ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོ་དང་། དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་ཐོག་ཟབ་སྦྱོང་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བཞུགས་སྒར་རྡ་སའི་ཉེ་འདབས་སུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོ་དང་། དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་ཐོག་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་གནང་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་བསྟན་འཛིན་པདྨ་ལགས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས། སཱི་ཤེས་ཡོན་སློབ་གསོའི་རྒྱལ་སྤྱིའི་འབྲེལ་མཐུད་པའམ་མཐུན་སྦྱོར་བ་རྒན་པ་བརྩོན་འགྲུས་བསམ་འཕེལ་ལགས་སོགས་ལྷན་འཛོམས་ཀྱིས་ཐོག་མར་ཤེས་ལྷན་ཡིག་ཚང་འགན་འཛིན་བསྟན་འཛིན་པདྨ་ལགས་ཀྱིས་དགའ་བསུ་དང་སྦྲགས་ཟབ་སྦྱོང་ངོ་སྤྲོད་ཀྱི་གསུང་བཤད་གནང་གྲུབ་མཚམས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་།

དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་པ་རྒྱ་ཆེ་བཞེས་ཏེ་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་བཟང་སྤྱོད་སྐོར་ཕལ་ཆེར་ཕྱི་ལོ་ ༡༩༩༠ ཙམ་ནས་བཀའ་སློབ་མང་པོ་གནང་ཡོད། ད་ལྟའི་ཆར་མགོན་པོ་གང་ཉིད་ཀྱིས་འཇིག་རྟེན་ཡོངས་ལ་ཕན་པའི་བཟང་སྤྱོད་སྤེལ་རྒྱུ་དེ་རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་ཞིག་རྩི་གནང་གི་ཡོད། མ་འོངས་སྤྱི་ཚོགས་ཀྱི་འགན་འཁུར་མཁན་ནི་སློབ་གྲྭ་ཁག་གི་ནང་ཡོད་པའི་སློབ་ཕྲུག་དག་ཡིན་སྟབས། ཁོང་ཚོ་ཚད་ལྡན་བཟོ་རྒྱུ་ནི་ང་ཚོའི་འགན་ཆགས་ཡོད། དེར་བརྟེན་འགན་དེ་མིང་ཙམ་མིན་པར་ལྷག་བསམ་རྣམ་དག་དང་ཁ་ཡོད་ལག་ཡོད་ཐོག་ནས་འགན་འཁུར་དགོས་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གནང་བ་གཞིར་བཟུང་ང་ཚོ་ལ་བཟོད་སྒོམ་དང་ཆོག་ཤེས། བྱམས་སྙིང་རྗེ་ཡོད་ན། རང་དང་ནང་མི་སྐྱིད་པ། དགེ་རྒན་རྣམས་ཀྱིས་བཟང་སྤྱོད་ཀྱི་ཐོག་ནས་སློབ་ཁྲིད་གནང་བ་ཡིན་ན་སློབ་ཕྲུག་རྣམས་རང་བཞིན་གྱིས་མི་འདྲ་བ་ཞིག་ཡོང་གི་རེད་ཅེས་དང་།

ཕྱོགས་མཚུངས་ཤེས་རིག་བཀའ་བློན་མཆོག་གིས་ད་ལྟའི་དུས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་གང་ཅིའི་ཐད་མཐུན་རྐྱེན་ཧ་ཅང་བཟང་པོ་ཡོད། སློབ་གྲྭ་ཁག་གི་ནང་བཟང་སྤྱོད་སྤེལ་དགོས་ཚེ་དགེ་རྒན་ཚོའི་རྒྱུད་ལ་བཟང་སྤྱོད་ཀྱི་གོམས་གཤིས་འཇགས་དགོས། གལ་ཏེ་སློབ་གྲྭ་ཞིག་གི་སློབ་སྤྱི་ལ་བཟང་སྤྱོད་ཀྱི་དྲི་མ་ཙམ་ཡང་མེད་ན། མི་ག་ཚོད་ལ་སྡུག་པོ་གཏོང་གི་རེད། བཟང་སྤྱོད་དང་ལྡན་པའི་སློབ་སྤྱི་ཞིག་ཡིན་ན། དགེ་རྒན་དང་ཕྲུ་གུ་ལ་བྱམས་སྐྱོང་དང་། རང་བཞིན་གྱིས་སློབ་གྲྭའི་ཁོར་ཡུག་ཕུན་སུམ་ཚོགས་པ་ཡག་པོ་ཞིག་ཆགས་ཐུབ་ཀྱི་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།སྤྱིར་ཉིན་གྲངས་ལྔའི་རིང་ཟབ་སྦྱོང་དུ་སཱི་ཤེས་ཡོན་སློབ་གསོའི་ཉམས་ལེན་གྱི་གལ་གནད་དང་། བཟང་སྤྱོད་རྣམ་འབྱེད་ཀྱི་བློ། སོར་ཆུད་ཚན་རིག་སྐོར་དང་སཱི་ཤེས་ཡོན་སློབ་གསོའི་སྒྲོམ་གཞི། བདེ་སྐྱིད་ནི་ང་ཚོ་ཚང་མའི་མངོན་འདོད་ཡིན། གཞན་ལ་དགོངས་ཡངས་ཀྱི་བཟོད་བསྲན། བྱམས་སྙིང་རྗེ་ལྡན་པའི་འཛིན་ཁང་སྐྲུན་ཐབས། སོ་སོའི་མི་ཚེའི་ནང་སྙིང་རྗེ་ལག་ལེན་ཇི་ལྟར་འཁེལ་ཐབས། བྱམས་སྙིང་རྗེ་ནི་ནང་སེམས་ཀྱི་ཡོན་ཏན་ཡིན། རང་ལ་དམིགས་པའི་སྙིང་རྗེ་དང་གཞན་ལ་དམིགས་པའི་སྙིང་རྗེ། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར། སེམས་མྱོང་ཚོད་འཛིན་དང་ཡིད་བྱེད་སྦྱོང་བརྡར། བསླབ་གཞི་ལག་བསྟར། བསླབ་གཞི་མཉམ་བསྡུས། སྤྱི་ཁེབས་ལས་འཆར། གཞི་ཚུགས་ལག་ལེན་དང་། དབང་རྩ་མ་ལག་གི་སྐོར། འཛིན་གྲྭའི་ནང་འཁྲུག་སློང་མེད་པའི་སྙིང་རྗེ་ལྡན་པའི་ཁོར་ཡུག་བསྐྲུན་ཐབས། དྲན་པ་ཉེར་བཞག་དང་དྲན་ཤེས་བསྟེན་པའི་ཉན་པ། དྲན་ཤེས་བསྟེན་པའི་ཟ་བ་དང་དྲན་ཤེས་བསྟེན་པའི་འབྲི་བ། དཔྱད་སྒོམ་གྱི་ལག་ལེན། སེམས་མྱོང་། སེམས་མྱོང་གི་ཁ་ལོ་སྒྱུར་བ། མ་ལག་གི་བསམ་གཞིག་དང་འབྲེལ་སློབ་གྲྭར་སྤྱི་ཚོགས་བདེ་དོན་བྱེད་སྒོའི་ལག་བསྟར་བྱེད་ཚུལ། སློབ་ཕྲུག་གི་སྒྲིག་འགལ་ལས་ཐར་བའི་སཱི་ཤེས་ཡོན་སློབ་གསོའི་ཐབས་བྱུས། འཛིན་གྲྭའི་གྲོས་མཐུན་དང་དེའི་ཕན་ནུས། དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར། བྱམས་བརྩེའི་མྱོང་བ་དང་སྦྲེལ་བ། ཡིད་བྱེད་ཀྱི་བརྟན་ཆ་དང་གསལ་ཆ་སྤེལ་བ། རང་རྒྱུད་རང་ཤེས་ཀྱི་ནུས་པ་གོང་སྤེལ། རང་ལ་དམིགས་པའི་སྙིང་རྗེ་སྦྱོང་བ། དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར། སེམས་འཁུར་གྱི་དམིགས་པ་རྒྱ་སྐྱེད་པ། དྲིན་དྲན་དང་གཅེས་ཤིང་ཕངས་པའི་བློ་ཇེ་ཟབ་ཏུ་གཏོང་བ། སྙིང་རྗེའི་ནུས་སྟོབས་སྐྱེད་པ་སོགས་ཀྱི་ཐོག་ཟབ་ཁྲིད་གནང་རྒྱུ་ཡིན་འདུག་པ་བཅས། །

སྔོན་མ།
གཞི་རིམ་སློབ་གྲྭའི་ཚན་རིག་ཐ་སྙད་བོད་སྒྱུར་གྱིས་གཏན་འབེབས་ཚོགས་འདུ་ཐེངས་བཞི་པ་ལེགས་པར་གྲུབ་པ།
ཕྱི་མ།
༢༠༢༤ ལོའི་ཉི་ཧོང་ཅི་སྦཱ་བཟོ་རིག་སློབ་གཉེར་ཁང་དུ་སློབ་ཡོན་གསལ་བསྒྲགས།