༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༥ ནས་ཟླ་ ༩ ཚེས་ ༥ བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བལ་ཡུལ་ཁུལ་གྱི་སློབ་གྲྭ་དང་མང་ཚོགས་ལ་སཱི་ཤེས་ཡོན་སློབ་གསོའི་གོ་རྟོགས་ཟབ་སྦྱོང་ཕུལ་ཡོད། ཟབ་སྦྱོང་དེ་ནི་བལ་ཡུལ་གངས་ཅན་བདེ་རྩ་ནས་འབོད་སྐུལ་གནང་བ་བཞིན་འདི་ལས་ཀྱི་དྲུང་འཕར་བསྟན་འཛིན་པདྨ་ལགས་དང་ལས་དྲུང་ཀརྨ་བདེ་སྐྱིད་ལགས་གཉིས་ནས་བལ་ཡུལ་ཁུལ་གྱི་དགེ་ལས་ ༡༨༠ ཙམ་དང་། ཕ་མ་ ༢༢༠ ཙམ་ལ་སཱི་ཤེས་ཡོན་སློབ་གསོའི་གོ་རྟོགས་སྤེལ་གནང་ཡོད།
བལ་ཡུལ་རྒྱལ་སའི་ཁུལ་དུ་ཡོད་པའི་གངས་ཅན་བདེ་རྩའི་ཁྱབ་ཁོངས་ཀྱི་སློབ་གྲྭ་རྣམས་ལ་ཉིན་གཉིས་རེའི་གོ་རྟོགས་ཟབ་སྦྱོང་ཐེངས་གསུམ་དང་། པོཁ་ར་ཁུལ་དུ་ཐེངས་གཅིག་བཅས་ཕུལ་ཡོད། རྣམ་རྒྱལ་མཐོ་སློབ་ཏུ་དགེ་ལས་ ༣༧ ནས་མཉམ་ཞུགས་གནང་ཡོད་པ་དང་། སྲོང་བཙན་སློབ་གྲྭར་དགེ་ལས་ ༦༠ ཙམ་དང་། རྣམ་རྒྱལ་འབྲིང་སློབ་ཏུ་ཨ་ཏི་ཤ་སློབ་གྲྭའི་དགེ་ལས་གཙོས་པའི་དགེ་ལས་ཁྱོན་བསྡོམས་ ༥༣ ནས་མཉམ་ཞུགས་གནང་ཡོད། དེ་བཞིན་པོཁ་ར་ཁུལ་གྱི་སློབ་གྲྭ་ལེགས་བཤད་ཚལ་དང་། གངས་ཏི་སེ། མཉྫུ་ཤྲཱི། ཧར་མེན་མེ་ཎར་སློབ་གྲྭ། པདྨ་ཚལ་སློབ་གྲྭ་བཅས་ཀྱི་དགེ་ལས་ ༣༦ ཙམ་ལ་སཱི་ཤེས་ཡོན་སློབ་གསོའི་གོ་རྟོགས་ཟབ་སྦྱོང་ཕུལ་ཡོད། དེ་མིན་བལ་ཡུལ་རྒྱལ་སར་ཡོད་པའི་མཎ་ས་རོ་ཝར་སློབ་གྲྭའི་ནང་བོད་ཕྲུག་དང་བོད་དགེ་མང་པོ་ཡོད་པར་ཆུ་ཚོད་གསུམ་ཙམ་གྱི་གོ་རྟོགས་ཟབ་སྦྱོང་ཞིག་ཀྱང་ཕུལ་ཐུབ་པ་བྱུང་ཡོད།
ཕྲུ་གུའི་འཚར་ལོངས་དང་ལྷག་པར་ཕྲུ་གུའི་སེམས་ཀྱི་འཕྲོད་བསྟེན་གང་ལེགས་ཡོང་བར་ཕ་མའང་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས། སྲོང་བཙན་སློབ་གྲྭར་རྒྱལ་ས་ཁུལ་གྱི་ཕྲུ་གུའི་ཕ་མ་རྣམས་དང་། ཨ་ཏི་ཤ་སློབ་གྲྭའི་སློབ་ཕྲུག་གི་ཕ་མ། ལེགས་བཤད་ཚལ་སློབ་གྲྭའི་སློབ་ཕྲུག་གི་ཕ་མ་བཅས་ལ་དུས་ཐུང་གི་གོ་རྟོགས་ཟབ་སྦྱོང་ཐུན་གསུམ་ཕུལ་ཐུབ་པ་བྱུང་ཡོད། ཟབ་སྦྱོང་ཡོངས་རྫོགས་ནང་གངས་ཅན་བདེ་རྩའི་དྲུང་ཆེ་དང་འཛིན་སྐྱོང་འགན་འཛིན། ཤེས་ཡོན་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་གཞན། རོགས་ཚོགས་ཀྱི་ལས་བྱེད་གཅིག་བཅས་ནས་མཉམ་ཞུགས་གནང་ཡོད། དེ་བཞིན་སློབ་གྲྭའི་དགེ་ལས་ཙམ་མིན་པར་སློབ་སྤྱི་དང་དགེ་ཆེ་རྣམས་ནས་ཀྱང་མཉམ་ཞུགས་གནང་ཡོད་པ་དང་། ཁོང་རྣམས་ཀྱིས་མ་འོོངས་པར་སློབ་གྲྭ་དེ་དག་གི་ནང་སཱི་ཤེས་ཡོན་སློབ་གསོ་ལག་བསྟར་གནང་རྒྱུའི་ཆོད་སེམས་ཤུགས་ཆེར་ཡོད་པ་བསྟན་གནང་ཡོད།
ཟབ་སྦྱོང་ཁག་གི་དབུ་འབྱེད་མཛད་སྒོའི་སྐབས་སུ་གངས་ཅན་བདེ་རྩའི་དྲུང་ཆེ་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་སློབ་གྲྭ་དང་སྤྱི་ཚོགས་ནང་བཟང་སྤྱོད་ཀྱི་སློབ་གསོ་དགོས་གལ་དང་། ལྷག་པར་དེང་དུས་ཀྱི་འཛམ་གླིང་ནང་ཧ་ཅང་དགོས་མཁོ་ཆེ་བ་ཞིག་ཆགས་ཡོད་སྐོར་གསུངས་པ་དང་། དེ་བཞིན་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱལ་ལགས་ཀྱིས་གོ་རྟོགས་ཟབ་སྦྱོང་ངོ་སྤྲོད་དང་མ་འོངས་ལས་འཆར་སྐོར་གསུངས་ཡོད། ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་ཡུལ་མི་དགེ་རྒན་ཚོའི་ཆེད་དུ་སྲོང་བཙན་སློབ་གྲྭའི་དགེ་ཆེ་བྱམས་པ་བཟང་པོ་ལགས་ཀྱིས་བལ་སྐད་དུ་སྐད་སྒྱུར་གནང་ཡོད།
ཟབ་སྦྱོང་གི་བརྗོད་གཞི་གཙོ་བོ་ཁག་ནི། སཱི་ཤེས་ཡོན་སློབ་གསོའི་སྒྲོམ་གཞི་དང་། བྱམས་བརྩེ་དང་སྙིང་རྗེ། སོར་ཆུད་ཁུལ་དང་སོར་ཆུད་ནུས་རྩལ། རྟེན་འབྲེལ་དང་མ་ལག་བསམ་གཞིག སེམས་མྱོང་རྒྱུས་ལོན་དང་། ཉེན་ཚབས་ཅན་གྱི་སེམས་མྱོང་། ཡུན་ཐུབ་ནུས་རྩལ། ཤེས་ཡོན་སྲིད་བྱུས་དང་སཱི་ཤེས་ཡོན་སློབ་གསོ་བཅས་ཡིན།
གོ་རྟོགས་ཟབ་སྦྱོང་ལས་རིམ་འདི་ཉིད་གངས་ཅན་བདེ་རྩའི་ངོས་ནས་གོ་སྒྲིག་གནང་བ་ཞིག་དང་། དེ་བཞིན་ལཁ་ཛེམ་བརྒ་ནས་ལེསི་ཨེ་མིསི་ཌུ་རོགས་ཚོགས་ནས་རོགས་དངུལ་མཐུན་འགྱུར་གནང་བ་ཞིག་ཆགས་ཡོད།