ཟླ་རེའི་གསར་འགྱུར།

དགེ་རྒན་གྱི་ཉིན་མོར་ཤེས་རིག་བཀའ་བློན་གྱི་གསུང་འཕྲིན།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༠༥ ཉིན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དགེ་རྒན་གྱི་ཉིན་མོར་གསུང་འཕྲིན་གནང་བའི་ནང་འཁོད་དོན། ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༥ ཉིན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་དམ་པ་ཌོག་ཊར་རཱ་དྷཱ་ཀྲྀཥཱན་ (Dr Radhakrishnan) མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་དགེ་རྒན་གྱི་ཉིན་མོ་ཞེས་རྒྱ་གར་རྒྱལ་ཡོངས་སུ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར་དགེ་ལས་ཚང་མར་འཚམས་འདྲི་དང་སྦྲགས་ཐུགས་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

དུས་དྲན་སྲུང་བརྩི་ཞུ་སྲོལ་བཟང་པོ་འདི་ནི་ཐོག་མར་ཕྱི་ལོ་ ༡༩༦༢ ལོར་ཌོག་ཊར་རཱ་དྷཱ་ཀྲྀཥཱན་ (Dr Radhakrishnan) མཆོག་རྒྱ་གར་གྱི་སྲིད་འཛིན་དུ་བསྐོ་གཞག་བྱུང་བའི་རྗེས་སུ་ཁོང་གི་སློབ་མ་དང་། མཛའ་གྲོགས་འགའ་ཞིག་ཁོང་སར་བཅར་ཏེ་ཕྱི་ཟླ་ ༩ ཚེས་ ༥ ཉིན་འཁྲུངས་སྐར་སྲུང་བརྩི་ཞུ་ཆོག་པའི་འབོད་སྐུལ་ཞུ་སྐབས་ཁོང་གིས། ”ངའི་སྐྱེས་སྐར་ལོགས་སུ་སྲུང་བརྩི་ཞུ་རྒྱུའི་ཚབ་ཏུ་ཕྱི་ ཟླ་ ༩ ཚེས་ ༥ ནི་དགེ་རྒན་གྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་ཐུབ་ཚེ། རང་ཉིད་ལ་བརྗིད་ཉམས་ལྡན་པའི་དུས་བཟང་ཞིག་ཏུ་འགྱུར་ངེས་ཞེས་བཀའ་ལན་གནང་ཡོད།”

རྒྱལ་ཁབ་ཀྱི་འཛུགས་སྐྲུན་ནི་མང་ཚོགས་ཀྱི་ཤེས་ཡོན་ལ་རག་ལུས་པ་དང་། མང་ཚོགས་ཀྱི་ཤེས་ཡོན་ནི་སློབ་གྲྭའི་དགེ་རྒན་ལ་རག་ལུས་པས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ནང་དགེ་རྒན་ནི་གལ་གནད་ཆེ་ཤོས་ཤིག་ཆགས་ཡོད། དེར་བརྟེན་དགེ་རྒན་གྱི་ཕྱག་ལས་འདི་ནི་ཧ་ཅང་རྩ་ཆེན་པོ་ཡིན་པའི་ཆ་ནས་ཕྱག་ལས་འདིའི་ནང་ཞུགས་རྒྱུའི་ཐག་གཅོད་མ་གནང་གོང་བསམ་བློ་གཟབ་གཟབ་གཏོང་དགོས་པ་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད། ཕྱག་ལས་འདིའི་ནང་ཞུགས་པའི་རྗེས་སུ་སོ་སོའི་ངོས་ནས་ལྷག་བསམ་རྣམ་དག་ངང་ལས་དོན་ཡག་པོ་གནང་ཐུབ་ཚེ་དཀར་པོ་དགེ་བའི་ལས་སུ་འགྲོ་བ་དང་། ཡག་པོ་གནང་མ་ཐུབ་པ་ཡིན་ན་སྡིག་པ་བསམ་གྱིས་མི་ཁྱབ་པ་གསག་གི་ཡོད་རེད་བསམ་གྱི་འདུག

དེ་བཞིན་དུ་ཤེས་ཡོན་སྲིད་བྱུས་ནང་ “དགེ་རྒན་རྣམས་ཕྱིའི་མཚན་ཉིད་ཤེས་ཚད་དང་ཉམས་མྱོང་རྣམས་དེང་རབས་ཀྱི་ཤེས་ཡོན་རིག་པའི་གཞུང་ནས་བྱུང་བ་ལྟར་དང་། ནང་གི་མཚན་ཉིད་བསམ་པའི་འཁྱེར་སོ་སོགས་བོད་ཀྱི་སྲོལ་རྒྱུན་རིག་པའི་གཞུང་ནས་བྱུང་བ་ལྟར་ཕྱི་ནང་གཉིས་ཀའི་མཚན་ཉིད་ཚང་བ་” ཞེས་གསལ་ཡོད་པ་ལྟར། དགེ་རྒན་རྣམ་པ་ཚོས་རང་ཉིད་ལ་ཁྱད་ཆོས་འདི་ལྟ་བུ་ཚང་བ་ཞིག་རྟག་ཏུ་འབད་བརྩོན་གནང་རྒྱུ་གལ་གནད་ཆེན་པོ་ཡིན།

ཌོག་ཊར་མཁས་དབང་ར་བིནྡྲ་ནཱཐ་ཊེ་གོར་ (Rabindranath Tagore) མཆོག་གིས། འབར་བཞིན་པའི་སྒྲོན་མེ་ཞིག་གིས་མ་གཏོགས་སྒྲོན་མེ་གཞན་ཞིག་ལ་མེ་སྤོར་མི་ཐུབ་པ་བཞིན་དུ་དགེ་རྒན་རང་ཉིད་ཀྱི་ངོས་ནས་སློབ་གཉེར་མུ་མཐུད་མ་གནང་ཚེ་སློབ་ཁྲིད་ཡང་དག་པ་ཞིག་བྱེད་མི་ཐུབ།” དེ་དང་ཕྱོགས་མཚུངས་དགེ་རྒན་ཞིག་གིས་སློབ་ཚན་མཇུག་སྒྲིལ་བའི་རྗེས་སུ་རང་ཉིད་ཀྱི་ཤེས་ཚད་ཡར་རྒྱས་གཏོང་མ་ཐུབ་པར་སློབ་ཕྲུག་ཚོར་སློབ་ཚན་སྐྱར་སྐོར་ཡང་སྐོར་གྱི་སློབ་ཁྲིད་བྱས་པ་ཙམ་གྱིས་སློབ་མའི་སེམས་ནང་རྡོག་ཁྲེས་སམ་གནོན་ཤུགས་བྱུང་བ་ལས་བློ་སྟོབས་སྤེལ་ཐུབ་པ་འབྱུང་གི་མེད་ཅེས་གསུངས་ཡོད།

གཤམ་གསལ་གྱི་དོན་ཚན་རྣམས་བློ་ངོར་འཇགས་ཐབས་ཀྱིས་ཕྱག་བསྟར་དོན་འཁྱོལ་ཡོང་བ་ཞུ་རྒྱུར།

* སློབ་ཁྲིད་ཀྱི་རིག་པ་དང་། སློབ་ཁྲིད་ཀྱི་ཐབས་ལམ་ཐད་རྒྱུས་མངའ་གཏིང་ཟབ་དགོས་རྒྱུ།

* རང་རྒྱུད་ལ་དཔེ་ཀློག་གི་གོམས་གཤིས་འཇགས་ཐབས།

* དགེ་རྒན་གཞན་དག་ཚོས་སློབ་ཁྲིད་གནང་སྟངས་ལ་གཟིགས་ནས་ལེགས་ཉེས་ཀྱི་ཆ་ཇི་ཡོད་ཤེས་རྟོགས་དགོས།

* སློབ་ཁྲིད་གནང་སྟངས་ཀྱི་ཐབས་ལམ་འདྲ་མིན་ཐད་བསམ་བློ་གཏོང་དགོས།

* དཀའ་ངལ་ཅན་གྱི་ཕྲུ་གུ་རྣམས་ངོ་རྟགས་ཆོད་པ་གནང་དགོས།

* དགེ་རྒན་གྱིས་སློབ་ཕྲུག་རྣམས་ལ་འཕྲོད་བསྟེན་དང་། བཟང་སྤྱོད། སེམས་མྱོང་གོང་འཕེལ་གཏོང་སྟངས་ཐོག་སློབ་སྟོན་གནང་དགོས།

དེ་སྔོན་ངོས་ནས་དྲྭ་ཐོག་བརྒྱུད་སློབ་སྤྱི་དང་དགེ་ཆེ་རྣམ་པར་སློབ་སྟོན་ཞུས་པ་གཞིར་བཟུང་། སློབ་ཕྲུག་སྒྲིག་འཛུགས་ཕྲན་བུ་ཞན་པ་ཚོར་དམིགས་འཛུགས་གནང་ནས་རང་དགར་མ་བཞག་པར་ཁོང་ཚོར་སློབ་གསོ་ལམ་སྟོན་ཡག་པོ་གནང་ཐུབ་པ་ཡིན་ན་ཕྲུ་གུ་དེ་ཡག་པོ་ཆགས་སྲིད་པ་ཞིག་ཡིན། དེ་སྔོན་སློབ་ཕྲུག་ཕྲན་བུ་སྒྲིག་འཛུགས་ཞན་པ་ཡོད་ཀྱང་ཁོང་ཚོ་རྟག་ཏུ་གནས་སྟངས་རང་འཇགས་ཐོག་མི་གནས་པར་ཡག་པོ་ཆགས་ཐུབ་པ་ཡོང་གི་ཡོད་པ་བཞིན་དུ། སློབ་ཕྲུག་སྒྲིག་འཛུགས་ཡག་པོ་ཡོད་པ་རྣམས་ཀྱང་རྗེས་སུ་ཞན་པ་ཆགས་སྲིད་པར་བརྟེན། དགེ་རྒན་རྣམ་པ་ཚོས་དུས་རྒྱུན་དུ་སློབ་ཕྲུག་སོ་སོའི་གནས་སྟངས་ལ་གཞིགས་ཏེ་སློབ་སྟོན་མུ་མཐུད་གནང་ཐུབ་པ་ཡིན་ན་དགེ་མཚན་ཆེན་པོ་ཡོང་གི་རེད་དྲན་གྱི་འདུག་པས་དེ་ལྟར་དགོངས་པ་བཞེས་རོགས་གནང་ཞུ་རྒྱུ་ཡིན།

སློབ་ཕྲུག་རེ་ཟུང་སྐབས་རེ་འཛིན་གྲྭའི་ནང་སློབ་ཁྲིད་ལ་དོ་སྣང་མ་སྤྲད་པར་ཉལ་བསྡད་པ་སོགས་ཀྱི་གནས་སྟངས་འཕྲད་སྐབས། ལམ་སང་དེ་ལ་ཉེས་པ་མ་བཏང་བར་ཕྲུ་གུ་དེ་ཟུར་དུ་སྐད་བཏང་སྟེ་སེམས་ཁམས་ཀྱི་གནས་སྟངས་རྣམས་སྐད་ཆ་གང་ཐུབ་དྲིས་ཏེ་གང་ལ་དེ་འཚམས་ཀྱི་སློབ་སྟོན་དང་རོགས་པ་གནང་ཐུབ་པ་དགོས།

དགེ་རྒན་ཚོའི་ངོས་ནས་ཤེས་ཡོན་ནི་དེབ་ནང་ཡོད་པ་གཅིག་པུ་མ་ཡིན་པར། མིའི་ཀུན་སྤྱོད་ནས་གསལ་པོ་ཤེས་ཀྱི་ཡོད་པ་དེ་ངེས་པར་དྲན་གསོ་གཏོང་དགོས། དགེ་རྒན་གྱི་དམིགས་ཡུལ་དང་པོ་ནི། སློབ་ཕྲུག་ཚོར་སློབ་སྦྱོང་སྦྱང་སྟངས་ཀྱི་ཐབས་ལམ་གནད་དུ་སྨིན་པ་སློབ་སྟོན་རམ་འདེགས་གནང་དགོས་པ་མ་ཟད་སློབ་ཕྲུག་སོ་སོའི་ནུས་པ་ཡག་ཉེས་རྟོགས་ཐུབ་དགོས། དེ་བཞིན་རྟག་ཏུ་དགེ་རྒན་སོ་སོའི་སློབ་གསོ་རིག་པ་དང་། སློབ་ཚན་གྱི་ནང་དོན་ཤེས་བྱ། སློབ་ཁྲིད་ཀྱི་རྩལ་བཅས་ཡར་རྒྱས་གཏོང་དགོས། དགེ་རྒན་ཆེད་ལས་ཡར་རྒྱས་ཀྱི་བྱེད་སྒོ་སྤེལ་བར་མཇུག་སྐྱོང་ཚུལ་བཞིན་གནང་མ་ཐུབ་ཚེ། སློབ་ཁྲིད་དང་སློབ་སྦྱོང་ཐད་འགྱུར་བ་ཆེན་པོ་ཡོང་བའི་གྲུབ་འབྲས་ཤིག་ཐོན་རྒྱུ་ཁག་པོ་ཡིན།

སྤྱིར་དགེ་རྒན་ཚོར་འཛིན་གྲྭར་སློབ་ཚན་འཁྲིད་རྒྱུ་གཅིག་པུ་མ་ཡིན་པར་སློབ་གྲྭའི་ནང་ཕྱག་ལས་མང་པོ་ཡོད་པ་ཤོད་མི་དགོས་པ་རེད། འོན་ཀྱང་རང་ལ་འཁྲི་བའི་ལས་འགན་འཕར་མ་རྣམས་དགའ་ཚོར་ཆེན་པོའི་ངང་ནས་གནང་ཐུབ་པ་ཡིན་ན་སློབ་གྲྭ་སྤྱི་ལ་ཕན་པ་མ་ཟད་རང་ཉིད་སྒེར་གྱི་གང་ཅིའི་ལས་འགན་འཁུར་སྟངས་ཀྱང་ཤེས་ཀྱི་རེད་བསམ་གྱི་འདུག ཁྱེད་རྣམས་ཀྱིས་མ་འོངས་བོད་ཀྱི་སོན་རྩ་རྣམས་གནའ་བོའི་སྲོལ་རྒྱུན་གྱི་རིག་གནས་དང་། དེང་རབས་ཀྱི་ཤེས་བྱའི་རིག་པའི་གནས་ལ་ཕྱུག་ཅིང་། ཡ་རབས་བཟང་སྤྱོད་ལྡན་པའི་སློབ་མ་ཚད་ལྡན་ཞིག་ཆགས་རྒྱུར་སྒོ་ཀུན་ནས་འབད་བརྩོན་ཧུར་སྐྱེད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ།

མཐའ་དོན། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་མེད་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་རྡོ་རྗེའི་རང་བཞིན་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་གྲུབ་པ་དང་། མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པའི་སྨོན་འདུན་ཤུགས་དྲག་དང་བཅས། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མས། ཕྱི་ ལོ་ ༢༠༢༢ ཟླ་ ༩ ཚེས་ ༥ ཉིན།

སྔོན་མ།
ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་དགེ་རྒན་རྣམས་ལ་ཚོར་ཤེས་སྦྱོང་བརྡར་གྱི་ཟབ་སྦྱོང་གོ་སྒྲིག་གནང་བ།
ཕྱི་མ།
གཞི་རིམ་བར་མའི་དགེ་རྒན་གྱི་རིགས་ལམ་ཟབ་སྦྱོང་དང་སློབ་ཕྲུག་གི་རིགས་ལམ་འདུ་འཛོམས་ཀྱི་ལས་གཞི་ཁག་གཉིས་མཇུག་སྒྲིལ་བ།
Menu