ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གི་བྱིས་པའི་ཉིན་མོར་གསུང་འཕྲིན།

༄༅། །དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཡུལ་རྒྱ་གར་ནང་གི་བོད་པའི་སློབ་གྲྭ་ཁག་གི་ནང་བྱིས་པའི་ཉིན་མོ་སྲུང་བརྩི་ཞུ་བཞིན་པ་ལྟར། ངས་ཐོག་མར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་སློབ་ཕྲུག་ཚང་མར་འཚམས་འདྲི་དང་སྦྲགས་ཉིན་མོ་འདི་ཧ་ཅང་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

སློབ་ཕྲུག་ཚོས་ཉིན་མོ་འདིའི་གལ་གནད་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རྒྱ་གར་གྱི་སྲིད་བློན་དང་པོ་པཎྜིཏ་ཇ་ཝཱ་ཧར་ལཱལ་ནེཧ་རཱུ་ (Pandit Jawaharlal Nehru) མཆོག་གིས་བྱིས་པ་རྣམས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཤིག་དང་། སྤྱི་ཚོགས་ཀྱི་རྨང་གཞི་ཡིན་པར་ངོས་འཛིན་གྱིས་བྱིས་པ་ཚོར་མཉེས་ཚོར་ཆེན་པོ་གནང་གི་ཡོད་པ་སེམས་ལ་ངེས་དགོས།

འདས་པའི་བྱིས་པའི་ཉིན་མོའི་གཏམ་བཤད་ཁག་གི་ནང་སློབ་ཕྲུག་ཚོས་གཙང་སྦྲ་འཕྲོད་བསྟེན་བྱེད་སྟངས་དང་། ཟས་བཅུད་བསྟེན་ཕྱོགས། ཕ་མ་དང་དགེ་རྒན་རྣམས་ལ་བརྩི་བཀུར་ཞུ་སྟངས། ཕྲུ་གུ་མི་རེ་ངོ་རེར་ལྷན་སྐྱེས་ཀྱི་ནུས་པ་ཡོད་པ་ངོས་འཛིན་ཞུ་རྒྱུ། སློབ་གྲྭའི་སྒྲིག་གཞི་དང་མི་འགལ་བར་རང་ཁྲིམས་རང་སྲུང་ཞུ་དགོས་པ་སོགས་བཀོད་ཡོད་པས་རྣམ་པ་ཚང་མས་དགོངས་པར་བཅངས་ཏེ་ལག་བསྟར་གནང་མུས་ཡིན་ངེས།

རང་ཅག་བོད་མི་ཡོངས་ལ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་ན་རིམ་དང་། ལྷག་པར་དུ་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རླབས་ཆེན་གྱི་ཐུགས་བསྐྱེད་ཟབ་མོ་ལ་བརྟེན་ནས་བོད་མིའི་འདུ་སྡོད་གཞིས་ཆགས་དང་། དགོན་པ་གྲྭ་ཚང་སོགས་ཆོས་སྡེ་ཁག རིག་གཞུང་གི་བསྟི་གནས། གཏན་ཉིན་སློབ་གྲྭ་བཅས་གསར་འཛུགས་བསྐྱངས་ཏེ་འཛམ་གླིང་ནང་གི་བཙན་བྱོལ་བ་གཞན་དང་མི་འདྲ་བའི་གནས་བབས་བཟང་པོ་ཆགས་ཡོད་པ་ནི་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལས་བྱུང་ཡོད་པས་ཚང་མས་དད་གུས་སྤྲོ་གསུམ་གྱི་སྒོ་ནས་བཀའ་དྲིན་སྙིང་བཅང་ཞུ་དགོས་པ་ཡིན།

ནམ་རྒྱུན་ཁ་དཔེར། དོན་འདི་ལ་མངགས་པའི་སྔགས་པ། ཞེས་ཞུ་སྲོལ་ཡོད་པ་ལྟར། སློབ་ཕྲུག་ཚོའི་སྐབས་སུ་བབས་པའི་ལས་འགན་གཙོ་བོ་ནི་ཕྱི་ནང་གི་ཤེས་བྱ་རིག་པའི་གནས་ལ་སྦྱངས་བརྩོན་བྱ་རྒྱུ་དང་། ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་ཚད་ལྡན་ཞིག་ཆགས་ཐུབ་པ་བྱ་རྒྱུ་འདི་ཡིན་ཞིང་། དེ་ཡང་སློབ་སྦྱོང་མཐར་ཕྱིན་པ་གནང་ཐུབ་ཚེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཚུལ་བཞིན་སྒྲུབ་ཐུབ་པ་དང་། འཛམ་གླིང་གི་སྐྱེ་འགྲོ་སྤྱི་དང་ཡང་སྒོས་བོད་རྒྱ་ཆེ་མི་མང་གི་ཞབས་འདེགས་རླབས་པོ་ཆེ་སྒྲུབ་ཐུབ་པ། ཕ་མའི་དྲིན་ལན་གསོ་ཐུབ་པ་བཅས་ཀྱི་ཐོག་ནས་མིས་སྨོན་རང་སྐྱིད་མི་ཚེ་དོན་དང་ལྡན་པ་སྐྱེལ་ཐུབ་པ་སོགས་ཀྱི་ཕན་ཐོགས་རླབས་པོ་ཆེ་ཡོང་རྒྱུ་གདོན་མི་ཟ་བ་ཡིན།

ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་བོད་མི་རིགས་དང་བཅས་པ་རྩ་བརླག་གཏོང་རྒྱུར་དམིགས་ཏེ། བོད་དུ་རང་ལོ་ ༦ ནས་ ༡༨ བར་གྱི་བོད་ཕྲུག་ན་གཞོན་ཇི་སྙེད་ཅིག་ལ་བཙན་པོ་དབང་ཤེད་ཀྱི་སྒོ་ནས་བཅའ་སྡོད་སློབ་གྲྭ་ཁག་ནང་འགྲིམ་དུ་བཅུག་སྟེ། སློབ་ཚན་དང་བསླབ་གཞི་ཡོངས་རྫོགས་རྒྱ་ཡིག་རྐྱང་པའི་ཐོག་ནས་སློབ་འཁྲིད་བྱེད་བཞིན་པ་དང་། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག གོམས་སྲོལ་དང་བཅས་པར་སྦྱངས་བརྩོན་དང་གོམས་འདྲིས་ཏིལ་འབྲུ་ཙམ་ཡང་བྱེད་མ་བཅུག་པ་སོགས་མདོ་དོན་བོད་མིའི་ངོ་བོ་དྲི་མ་ཙམ་ཡང་མེད་པ་བཟོས་དང་བཟོ་བཞིན་པའི་རྒོལ་ལན་དུ། བཙན་བྱོལ་རང་དབང་ལུང་པའི་ནང་གནས་སྡོད་བྱེད་བཞིན་པའི་བྱེས་འབྱོར་བོད་མི་རྩམ་གཟན་པ་ཡོངས་ནས་ལྷག་བསམ་གཟོང་ཁ་གཅིག་ཏུ་བསྒྲིལ་ཏེ་ཆོས་རིག་ལེགས་བྱང་དང་སྐད་ཡིག་གོམས་སྲོལ་བཟང་པོ་དེ་དག་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུར་སྔར་ལྷག་འབད་འབུངས་ཞུ་ཐུབ་པའི་གཞེན་སྐུལ་ཞུ་རྒྱུ་ཡིན།

སློབ་ཕྲུག་རྣམས་ནས་ཡིག་རྒྱུགས་ཁོ་ནའི་ཆེད་དུ་སློབ་གཉེར་བྱེད་པ་མ་ཡིན་པར་ནམ་ཞག་རྒྱུན་གཏན་ནས་ཀློག་རྩལ་དང་། འབྲི་རྩལ། ཉན་རྩལ། བཤད་རྩལ་སོགས་ཀྱི་ཐོག་ལ་དམིགས་བསལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་སློབ་སྦྱོང་ཆ་ཚང་བ་ཞིག་བྱེད་ཐུབ་པ་དགོས་རྒྱུ་མ་ཟད། རང་རྒྱུད་ལ་དཔེ་ཀློག་གི་གོམས་གཤིས་འཇགས་ཐབས་བྱ་རྒྱུ་ནི་གལ་འགངས་ཆེ་ཤོས་ཆགས་ཡོད། 

ཆུང་དུས་ནས་སློབ་མ་སོ་སོའི་ཁམས་དང་མོས་པ་ལ་གཞིགས་ཏེ་ཕུགས་ཀྱི་དམིགས་ཡུལ་གཟུང་རྒྱུ་དང་། དམིགས་ཡུལ་དེ་དག་སྒྲུབ་པའི་ཆ་རྐྱེན་རྣམས་སྔོན་ཚུད་ནས་གྲ་སྒྲིག་འཐུས་ཚང་ཡོང་ཐབས་སླད་དུས་དང་རྣམ་པ་ཀུན་ཏུ་འབད་རྩོལ་བྱ་དགོས་པ་ཡིན། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རིམ་ཕེབས་བཞིན། སྲོལ་རྒྱུན་ནམ་དེང་དུས་ཀྱི་ཤེས་ཡོན་རིག་ཚན་གང་རུང་ཞིག་གི་ཐོག་རིགས་གཅིག་རྐང་འཛིན་གནང་ཐུབ་པའི་འབད་བརྩོན་བྱ་རྒྱུ་ནི་དེ་བས་ཀྱང་གལ་འགངས་ཆེན་པོ་ཡིན་པས་དེ་དོན་དགོངས་འཇགས་ཞུ།

སློབ་ཕྲུག་རྣམས་འཚར་ལོངས་བྱེད་བཞིན་པའི་གནས་སྐབས་སུ་ཕྱིའི་ལུས་ལ་གནོད་པའི་མངར་ཟས་དང༌། ཁེངས་ཟས། འགྱིག་ཤོག་ནང་གི་བཅུད་མེད་ཟས་རིགས་རྣམས་མཆོད་མི་དགོས་པ་གཙོ་འདོན་གནང་རྒྱུ་དང་། ནང་སེམས་ཁམས་ཀྱི་འཕྲོད་བསྟེན་ལ་ཕན་པའི་༸གོང་ས་མཆོག་གི་བཀའ་སློབ་ཁག་ལྟ་ཀློག་ཉན་གསུམ་བྱ་རྒྱུ་དང་། གཞན་ཕན་གྱི་བསམ་པས་ཀུན་ནས་བསླངས་ཏེ་ཕན་ཚུན་བྱམས་སྐྱོང་དང་རོགས་སྐྱོར་གནང་ཐུབ་པ་སོགས་བྱུང་ཚེ་ལུས་སེམས་གཉིས་ཀའི་འཕྲོད་བསྟེན་ལ་ཕན་ཐོགས་ཆེ་བ་ཡོང་ངེས།

རང་རེའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ཆར་གཏོགས་པའི་ཡ་རབས་བཟང་སྤྱོད་དེ་ནི་རང་གཞན་ཀུན་ལ་ཕན་པའམ་བདེ་སྐྱིད་འབྱུང་བའི་གཞི་རྩ་ཞིག་ཡིན་སྟབས། སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ནས་བྱ་སྤྱོད་དེ་དག་རང་སོ་སོའི་གཤིས་རྒྱུད་དུ་འཇགས་པའི་ཐོག་ནས་མི་ཉམས་རྒྱུན་འཛིན་དང་། གཞན་ལའང་མིག་དཔེ་བཟང་པོ་སྟོན་ཐུབ་པ་གནང་དགོས།

བོད་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་དང་།བྱེ་བྲག་ཏུ་དཔལ་ནཱ་ལནྡཱའི་པཎ་གྲུབ་རྣམས་ལས་མཆེད་པའི་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ཟབ་མོའི་ནང་དོན་ཡོངས་སུ་རྫོགས་པ་སྟོན་ཐུབ་མཁན་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཁོ་ན་ཡིན་པས།རང་རེའི་ན་གཞོན་གཙོ་བོར་གྱུར་པའི་བོད་མི་སེར་སྐྱ་བགྲེས་གཞོན་ཚང་མས་སྐད་ཡིག་ཐོག་སྦྱངས་བརྩོན་ལྷོད་མེད་གནང་སྐྱོང་ཡོང་བར་མ་ཟད།ཕན་ཚུན་བཀའ་མོལ་གནང་སྐབས་སྐད་ཡིག་གཞན་གྱིས་བསྲེ་ལྷད་མེད་པར་བོད་སྐད་གཙང་མ་བསྐྱོན་རྒྱུར་སྒོ་ཀུན་ནས་འབད་བརྩོན་གནང་རོགས།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་གྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་དང་བཅས། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མས། ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༤ ཉིན།

སྔོན་མ།
ཤེས་རིག་ལས་ཁུངས་ནས་གཞི་རིམ་བར་མ་འཛིན་གྲྭ་བརྒྱད་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་གཏན་འབེབས་གནང་བ།
ཕྱི་མ།
ཟློས་དགེའི་འོས་སྦྱོང་གི་གསལ་བསྒྲགས།