས་འདི་གཉིས་ལས་གཞན་མེད་ཅེས་པ་འདི་ཡིན་ལ། ཕུལ་བྱུང་རྒྱན་གྱི་ཕུལ་བྱུང་ཞེས་བརྗོད་པའི་སྒྲ་ནི་བརྗོད་འདོད་གང་ཡིན་པ་དེ་ངོ་མཚར་གྱི་རྗོད་བྱེད་སྤྱི་ཡོངས་ལ་ཁྱབ་དགོས་པས་ཁྱད་པར་ཡོད་དོ། །
༢ དྲི་བ། འོ་ན་ལེའུ་གཉིས་པའི་ཕུལ་བྱུང་གི་རྒྱན་དང༌། ལེའུ་དང་པོའི་མཛེས་པའི་ཡོན་ཏན་གཉིས་ལ་ཁྱད་པར་གང་ཞིག་ཡོད་དམ།
ལན། རྒྱན་འདི་གཉིས་ལ་ཁྱད་པ་ཡོད་དེ། <<དབྱངས་ཅན་དགྱེས་གླུ>>ལས། ལེའུ་དང་པོ་མཛེས་པའི་རྒྱན་གྱི་སྐབས་སུ། ལག་པ་ལྟ་བུ་ཕུ་ཐུང་གི་ནང་དུ་འཇུག་བཞིན་པ་ཞིག་ལ། ལག་པ་འདི་ཆེ་དྲགས་ནས་ཕུ་ཐུང་གི་ནང་དུ་མ་ཤོང་ངོ་ཞེས་འུད་ཆེན་པོ་བརྗོད་པ་ཙམ་ཡིན་ལ། ཕུལ་བྱུང་གི་སྐབས་སུ་ལག་པ་འདི་གང་གིས་ཀྱང་གཞལ་མི་ནུས་པའི་ཆེན་པོ་ཞིག་ཡིན་ཡང༌། ཕུ་ཐུང་འདིར་ཚུད་པ་ཡ་མཚན་ནོ་ཞེས་པ་ལྟ་བུ་ཞིག་ཡིན་པའི་ཁྱད་པར་ཆེ་ཞེས་གསུངས་པ་ལྟར། རྒྱན་འདི་གཉིས་ཀྱང་འཇིག་རྟེན་གྲགས་ཚོད་ལས་རིང་དུ་བརྒལ་ནས་འུད་ཀྱིས་བརྗོད་པ་འདྲ་ནའང༌། བརྗོད་ཚུལ་གྱི་རྣམ་པ་མི་འདྲ་སྟེ། མཛེས་བའི་ཡོན་ཏན་སྐབས་ལག་པ་འདི་ཆེ་དྲགས་ནས་ཕུ་ཐུང་གི་ནང་དུ་མ་ཤོང་ངོ་ཞེས་འུད་ཀྱིས་བརྗོད་པ་ཙམ་ལས་ངོ་མཚར་བའི་བརྗོད་ཉམས་མེད་ལ། ཕུལ་བྱུང་གི་རྒྱན་སྐབས་ལག་པ་འདི་གང་གིས་ཀྱང་གཞལ་མི་ནུས་པའི་ཆེན་པོ་ཞིག་ཡིན་ཡང་ཕུ་ཐུང་འདིར་ཚུད་པ་ཡ་མཚན་ནོ་ཞེས་འུད་ཀྱིས་བརྗོད་པ་ཙམ་མ་ཡིན་པར་ངོ་མཚར་བའི་བརྗོད་ཚུལ་གྱི་ཉམས་འབུར་དུ་ཐོན་ཡོད་པ་ལྟ་བུའི་ཁྱད་པར་ཡོད་དོ། །
༣ དྲི་བ། ཕུལ་བྱུང་གི་དཔེ་དང་ལྡོག་པ་ཅན་གྱི་རྒྱན་གྱི་ནང་གསེས་རྟེན་གྱི་ལྡོག་པ་ཅན་གཉིས་ལ་འདྲ་བའི་ཆ་དང་མི་འདྲ་བའི་ཆ་ཡོད་དམ།
ལན། ཡོད་དེ། འདྲ་བའི་ཆ་ནི་དཔེ་དོན་གཉིས་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་བཀོད་ནས་མི་མཚུངས་པར་དངོས་སུ་བསྟན་པ་དང་ཤུགས་ལས་དངོས་པོ་དེ་གཉིས་མཚུངས་པར་བསྟན་པ་ནི་འདྲ། འོན་ཀྱང་མི་འདྲ་ས་ནི། ཕུལ་བྱུང་གི་དཔེའི་སྐབས་གོང་དུ་བརྗོད་པ་བཞིན་འཇིག་རྟེན་གྲགས་ཚོད་ལས་བརྒལ་བའི་འུད་བརྗོད་ཀྱི་རྣམ་པ་དགོས་ལ། རྟེན་གྱི་ལྡོག་པ་ཅན་ལ་དེ་མི་དགོས་པའི་ཁྱད་པར་ཡོད། དཔེར་ན། ཕུལ་བྱུང་གི་དཔེའི་སྐབས་རྩ་བར། ཁྱོད་ཀྱི་ཞལ་ནི་ཁྱོད་ཉིད་ལ། །མཐོང་ཞིང་ཟླ་བ་མཁའ་ལ་མཐོང༌། །འདི་ཉིད་ཁཽ་ན་ཐ་དད་དེ། །གཞན་མེད་་་་་་་་་་་་་༌། །ཅེས་དཔེ་ཅན་ཞལ་དང་དཔེ་ཟླ་བ་གཉིས་མི་མཚུངས་པའི་ཁྱད་པར་མཐོང་སའི་ཡུལ་ཐ་དད་དུ་གནས་པ་དངོས་སུ་བརྗོད་པ་ཙམ་མ་ཡིན་པར་འབྱེད་བྱེད་ཀྱི་ཆོས་དེ་གཉིས་ལས་གཞན་མེད་ཅེས་འུད་ཆེན་པོས་བརྗོད་པ་ལྟ་བུ་ཡིན་ལ། རྟེན་གྱི་ལྡོག་པ་ཅན་གྱི་རྩ་བར། ཁྱོད་ཀྱི་གདོང་དང་པདྨ་སྟེ། །འདི་གཉིས་ཀྱི་ནི་ཁྱད་པར་ཡང༌། །པདྨ་ཆུ་ལས་སྐྱེས་པ་དང༌། །ཁྱོད་གདོང་ཁྱོད་ལ་བརྟེན་པའོ། །ཞེས་པདྨ་ཆུ་ལས་སྐྱེས་པ་དང༌། གདོང་ལུས་ལ་བརྟེན་པ་གཉིས་ཀྱིས་མི་མཚུངས་པ་དངོས་སུ་བསྟན་ནས་ཤུགས་ལ་མཚུངས་པ་ཙམ་དངོས་སུ་བརྗོད་པ་མ་གཏོགས་གཞན་མེད་ཅེས་ཕུལ་བྱུང་གི་དཔེ་ལྟ་བུའི་བརྗོད་ཚུལ་དེ་མེད་པ་ཡིན་ནོ། །
༤ དྲི་བ། དཔེ་རྒྱན་གྱི་ནང་གསེས་གཏན་འབེབས་ཀྱི་དཔེ་དང༌། འགོག་རྒྱན་ནང་གསེས་ཐེ་ཚོམ་ཀྱི་འགོག་པ་གཉིས་ལ་ཁྱད་པར་གང་ཡོད་དམ།
ལན། རྒྱན་འདི་གཉིས་ནི་བརྗོད་བྱའི་དངོས་པོ་གཉིས་འདྲ་ཆེ་བའི་དབང་གིས་སོ་སོར་ངོས་ཟིན་དཀའ་ནའང་དངོས་ཡོད་ཀྱི་རྒྱུ་མཚན་ཞིག་ལ་བརྟེན་ནས་ཡུལ་སོ་སོར་ངེས་པ་རྙེད་པའི་སྒོ་ནས་འཁྲུལ་བ་གཅོད་པ་གཅིག་མཚུངས་ཡིན་ནའང༌། འཁྲུལ་བ་གཅོད་ཚུལ་མི་འདྲ་སྟེ། གཏན་འབེབས་ཀྱི་དཔེ་སྐབས་འཁྲུལ་བ་གཅོད་བྱེད་ཀྱི་རྟགས་ལ་བརྟེན་ནས་དཔེའི་དངོས་པོ་ཡིན་པ་བཀག་ནས་དཔེ་ཅན་གྱི་དངོས་པོ་ཡིན་པ་ཚིག་གི་ལམ་ནས་གསལ་བརྗོད་བྱས་པའི་སྒོ་ནས་དཔེ་ཅན་གཏན་ལ་ཕབ་པ་དང༌། ཐེ་ཚོམ་གྱིས་འགོག་པའི་སྐབས་འཁྲུལ་བ་གཅོད་བྱེད་ཀྱི་རྟགས་ལ་བརྟེན་ནས་དཔེའི་དངོས་པོ་ཡིན་པ་དེ་ཚིག་གསལ་གྱིས་བརྗོད་མི་དགོས་སོ།། དཔེར་ན། གཏན་འབེབས་ཀྱི་དཔེའི་རྩ་བར། ཟླ་བས་ཚར་གཅོད་པདྨ་མིན། །དེ་ཕྱིར་ཁྱེད་ཀྱི་གདོང་ཉིད་དོ། །ཞེས་དང༌། ཐེ་ཚོམ་གྱིས་འགོག་པའི་རྩ་བར། སྒྲ་འདི་རྐང་གདུབ་ཀྱི་འདྲ་བ། །ཐོས་པས་དེ་ནི་ཆུ་འཛིན་མིན། ། ཞེས་གསུངས་པ་ལྟ་བུའོ། །
༥ དྲི་བ། དེ་ཉིད་བརྗོད་པའི་དཔེ་དང་བསྙོན་དོར་གཟུགས་ཅན་གཉིས་ཀྱི་ཁྱད་པར་ཅི་ལྟར་འབྱེད་དམ།
ལན། རྒྱན་འདི་གཉིས་ཀྱི་ཁྱད་པར་ནི། དེ་ཉིད་བརྗོད་པའི་དཔེ་སྐབས་སུ་དཔེ་དོན་གྱི་དངོས་པོ་གཉིས་འདྲ་ཆེ་ནའང༌། ཞིབ་ཏུ་བརྟགས་པས་ན་དཔེ་ཅན་གྱི་དངོས་པོ་གང་ཡིན་པ་དེ་ངོས་ཟིན་པར་བརྗོད་པ་ཞིག་ཡིན་ལ། བསྙོན་དོར་གྱི་གཟུགས་ཅན་ནི། དཔེ་ཅན་གྱི་དངོས་པོ་དེར་ཡིན་པ་ལ་མ་ཡིན་པར་ཞེས་དངོས་སུ་བསྙོན་དོར་ནས་རང་དང་འདྲ་ཆེ་བའི་དངོས་པོ་ཞིག་གི་ངོར་སྒྲོ་བཏགས་པ་ཞིག་དགོས། དེ་ཡང་གསལ་པོར་བཤད་ན། དེ་ཉིད་བརྗོད་པར་དཔེ་ལ་དགག་ཚིག་སྦྱར་ནས་དཔེ་ཅན་ཡིན་པར་སྟོན་པ་དང༌། བསྙོན་དོར་གཟུགས་ཅན་ནི་དཔེ་ཅན་ལ་དགག་ཚིག་སྦྱར་ནས་དཔེ་ཡིན་པར་བརྗོད་དགོས་པ་ཡིན་ནོ། ། ཞིབ་ཏུ་རྩ་བའི་དཔེར་བརྗོད་ལ་གཟིགས་པར་འཚལ།
༦ དྲི་བ། འོ་ན་དེ་ཉིད་བརྗོད་པའི་དཔེ་དང་གཏན་འབེབས་ཀྱི་དཔེ་གཉིས་འདྲ་མཚུངས་སུ་གྱུར་པའི་སྐྱོན་མེད་དམ།
ལན། སྤྱིར་རྒྱན་འདི་གཉིས་ཀར་ཡང་འདྲ་ཆེ་བའི་དབང་གིས་དཔེ་དོན་གྱི་དངོས་པོ་སོ་སོར་འབྱེད་དཀའ་ཡང༌། ཞིབ་ཏུ་བརྟགས་པའམ་དཔྱད་པ་ལ་བརྟེན་པའི་རྒྱུ་མཚན་གྱིས་དཔེ་དོན་དངོས་པོ་སོ་སོར་འབྱེད་པའི་ཆ་ནས་ཅུང་འདྲ་ནའང༌། གཏན་འབེབས་ཀྱི་དཔེ་ལ་དཔེ་དོན་སོ་སོར་འབྱེད་བྱེད་ཀྱི་རྟགས་དེ་ཚིག་གི་དངོས་ཟིན་དུ་དགོས་པ་དང༌། དེ་ཉིད་བརྗོད་པའི་དཔེ་ལ་རྟགས་དེ་མངོན་སུམ་དུ་མི་དགོས་པའི་ཁྱད་པར་ཡོད་དོ། །དཔེར་ན། གཏན་འབེབས་ཀྱི་དཔེ་རྩ་བར། ཟླ་བས་ཚར་གཅོད་པདྨ་མིན། །ཞེས་ཟླ་འོད་ཀྱིས་ཚར་གཅོད་པའི་རྟགས་ཀྱིས་པདྨ་མ་ཡིན་ཞིང་དཔེ་ཅན་གདོང་ཉིད་ཡིན་པར་བསྟན་པ་དང༌། དེ་ཉིད་བརྗོད་པའི་དཔེར། འདི་ནི་བཞིན་ཉིད་པདྨ་མིན། །འདི་དག་བུང་བ་མ་ཡིན་མིག །ཅེས་རྒྱུ་མཚན་གང་ཞིག་གི་སྒོ་ནས་དཔེ་ཅན་བཞིན་ཡིན་པ་དང་དཔེ་པདྨ་མིན་པ། ཡང་དཔེ་བུང་བ་མ་ཡིན་ཞིང་དཔེ་ཅན་མིག་ཡིན་པ་སོ་སོར་ཕྱེས་པ་ཡིན་མོད། འོན་ཀྱང་དེ་ལྟར་སོ་སོར་འབྱེད་བྱེད་ཀྱི་རྟགས་དང་རྒྱུ་མཚན་ཚིག་གི་དངོས་ཟིན་ལ་མེད་པ་ལྟ་བུའི་སྒོ་ནས་ཁྱད་པར་ཡོད་དོ། །
༧ དྲི་བ། མང་བའི་དཔེ་དང་བསྟོད་པའི་མཚུངས་སྦྱོར་གྱི་རྒྱན་གཉིས་ལ་ཁྱད་པར་མཚུངས་པ་གསལ་བྱེད་ཀྱི་སྒྲ་ཡོད་མེད་ཙམ་ལས་བརྗོད་ཚུལ་གྱི་སྒོ་ནས་ཁྱད་པར་ཡོད་དམ།
ལན། བརྗོད་ཚུལ་གྱི་སྒོ་ནས་ཀྱང་ཁྱད་པར་ཡོད་དེ། མང་བའི་དཔེ་ནི་དཔེ་མང་བཀོད་པའི་ཁྱད་ཆོས་གཅིག་གིས་དཔེ་ཅན་གྱི་ཁྱད་ཆོས་དེ་ཉིད་དཔེ་ཁྱད་ཆོས་དང་འདྲ་བར་གསལ་བར་བྱེད་པ་ཞིག་ཡིན་ལ། བསྟོད་པའི་མཚུངས་སྦྱོར་ནི་དཔེ་མང་བཀོད་པའི་ཁྱད་ཆོས་གཅིག་གིས་དཔེ་ཅན་གྱི་ཁྱད་ཆོས་དང་མཚུངས་པ་གསལ་བར་བྱས་པ་མིན་པར། དཔེ་དང་དཔེ་ཅན་གཉིས་ཁྱད་འཕགས་ཡིན་མིན་གྱི་རྣམ་པ་མི་མཚུངས་ནའང༌། ཁྱད་ཆོས་ཀྱི་ཕྱོགས་གཅིག་གམ་སྒྲའི་འཇུག་ཡུལ་གཅིག་གིས་མཉམ་དུ་མཚུངས་པར་སྦྱར་བ་ཞིག་སྟེ་དཔེར་ན་མང་བའི་དཔེ་རྩ་བར། ཙན་དན་དང་ཆུ་སོགས་ཀྱི་ཁྱད་ཆོས་རེག་པ་བསིལ་བ་དེས་དཔེ་ཅན་དགའ་མའི་འཛུམ་གྱི་རེག་བྱ་གསལ་བར་བྱས་པ་མ་ཟད། དཔེ་དང་རང་བཞིན་མཚུངས་པར་བརྗོད་པ་ཡིན་ལ། བསྟོད་པའི་མཚུངས་སྦྱོར་དུ། འཇིག་རྟེན་སྐྱོང་བ་པོ་ཞེས་པའི་སྒྲས་རྒྱལ་པོ་དེ་ཡང་འཇིག་རྟེན་སྐྱོང་པ་པོ་ཡིན་པ་གསལ་བར་བྱེད་པ་མ་ཡིན་པར། འཇིག་རྟེན་སྐྱོང་པ་ཞེས་པའི་སྒྲ་ནི་རྒྱལ་པོ་དང་གཤིན་རྗེ་ལུས་ངན་སོགས་ལ་འཇུག་ཚུལ་གཅིག་གམ་མཉམ་དུ་སོང་བ་ལྟ་བུའི་སྒོ་ནས་ཁྱད་པར་ཡོད་པ་ཡིན་ནོ། །
༨ དྲི་བ། འོ་ན་བསྟོད་པའི་མཚུངས་སྦྱོར་དང་མཚུངས་སྦྱོར་གྱི་དཔེ་གཉིས་ལ་འདྲ་བའི་ཆ་དང་མི་འདྲ་བའི་ཆ་ཡོད་དམ།
ལན། ཡོད་དེ། འདྲ་བའི་ཆ་ནི་རྒྱན་འདི་གཉིས་ཀར་དཔེའི་དངོས་པོ་ཡོན་ཏན་ཁྱད་འཕགས་ཅན་དང༌། དཔེ་ཅན་གྱི་དངོས་པོ་ཅུང་དམན་པས་སྤྱིར་འགྲན་པར་མི་ནུས་ནའང༌། བརྗོད་འདོད་ཀྱི་དབང་གིས་མཚུངས་པར་སྦྱར་བ་འདྲ་བ་ཡིན་ལ། མི་འདྲ་བའི་ཆ་ནི། མཚུངས་སྦྱོར་གྱི་དཔེ་ལ་དཔེ་མང་པོ་བཀོད་མི་དགོས་པ་དང༌། དཔེ་དོན་གཉིས་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་བཀོད་པ་དེ་བྱ་བ་སོགས་རིགས་འདྲ་བའི་རང་བཞིན་གཅིག་ཏུ་བསྡུས་ནས་དཔེ་དོན་ཕན་ཚུན་མཚུངས་པར་བརྗོད་དགོས་པ་ཡིན། དཔེར་ན་དེའི་རྩ་བའི་དཔེ་བརྗོད་ལ། པུ་ལོ་མ་དགྲས་མཐོ་རིས་དང༌། །ཁྱོད་ཀྱིས་ས་སྲུང་མེལ་ཚེ་བྱེད། །ཅེས་པ་ལྟ་བུར་མཚོན་ན། མཐོ་རིས་དང་ས་སྲུང་ནི་རིམ་བཞིན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ལ། ཁྱད་ཆོས་དེ་གཉིས་བྱ་བ་རིགས་གཅིག་པ་སྟེ་མེལ་ཚེ་བྱེད་པའི་བྱ་བ་གཅིག་ལ་བསྡུས་ནས་ཕན་ཚུན་མཚུངས་བར་སྦྱོར་བ་དང༌། བསྟོད་པའི་མཚུངས་སྦྱོར་ནི་གོང་དུ་བརྗོད་པ་བཞིན་ཡིན་ལ། དེར་དཔེ་གཅིག་གི་མི་ཆོག་པར་དཔེ་མང་བཀོད་དགོས་པ་དང༌། དཔེ་དོན་སོ་སོའི་ཁྱད་ཆོས་ནི་བཀོད་མི་དགོས་པས་འདྲ་བ་མ་ཡིན་ནོ། །
༩ དྲི་བ། དཔེ་རྒྱན་གྱི་ཟླ་བོ་དངོས་པོའི་དཔེ་དང་དོན་གཞན་བཀོད་པའི་རྒྱན་ལས་ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ་གཉིས་ཀྱི་ཁྱད་པར་ཇི་ལྟར་འབྱེད་དགོས་སམ།
ལན། རྒྱན་འདི་གཉིས་ཀྱི་ཁྱད་པར་ནི་འདི་ལྟར་འབྱེད་དགོས་ཏེ། ཟླ་བོ་དངོས་པོའི་དཔེ་ནི་དངོས་པོ་གང་ཞིག་ལ་དེ་དང་ཆོས་མཐུན་གྱི་དངོས་པོ་ཞིག་ཟླ་བོའི་ཚུལ་དུ་རྗེས་སུ་བཀོད་ནས་དངོས་པོ་དེ་གཉིས་མཚུངས་པ་ཙམ་སྟོན་པ་ཡིན་ལ། ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ་ནི་སྔ་མར་བཀོད་པའི་དངོས་པོ་ཁྱད་ཆོས་དང་མཚུངས་པའི་དངོས་པོ་གཞན་ཞིག་བཀོད་པ་ཙམ་མ་ཡིན་པར། སྔ་མའི་དོན་དེ་ཉིད་བསྒྲུབ་བྱར་བྱས་ནས་ཕྱི་མའི་དོན་དེ་ཉིད་སྒྲུབ་བྱེད་དུ་བཀོད་ནས་སྔ་མའི་དོན་དེ་སྒྲུབ་དགོས་པ་ཡིན་པས་ཁྱད་པར་ཆེན་པོ་ཡོད། ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པའིརྩ་བའི་དཔེ་བརྗོད་དུ། བདག་ཐོབ་མིན་ནམ་ཆེན་པོ་རྣམས། །གཞན་གྱི་སྡུག་བསྔལ་ཞི་སླད་དུའོ། །ཆུ་འཛིན་འདི་དག་ལུས་ཅན་གྱི། །ཡོངས་སུ་གདུང་བ་འཕྲོག་པར་བྱེད། །ཅེས་གསུངས་པ་དོན་སྔ་མ་བསྒྲུབ་བྱ་དང་དོན་ཕྱི་མ་སྒྲུབ་བྱེད་དུ་ཇི་ལྟར་འགྱུར་ཞེ་ན། དེ་ནི་སེམས་ལྡན་གྱི་གང་ཟག་སྙིང་རྗེ་ཆེན་པོའི་བདག་ཉིད་ཐོབ་པ་རྣམས་སྐྱེ་བོ་གཞན་གྱི་སྡུག་བསྔལ་ཞི་བའི་སླད་དུ་ཐུགས་བརྩོན་པ་ལ་ཡ་མཚན་པ་ཅི་ཡོད་དེ། སེམས་མེད་པའི་སྤྲིན་པ་འདིས་ཀྱང་སྐྱེ་བོ་ཡོངས་ཀྱི་ཚ་བའི་གདུང་བ་འཕྲོག་པ་ལ་ལྟོས་དང་ཞེས་དོན་ཕྱི་མའི་ཁྱད་ཆོས་དེས་སྔ་མའི་ཁྱད་ཆོས་དེ་འཚམས་པར་སྒྲུབ་པ་ལྟ་བུ་ཡིན་ནོ། །
༡༠ དྲི་བ། གསལ་བྱེད་རྒྱན་གྱི་ནང་གསེས་འགལ་བའི་གསལ་བྱེད་དང༌། འགལ་རྒྱན་གྱི་ནང་གསེས་གཞི་གཅིག་གི་ཡོན་ཏན་འགལ་བ་གཉིས་ལ་འདྲ་བའི་ཆ་དང་མི་འདྲ་བའི་ཆ་གང་ཡོད་དམ།
ལན། རྒྱན་འདི་གཉིས་ཀྱི་འདྲ་བའི་ཆ་ནི། བྱེད་པ་པོའམ་བྱེད་པ་གཅིག་གིས་བྱ་བ་འགལ་བ་གཉིས་ཅིག་ཅར་དུ་བྱས་པ་ནི་འདྲ་བའི་ཆ་ཡིན་ཞིང་མི་འདྲ་བའི་ཆ་ནི། སྤྱིར་གསལ་བྱེད་ཀྱི་རྒྱན་མཐའ་དག་ལ་གསལ་བྱ་དང་གསལ་བྱེད་ལ་ཚིག་ངེས་པར་དགོས་པ་དང༌། འགལ་རྒྱན་གྱི་རྒྱན་མཐའ་དག་ལ་ཞོར་དུ་ཐོན་ན་སྐྱོན་མེད་ཀྱང་ངེས་པར་ཡོད་དགོས་པའི་ངེས་པ་མ་མཆིས་པའི་ཁྱད་པར་ཡོད་ལ། ད་དུང་འགལ་བའི་གསལ་བྱེད་ཀྱི་འགལ་བའི་བྱ་བ་གཉིས་གཞི་གཅིག་གི་སྟེང་སྦྱོར་དགོས་པ་དང༌། གཞི་གཅིག་གི་ཡོན་ཏན་འགལ་བའི་འགལ་བྱ་གཉིས་གཞི་ཐ་དད་ལ་སྦྱོར་དགོས་པའི་ཁྱད་པར་ཡང་ཡོད་དོ། །རྩ་བའི་དཔེ་བརྗོད་གཉིས་ལ་འདྲ་མཚུངས་སུ་སླེབས་ཡོད་པ་ནི་འགལ་བའི་གསལ་བྱེད་ལ། རླུང་གིས་གཙུབས་པའི་ཆུ་ཐིགས་ཅན། །སྤྲིན་གྱིས་ལུས་མེད་དག་གི་ནི། །ཞེས་པའི་སྤྲིན་དང༌། གཞི་གཅིག་གི་ཡོན་ཏན་འགལ་བར། དབྱར་སྐྱེས་ཆུ་འཛིན་དག་གིས་ནི། །ཞེས་པའི་ཆུ་འཛིན་གཉིས་གསལ་བྱེད་ཀྱི་ཚིག་ཡིན་པ་འདྲ་བ་ཡིན་ལ་གཞན་རྣམས་མི་འདྲའོ། །
༡༡ དྲི་བ། དོན་ནི་འགའ་ཡང་ཚོགས་མ་བྱས། །རིག་པ་འགའ་ཡང་མ་བསྒྲུབས་ཤིང༌། །དཀའ་ཐུབ་འགའ་ཡང་མ་བསགས་པར། །ན་ཚོད་མཐའ་དག་སོང་བར་གྱུར། །ཞེས་པ་འགོག་རྒྱན་གྱི་འགྱོད་པས་འགོག་པ་དང༌། རིག་པ་རྣམས་ནི་མ་གོམས་དང༌། །བློ་ལྡན་རྣམས་དང་མ་འགྲོགས་དང༌། །དབང་པོ་རྣམས་ནི་མ་བསྡམས་པས། །མི་རྣམས་རབ་ཏུ་གདུང་བར་གྱུར། །ཞེས་པ་སྔ་ན་མེད་པའི་བྱེད་རྒྱུ་ཡིན་དོན་ཅི་ཡིན་ནམ།
ལན། རྒྱན་འདི་གཉིས་ཀར་ཡང་བསྒྲུབ་འོས་པའི་བྱ་བ་འགའ་ཞིག་སྒྲུབ་པ་ལ་དགག་ཚིག་གིས་བཀག་པའི་ཕྱོགས་འདྲ་ཡང༌། འགྱོད་པའི་འགོག་པའི་སྐབས་ན་ཚོད་མཐའ་དག་སོང་བར་གྱུར་ཞེས་ཚེ་ཟད་པ་དེ་ཚོགས་མ་བྱས་པ། རིག་པ་མ་བསྒྲུབས་པ། དཀའ་ཐུབ་མ་བྱས་པ་བཅས་ལ་བརྟེན་ནས་བྱུང་བའི་འབྲས་བུ་མིན་ཏེ། དེ་དག་བསྒྲུབས་ཀྱང་ཚེ་ནི་ཟད་པར་འགྱུར་བའི་ཕྱིར་རོ། །སྔ་ན་མེད་པའི་བྱེད་རྒྱུ་སྐབས་མི་རྣམས་རབ་ཏུ་གདུངས་བར་གྱུར་པ་དེ། རིག་པ་མ་གོམས་པ་དང༌། བློ་ལྡན་རྣམས་ལ་མ་འགྲོགས་པ། དབང་པོ་རྣམས་ཀྱང་མ་བསྡམས་པ་བཅས་ཀྱི་འབྲས་བུ་བསྟན་པ་མ་ཟད། རྒྱུ་དངོས་མེད་ལས་འབྲས་བུ་དངོས་པོར་གྲུབ་པའང་ཡིན་ནོ། །མདོར་ན་སྔ་མའི་སྐབས་རྒྱུ་འབྲས་ཀྱི་འབྲེལ་བ་མྀ་དགོས་ལ། ཕྱི་མའི་སྐབས་རྒྱུ་འབྲས་ཀྱི་འབྲེལ་བ་ངེས་པར་དུ་དགོས་པའི་ཁྱད་པར་གྱིས་རྒྱན་ཐ་དད་དུ་གྱུར་པ་ཡིན་ནོ།།
༡༢ དྲི་བ། ལྡོག་པ་ཅན་གྱི་རྒྱན་ལས་གཉིས་ཀྱི་ལྡོག་པ་ཅན་དང༌། མཚུངས་ཆོས་དང་འབྱེད་ཆོས་གཉིས་ཀ་མཚུངས་པའི་སྒྲས་དངོས་སུ་ཟིན་པའི་ལྡོག་པ་ཅན་གཉིས་ལ་མི་འདྲ་བའི་ཁྱད་པར་གང་ཡོད་དམ།
ལན། རྒྱན་གཉིས་ཀར་མཚུངས་ཆོས་དང་འབྱེད་ཆོས་གཉིས་ཀར་སྒྲས་ཟིན་པ་འདྲ་ན་ཡང༌། འབྱེད་ཆོས་ཀྱིས་མི་འདྲ་སྟེ། གཉིས་ཀྱི་ལྡོག་པ་ཅན་གྱི་སྐབས་འབྱེད་བྱེད་ཀྱི་ཆོས་གཉིས་ལ་མཚུངས་ཆོས་མི་སྲིད་པ་ཞིག་དགོས་ཏེ། རྩ་བར། འབྱེད་ཆོས་མིག་སྨན་ཀྱི་ཁ་དོག་ནག་པོ་དང༌། གསེར་གྱི་འོད་ཅན་ཞེས་ཁ་དོག་སེར་པོ་གཉིས་ལ་མཚུངས་ཆོས་མི་སྲིད་པ་ལྟ་བུ་དང༌། གཉིས་ཟིན་ལྡོག་པའི་སྐབས། འབྱེད་ཆོས་བུང་བ་འཁོར་བ་དང་མིག་གཡོ་བ་གཉིས་ལ་མཚུངས་ཆོས་གནག་ཅིང་གཡོ་འཕྲུལ་གྱི་རྣམ་པ་ཡོད་པ་ལྟ་བུ་དང༌། འདིའི་འབྱེད་བྱེད་ནི་བུང་བ་དང་མིག་གཉིས་མ་ཡིན་ཞིང་འཁོར་བ་དང་གཡོ་བའི་བྱ་བའི་ཁྱད་ཆོས་གཉིས་ཡིན། དེ་ཕྱིར་རྒྱན་ཕྱི་མ་ལ་འབྱེད་བྱེད་མཚུངས་བའི་ལྡོག་པ་ཅན་ཡང་ཟེར་བ་ཡིན།
༡༣ དྲི་བ། སྦྱར་བའི་འགོག་པ་དང་འགོག་པའི་གཟུགས་ཅན་གཉིས་ཀྱི་དགག་བྱ་དང་འགོག་བྱེད་ཐད་ཁྱད་པར་ཡོད་དམ་མེད།
ལན། དགག་བྱ་དང་འགོག་བྱེད་ཐད་ལ་ཁྱད་པར་ཆེན་པོ་ཡོད་དེ། སྦྱར་འགོག་ནི་དཔེ་དངོས་པོ་གང་ཞིག་གཙོ་བོ་འཛིན་པ་ནི་དགག་བྱ་དང༌། དཔེ་དོན་དངོས་པོ་གཉིས་སྒྲ་དོན་གང་རུང་གི་མཚུངས་ཆོས་ལ་སྦྱར་ནས་དཔེ་དངོས་པོ་དེ་བཀག་པ་ནི་འགོག་བྱེད་ཡིན། འགོག་གཟུགས་ནི་དཔེ་ཅན་གྱི་དངོས་པོ་དཔེ་དངོས་པོའི་གཟུགས་སུ་བཀོད་པ་དེ་དགག་བྱ་ཡིན་ལ་འགོག་བྱེད་ནི་དཔེ་ཅན་གྱི་ཁྱད་ཆོས་དག་དཔེའི་དངོས་པོའི་ཁྱད་ཆོས་དང་མི་མཐུན་པར་བརྗོད་ནས་བཀག་པ་ནི་འགོག་བྱེད་ཡིན། དཔེ་ཅན་གྱི་དངོས་པོ་དཔེ་དངོས་པོ་དེ་ཡི་གཟུགས་སུ་བཀོད་པ་ནི་གཉིས་ཀ་འདྲ་ཡང༌། སྦྱར་འགོག་སྐབས་དེ་འདྲའི་གཟུགས་ཅན་ཞོར་དུ་སླེབས་པ་ཡིན་པ་ལས་ངེས་པར་དགོས་པ་ནི་མ་ཡིན་ནོ། །
༡༤ དྲི་བ། མཚུངས་ཆོས་སྒྲའི་མ་ཟིན་ལ་འབྱེད་བྱེད་སྒྲས་ཟིན་པའི་ལྡོག་པ་ཅན་དང་ལྡོག་པའི་གཟུགས་ཅན་གཉིས་གཟུགས་སུ་བཀོད་པ་དང་མ་བཀོད་པ་ཙ་མ་ལས་ཁྱད་པར་གཞན་ཡོད་དམ།
ལན། ཁྱད་པར་གཞན་ཡོད་དེ། ལྡོག་པའི་གཟུགས་ཅན་གྱི་སྐབས་མཁའ་ཡི་ཟླ་བ་འདི་ནི་ལྷ་རྣམས་ཀྱིས་འཐུང་བ་དང༌། ཁྱོད་གདོང་གི་ཟླ་བ་ནི་བདག་གིས་འཐུང་ངོ་ཞེས་འབྱེད་བྱེད་གཅིག་དང༌། སླར་ཡང་མཁའ་ཡི་ཟླ་བ་ནི་རྟག་ཏུ་གང་བ་མ་ཡིན་ལ་གདོང་གི་ཟླ་བ་ནི་རྟག་ཏུ་དཀྱིལ་འཁོར་རྫོགས་པ་ཡིན་ནོ་ཞེས་འབྱེད་བྱེད་བསྐྱར་མར་བཀོད་ཡོད་པས་མི་འདྲ་བ་དང༌། གཞན་ཟླ་བ་དང་གདོང་གཉིས་ཀྱི་མཚུངས་ཆོས་དཀར་པོ་དང་མཛེས་པ་སོགས་ནི་སྒྲས་ཟིན་མེད་པའི་ཆ་ནས་འདྲ་བ་ཡིན་ནོ། །
༡༥ དྲི་བ། གཉིས་ཀྱི་ལྡོག་པ་ཅན་དང་སྦྱར་བའི་གསལ་བྱེད་གཉིས་ཀྱི་རྩ་བའི་དཔེ་བརྗོད་གཉིས་འདྲ་བ་མ་ཡིན་ནམ།
ལན། སྤྱིར་བཏང་རྒྱན་འདི་གཉིས་ཀྱང་བརྗོད་འདོད་ཀྱི་དངོས་པོ་དེ་གའི་མཚུངས་ཆོས་སྒྲ་དོན་གང་རུང་གི་སྒོ་ནས་ཚིག་གི་སྒྲས་ཟིན་པ་དང་སླར་ཡང་འབྱེད་བྱེད་རེ་བཀོད་ནས་ཐ་དད་དུ་དབྱེ་བ་འདྲ་ན་ཡང༌། སྦྱར་བའི་གསལ་བྱེད་ནི་གཉིས་ཀྱི་ལྡོག་པ་ཅན་ལྟ་བུའི་བརྗོད་འདོད་ཀྱི་དངོས་པོ་དེ་གཉིས་སྔོན་དུ་མཚུངས་པར་བསྟན་ཅིང་སླར་ཡང་མི་མཚུངས་པར་བསྟན་པ་མ་ཡིན་པར། གཙོ་བོ་གསལ་བྱེད་ཀྱི་ཚིག་གཅིག་གིས་གསལ་བྱའི་གནས་ལུགས་མཚུངས་པར་འགྲེལ་བ་ཞིག་སྟོན་དགོས་པ་ཡིན། ད་དུང་སྦྱར་བའི་གསལ་བྱེད་ཀྱི་གསལ་ཚིག་ལ་བྱེད་པ་དངོས་འབྲེལ་གྱི་བྱ་ཚིག་སྦྱོར་བ་ཡིན་ན་བྱ་བ་ཐ་དད་མིན་པའི་སྦྱར་བ་དང་འཁྲུལ་ཉེན་ཡང་ཡོད་དོ། །
༡༦ དྲི་བ། ལྡོག་པ་ཅན་གྱི་རིགས་མཐུན་ལྡོག་པ་དང༌། གཟུགས་ཅན་གྱི་འགལ་བའི་གཟུགས་ཅན་གཉིས་ལ་མི་འདྲ་བའི་ཁྱད་པར་གང་ཡོད་དམ།
ལན། རིགས་མཐུན་ལྡོག་པ་ནི་བརྗོད་འདོད་ཀྱི་དངོས་པོ་དེ་གཉིས་ཀྱི་སྤྱིའི་ཁྱད་ཆོས་འགལ་ན་ཡང༌། དངོས་པོ་དེ་གཉིས་རིགས་མཐུན་པ་ཞིག་དགོས་ལ། འགལ་གཟུགས་ལ་སྔ་མ་དགོས་ཀྱང་ཕྱི་མ་མི་དགོས་སོ། །དཔེར་ན། རིན་ཆེན་སྣང་བས་མི་འཕྲོགས་ཤིང༌། །ཉི་མའི་འོད་ཀྱིས་མི་བཟློག་པ། །ཞེས་དང༌། འགལ་གཟུགས་སྐབས། པདྨ་རྣམས་ནི་མི་འཛུམ་ཞིང༌། །ནམ་མཁའ་ལ་ཡང་མི་འགྲོ་བ། །ཞེས་བརྗོད་པ་གཉིས་འདྲ་ས་དང༌། རྒྱན་སྔ་མའི་འཕྲོས་སུ། ལང་ཚོ་ལས་བྱུང་ན་ཆུང་གི། །མུན་པས་ལྟ་བ་འགོག་པར་བྱེད། །ཅེས་དང༌། ཕྱི་མའི་འཕྲོས་སུ། ཁྱོད་གདོང་ཟླ་བས་བདག་གི་ནི། །སྲོག་རྣམས་འཕྲོག་པ་ཉིད་དུ་ལྟ། ། ཞེས་པ་གཉིས་མི་འདྲ་ས་ཡིན་ཏེ། ན་ཆུང་གི་མུན་པ་ཞེས་ན་ཆུང་གི་འདོད་ཆགས་སོགས་ཀྱིས་མྱོས་པ་དེས་བག་ཡོད་ཀྱི་བྱ་བ་སྒྲིབ་པའི་ཆ་ནས་མུན་པ་ཞེས་བརྗོད་པ་དེ་དང་གྲིབ་ནག་གི་མུན་པ་གཉིས་སྤྱིར་མཐོང་བའི་ལྟ་བ་འགོག་པ་དང་མུན་པ་ཡིན་པར་བརྗོད་པའི་ཆ་ནས་རིགས་མཐུན་པར་བསྟན་པ་ཙམ་ལས་འདོད་ཆགས་སོགས་མུན་པའི་གཟུགས་སུ་བཀོད་པ་ནི་མིན་ནོ། །འགལ་གཟུགས་སྐབས། ཁྱོད་གདོང་ཟླ་བ་ཞེས་གདོང་དེ་ཟླ་བའི་གཟུགས་སུ་བཀོད་པ་ལས་དངོས་པོ་དེ་གཉིས་རིགས་མཐུན་དུ་བསྟན་པ་མིན་པས་ཁྱད་པར་ཡོད་ལ། རྒྱན་གཉིས་ཀའི་ཚིག་རྐང་དང་པོ་དང་གཉིས་པའི་བརྗོད་ཚུལ་དང་བྱེད་ལས་ནི་འདྲ་བའོ། །
༡༧ དྲི་བ། སྤྱིའི་བསྡུས་བརྗོད་དང་མཐུན་གཟུགས་ཀྱི་གབ་ཚིག་གཉིས་ཀྱི་ཁྱད་པར་ཇི་ལྟར་འབྱེད་དགོས་སམ།
ལན། རྒྱན་འདི་གཉིས་ཀྱི་ཁྱད་པར་ནི་<<ཚངས་སྲས་བཞད་སྒྲ་>>ལས། འདི་གཉིས་ནི་སྤྱིའི་བསྡུས་བརྗོད་དང་ཆ་འདྲ་ཡང༌། བསྡུས་བརྗོད་ལ་དཔེ་དོན་ཀྱི་དབྱེ་བ་ཡོད་ཅིང༌། ཆོས་མཚུངས་གང་ཡང་རུང་བའི་སྒོ་ནས་བརྗོད་རུང་ལ། འདིར་ནི་གཟུགས་ཀྱི་རྣམ་པ་ཙམ་མཐུན་པའི་དངོས་པོ་ཕལ་བ་དེའི་མཚུངས་ཆོས་ཀྱིས་བསྒྲིབས་ནས་ཕལ་བའམ་བཏགས་པའི་དོན་དེ་དང་འབྲེལ་ཚིག་བརྗོད་པ་ཙམ་གྱིས་ཆོག་པའི་ཁྱད་པར་ཡོད་ཅེས་གསུངས་པ་བཞིན། སྤྱིའི་བསྡུས་བརྗོད་ནི་གཙོ་བོ་ཁྱད་ཆོས་ལ་བཤད་ཅིང༌། མཐུན་གཟུགས་ནི་གཟུགས་མཚུངས་ལ་བཤད། དཔེར་ན། མཁས་པའི་བློ་མཐའ་དཔོག་དཀའ་བ་ནི་རྒྱ་མཚོ་དང་སྦྱར་ནས་བཤད་དུས་མཁས་པའི་བློ་དང་རྒྱ་མཚོ་གཉིས་ལ་རྒྱ་ཆེ་བ་དང་གཏིང་ཟབ་པ་སོགས་ཀྱི་ཁྱད་ཆོས་མཚུངས་པ་ལས་གཟུགས་མཚུངས་པ་ནི་མ་ཡིན་ལ། མཐུན་གཟུགས་སྐབས་སུ། ལག་པའི་སོར་མོའི་ཐོག་ཚོན་དམར་པོས་བརྒྱན་པ་དང༌། མེ་ཏོག་འཁྲི་ཤིང་གི་རྩེར་མེ་ཏོག་དམར་པོ་བཞད་པ་གཉིས་ལ་ཕར་བལྟས་ན་གཟུགས་འདྲ་བ་ཡིན་པས་མཐུན་གཟུགས་ཞེས་བཏགས་པ་ཡིན་ནོ། །
༡༨ དྲི་བ། རབ་རྟོག་གི་རྒྱན་ལས་སེམས་མེད་རབ་རྟོག་དང་ཏིང་ངེ་འཛིན་རབ་རྟོག་གཉིས་ལ་འདྲ་བའི་ཆ་དང་མི་འདྲ་བའི་ཆ་གང་ཡོད་དམ།
ལན། རྒྱན་འདི་གཉིས་ཀ་སེམས་མེད་ཀྱི་དངོས་པོ་ཞིག་གི་རྣམ་པ་སེམས་ལྡན་གྱི་དངོས་པོ་ཞིག་གི་རྣམ་པར་སྒྲོ་བཏགས་ནས་བརྗོད་པ་ནི་འདྲ་བ་དང༌། མི་འདྲ་ས་ནི། ཏིང་འཛིན་རབ་རྟོག་བཞིན་སྒྲ་ཅན་ལ་གསལ་བྱེད་ཀྱི་སྒྲ་བཞིན་སྒྲ་ཁོ་ན་ངེས་པ་ཡིན་ཞིང༌། སེམས་མེད་རབ་རྟོག་ལ་བཞིན་སྒྲ་ངེས་མི་དགོས་པའི་ཁྱད་པ་ཡོད་པ་དང༌། བརྗོད་ཚུལ་གྱི་སྒོ་ནས་ཀྱང༌། སེམས་མེད་རབ་རྟོག་ལ་རབ་རྟོག་གསལ་བྱེད་ཀྱི་ས་བོན་ཚིག་ཟིན་ལ་དགོས་པ་དང༌། ཏིང་འཛིན་གྱི་རབ་རྟོག་ལ་དེ་མི་དགོས་པའི་ཁྱད་པར་ཡང་ཡོད་དོ། །སྤྱིར་རབ་རྟོག་གི་རྒྱན་ལ་དངོས་པོ་གང་ཞིག་གི་རྣམ་པ་གཞན་དུ་སྒྲོ་བཏགས་པ་ཙམ་གྱིས་མི་ཆོག་པར་རབ་རྟོག་གི་ས་བོན་དངོས་ཤུགས་གང་རུང་ནས་ཡོད་དགོས་པར་གསུངས། ཞིབ་ཏུ་དཔེར་བརྗོད་དག་ལ་གཟིགས་པར་འཚལ།
༡༩ དྲི་བ། འོ་ན་ཏིང་འཛིན་རབ་རྟོག་དང་ལེའུ་དང་པོའྀ་ཏིང་ངེ་འཛིན་གྱི་ཡོན་ཏན་གཉིས་ཀྱི་ཁྱད་པར་ཇི་ལྟར་འབྱེད་དགོས་པ་ཡིན།
ལན། འདིར་<<དབྱངས་ཅན་དགྱེས་གླུ་>>ལས་ལེའུ་དང་པོའི་ཏིང་ངེ་འཛིན་ལ་རབ་རྟོག་གསལ་བྱེད་མེད་ཀྱང་འདིར་ཡོད་པས་བློ་གསལ་བ་རྣམས་མགོ་བོ་མགལ་མེ་ལྟར་འཁོར་མི་དགོས་སོ།། ཞེས་གསུངས་པ་བཞིན་ཡིན་ལ་གཞན་ཏིང་ངེ་འཛིན་གྱི་ཡོན་ཏན་ལ། ཆོས་གཅིག་བཀོད་པའི་ཏིང་ངེ་འཛིན་དང༌། ཆོས་དུ་མ་བཀོད་པའི་ཏིང་ངེ་འཛིན་ཞེས་དབྱེ་བའང་ཡོད་ལ། འདིར་དེ་མེད་པས་ཁྱད་པར་དང༌། སྦྱོར་ཚུལ་གྱི་སྒོ་ནས་ཀྱང་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་འཇིག་རྟེན་ཡོངས་གྲགས་གྱི་སྐད་དང་མཐུན་པ་ཞིག་དགོས་པ་དང༌། འདིར་དེ་ལྟར་མི་དགོས་པའི་ཁྱད་པར་ཀྱང་ཡོད་དོ། །དཔེར་ན་སྔ་མའི་སྐབས་མེ་ཏོག་འདབ་མ་གྲོལ་བར་མེ་ཏོག་དགོད་ཅེས་ཡོངས་གྲགས་ཀྱི་སྐད་དང་མཐུན་པར་སྦྱོར་དགོས་པ་ཡིན་ལ། ཕྱི་མར་མེ་ཏོག་འདབ་མ་དམར་པོ་གྲོལ་བ་ཞིག་ལ་མེ་ཏོག་དེ་ཁ་སྐྱེངས་ནས་བཞིན་དམར་པོ་ཆགས་ཞེས་བརྗོད་ཆོག་པ་དང་སྔ་མར་དེ་ལྟར་མི་ཆོག་གོ །
༢༠ དྲི་བ། རྒྱུའི་རྒྱན་གྱི་ནང་གསེས་ནང་ཤེས་བྱེད་ཀྱི་རྒྱུ་དང༌། ཕྲ་མོའི་རྒྱན་གྱི་ནང་གསེས་རྣམ་པ་ཕྲ་མོ་གཉིས་ཀྱི་ཁྱད་པར་ཅི།
ལན། སྔ་མ་ནི་ནང་སེམས་ཀྱི་འདུ་ཤེས་འཛིན་སྟངས་དང་ལུས་ཀྱི་སྤྱོད་སྟངས་ལ་བརྟགས་ནས་ནང་སེམས་ཀྱི་འཆར་སྒོ་དེ་ཉིད་རྟོགས་དགོས་པ་ཡིན་ལ། རྣམ་པ་ཕྲ་མོ་ནི་ལུས་དང་གདོང་ལ་སྔར་མེད་ཅིང་གསར་ཏུ་བྱུང་བའི་རྣམ་འགྱུར་རམ་རྣམ་པ་གསར་པ་ཞིག་བསྟན་པ་དེས་ནང་སེམས་ཀྱི་འཆར་སྒོ་དེ་ཉིད་རྟོགས་དགོས་པ་ཡིན་ནོ། །
༢༡ དྲི་བ། སྔ་ན་མེད་པའི་བྱེད་རྒྱུ་དང་དཔའ་བའི་ཉམས་གཉིས་འདྲ་བ་མ་ཡིན་ནམ།
ལན། འདི་གཉིས་འདྲ་བ་མ་ཡིན་ཏེ། སྔ་ན་མེད་པའི་བྱེད་རྒྱུ་ནི་སྔར་མེད་པའི་རྒྱུ་གང་ཞིག་གིས་འབྲས་བུ་དངོས་པོ་འགྲུབ་པར་བསྐྱེད་པ་ཡིན་ལ། དཔའ་བའི་ཉམས་ནི་རྒྱུ་དངོས་པོར་མ་གྲུབ་པ་ཞིག་ལ་བསྟེན་ནས་ཡིད་སྤྲོ་བའི་འབྲས་བུ་དེ་ཉིད་གྲུབ་པ་ནི་མ་ཡིན་ནོ། །དཔེར་ན། རྒྱལ་དབང་ལྔ་བས། ཕྱག་ཆེན་སྒོམ་པའི་གྲལ་དུ་མ་བསྡད་ཅིང༌། །བླ་ཆེན་མང་པོའི་རྣམ་ཐར་མ་བསྐྱངས་ལ། །རྟོག་གེ་ཙམ་ལ་མི་ཚེ་མ་བསྒྲིལ་བས། །ཤོང་དཔང་མཁས་པའི་གོ་ས་ཁོ་བོས་ཐོབ། །ཅེས་པ་ལྟ་བུར་མཚོན་ན། མ་བསྡད། མ་བསྐྱངས། མ་བསྒྲིལ་གསུམ་ནི་རྒྱུ་དངོས་མེད་སྟོན་བྱེད་ཀྱི་ཚིག་ཡིན་ལ། གོང་གི་བྱ་བ་དེ་གསུམ་མ་བསྒྲིལ་བའམ་མ་བྱས་པ་ལ་བརྟེན་ནས་འབྲས་བུ་ཤོང་དཔང་རྣམ་གཉིས་ཀྱི་གོ་ས་དེ་ཐོབ་པ་ཡིན་པས་རྒྱུ་དངོས་མེད་དང་འབྲས་བུ་དངོས་པོར་གྲུབ་པ་ཡིན་པས་རྒྱུ་འབྲས་ཀྱི་འབྲེལ་བ་བྱུང་བ་ཡིན། གལ་ཏེ་ཐོས་པ་རྒྱ་ཆེར་མི་གསག་པར་སྒོམ་པ་པོའི་ཚུལ་བཟུང་ནས་དབེན་པར་ཁོ་ནར་གནས་པ་དང་འདོད་ཆུང་ཆོག་ཤེས་ཀྱི་ཐུགས་ཀུན་ནས་མེད་པར་འཇིག་རྟེན་ཟང་ཟིང་གི་བྱ་བ་སྟེ། མཚན་སྙན་གྲགས་ཁོ་ནར་ཐུགས་དགྱེས་པའི་བླ་ཆེན་འགའ་ཞིག་གི་རྣམ་ཐར་བསྐྱངས་པ་དང༌། གཞུང་ཆེན་པོ་དག་ལ་གཟིགས་པའི་ལྟ་རྒྱ་ཕྲ་ཞིང་རྟོག་གེ་ཙམ་མམ་གཏན་ཚིགས་ཀྱི་རིག་པ་ཙམ་ལ་མི་ཚེ་བསྒྲིལ་བ་ཡིན་ན་ཤོང་དཔང་རྣམ་གཉིས་ཀྱི་མཁས་པའི་གོ་འཕང་ལྟ་བུ་ཡེ་ནས་མི་ཐོབ་པ་ནི་དོན་གྱིས་གྲུབ་པ་ཡིན་པས་ན། སྔ་མའི་དོན་དེ་དག་མ་བསྒྲུབས་པས་འབྲས་བུ་དེ་འདྲ་ཐོབ་པ་ནི་རྒྱུ་འབྲས་ཀྱི་འབྲེལ་བའོ། །དཔའ་བའི་ཉམས་ཀྱི་དཔེར་བརྗོད་དུ། རྒྱལ་དབང་ལྔ་པས། བགྲོད་དཀའི་ལམ་དུ་དཀའ་བ་བརྒྱ་ཕྲག་གིས། །འཕགས་ཡུལ་མ་བསྐོར་གྲངས་མེད་པནྜིཏ། །ཉེ་བར་བསྟེན་མིན་ཤེས་བྱ་རིག་པའི་གནས། །སྨྲ་བའི་དབང་ཕྱུག་ཆོས་སྐྱོང་བཟང་པོའི་ཞབས། །ཞེས་དཔེར་བརྗོད་ལྟ་བུར་མཚོན་ན། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་སྨྲ་བའི་དབང་ཕྱུག་ཏུ་གྱུར་པ་དེ་ནི་འཕགས་པའི་ཡུལ་དུ་མ་ཕེབས་ཤིང༌། པནྜིཏ་མང་པོའི་ཞབས་སུ་མ་བསྟེན་པ་བཅས་ཀྱི་དབང་གིས་མ་ཡིན་པས་ཕྱིར་ན་རྒྱུ་འབྲས་ཀྱི་འབྲེལ་བ་མ་གྲུབ་པ་དང༌། དེ་ལྟ་བུ་གང་ཡང་མ་བྱས་ནའང་སྨྲ་བའི་དབང་ཕྱུག་ཏུ་གྱུར་ཏོ་ཞེས་སེམས་དཔའ་བའི་ཉམས་ཀྱིས་བརྗོད་པ་ལྟ་བུའོ། །དཔའ་བའི་ཉམས་དང་བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ་གཉིས་ཀྱང་དཔའ་བའི་ཉམས་ཡོད་མེད་ཀྱི་ཁྱད་པར་ཙམ་ལས་གཞན་རྣམས་འདྲ་བ་ཡིན་ནོ། །
༢༢དྲི་བ། ལེའུ་གཉིས་པ་རྒྱ་ཆེ་བའི་རྒྱན་ལས་འབྱོར་བ་རྒྱ་ཆེ་བ་དང༌། ལེའུ་དང་པོའི་ཤར་ཕྱོགས་ཀྱི་རྒྱ་ཆེ་བའི་ཡོན་ཏན་གཉིས་ཀྱི་ཁྱད་པར་ཅི་ཡིན་ནམ།
ལན། འདི་གཉིས་ཀྱི་ཁྱད་པར་ནི། <<ཚངས་སྲས་བཞད་སྒྲ་>>ལས། ལེའུ་དང་པོའི་སྐབས་བསྔགས་པར་འོས་པའི་ཁྱད་པར་གང་དང་ལྡན་པ་ཐམས་ཅད་བཀོད་ཆོག་ལ། འདིར་ནི་བསམ་པ་དང་འབྱོར་བ་རྒྱ་ཆེ་བ་གཉིས་ཁོ་ནར་བསྔགས་དགོས་པའི་ཁྱད་པར་སྣར་ཐང་ལོ་ཙཱ་བས་བཞེད་པ་ལྟར་ཡིན་ནོ། །ཞེས་གསུངས་པ་བཞིན་འབྱོར་བ་རྒྱ་ཆེ་བར་འབྱོར་བ་ཁོ་ན་དང༌། རྒྱ་ཆེ་བའི་ཡོན་ཏན་ལ་འབྱོར་བ་ཁོ་ནས་མ་ངེས་པའི་ཁྱད་པར་ཡོད་པ་དང༌། ད་དུང་འབྱོར་བ་རྒྱ་ཆེ་བ་ནི། ཕལ་གྱི་བློ་ཡུལ་ལས་འདས་པའི་འབྱོར་བ་རྒྱ་ཆེ་བརྗོད་པ་ཙམ་དང༌། རྒྱ་ཆེ་བའི་ཡོན་ཏན་ལ། ཡུལ་དེའི་ཁྱད་འཕགས་པའི་ཆོས་འགའ་དངོས་སུ་བརྗོད་པའི་ཤུགས་ལས། ཁྱད་གཞི་ཡུལ་དེའི་ཡོན་ཏན་གང་རུང་ཞིག་ཤུགས་ལས་རྟོགས་དགོས་པས་ཁྱད་པར་ཡང་ཡོད་དོ། །
༢༣ དྲི་བ། གབ་ཚིག་གི་རྒྱན་ལས་མིང་དུ་འདུས་པའི་གབ་ཚིག་དང་སྦྱར་རྒྱན་གྱི་ངེས་པ་ཅན་གྱི་སྦྱར་བ་གཉིས་ལ་ཁྱད་པར་གང་ཡོད་དམ།
ལན། རྒྱན་འདི་གཉིས་ཀྱི་ཁྱད་པར་ནི། གབ་ཚིག་གི་སྐབས་གབ་བྱ་དང་གབ་བྱེད་ཀྱི་དངོས་པོ་རྣམས་མིང་གིས་སམ་སྒྲ་མཚུངས་ཁོ་ནར་ངེས་ལ། སྦྱར་བའི་སྐབས། སྒྲ་མཚུངས་ཁོ་ནར་ངེས་མི་དགོས་པའི་ཁྱད་པར་ཡོད་པ་དང༌། གཞན་གབ་ཚིག་དང་གབ་བྱ་དངོས་པོ་གསལ་ཁ་མེད་པ་དང༌། སྦྱར་བའི་སྐབས་སྦྱར་གཞི་དངོས་པོ་གསལ་ཁ་བཏོད་ནས་སྦྱར་གཞི་དངོས་པོ་གང་ཡིན་པ་དེ་ངེས་པ་བྱེད་དགོས་པའི་ཁྱད་པར་ཡོད་པ་ནི་ཤེས་སླ། དཔེར་ན། གབ་ཚིག་ཏུ། རྒྱལ་པོ་མ་ཡིན་ཁྱབ་འཇུག་མིན། །ཞེས་དང༌། སྦྱར་བའི་སྐབས། མདའ་རྣམས་ཉིད་ལ་གནས་པ་ཡིན། །ཞེས་གསུངས་ཡོད་པ་ལྟ་བུ་ཡིན་ནོ། །
འདིར་ལྟར་རྒྱན་རྣམས་ཀྱི་ཁྱད་པར་ནི་རྒྱན་རང་རང་གི་གོ་དོན་དང་རྩ་བའི་དཔེར་བརྗོད། མཁས་པ་རྣམས་ཀྱིས་མཛད་པའི་དཔེར་བརྗོད་ཀྱི་ཐོག་ནས་ཁྱད་པར་འབྱེད་རྒྱུ་ནི་སྙན་ངག་གི་གཞུང་ལ་སྦྱང་བ་རྣམས་ཀྱིས་ངེས་པར་ཏུ་འབད་པ་བྱེད་དགོས་པའི་གནས་ཤིག་ཏུ་འཁུམས་སོ། །
འདིར་སྨྲས་པ།
འཛད་མེད་ལོངས་སྤྱོད་རྫོགས་པའི་མངའ་ཐང་ཅན། ། གྲགས་པ་ཕྱོགས་སུ་ལྡིར་བའི་རྒྱལ་སྲས་བུ། །
རིན་ཆེན་གཏེར་གྱི་བང་མཛོད་མེད་པས་ན། །ངན་ངོན་ནོར་གྱི་རྫོངས་པས་ཚིམ་པ་ཅི། །
འོན་ཀྱང་གང་ན་བཀྲེས་ཀྱིས་གདུང་བ་ཡི། །གོམ་འགྲོས་འདེགས་འཇོག་དཀའ་བའི་ཉམ་ཐག་ལ། །
སྐྱ་ཟས་ཕོར་གང་ལྡན་པ་ཕུལ་བ་ཡི། །དགེ་བ་འདི་ལས་གཞན་དུ་དགེ་བ་གང༌། །
དེར་ལྟར་དྲན་པས་གང་ལ་ཕན་འགྱུར་ཕྱིར། །གསོ་བྱེད་སྨན་མཆོག་སྦྱིན་ལ་རངས་མོད་ཀྱང༌། །
མཆོག་གི་སྨན་ལ་དུག་གི་ཆ་འདྲེས་ན། །རྣམ་དཔྱོད་གསེར་གྱི་ཐུར་མས་འདོན་པར་མཛོད། །
ཅེས་ཤེས་རབ་དགའ་ཚལ་སློབ་གླིང་གི་སྙན་ངག་དགེ་རྒན་གྱི་མིང་འཛིན་པ་ཁ་སྒང་བསམ་གཏན་རྒྱ་མཚོས་བྲིས་སོ།།