ཟླ་རེའི་གསར་འགྱུར།

རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་བོད་སློབ་ཁག་ཅིག་ཨང་རིམ་རྩེར་སོན་བྱུང་བར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་འཚམས་འདྲི་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་  ༡༣ ཉིན་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་ཡོད་པ་ལྟར། བོད་སློབ་འཛིན་ཚོགས་ནས་རྩིས་བླངས་པའི་བོད་པའི་སློབ་གྲྭ་ད་ལྟའི་ཆར་སཾབྷོ་ཊ་ཁྱབ་ཁོངས་སུ་ཡོད་པ་རྣམས་འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་རྩེ་ཕུད་ཨང་རིམ་དང་པོ་སོན་པར། བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་འཚམས་འདྲི་དང་སྦྲགས། དེ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་དང་། དེ་བཞིན་སཾབྷོ་ཊ་སློབ་གྲྭ་ཁག་གི་སློབ་སྤྱི་དང་། དགེ་ཆེ། དགེ་རྒན། སློབ་ཕྲུག་གི་ཕ་མ། ལྷག་པར་དུ་སློབ་ཕྲུག་བཅས་ཚང་མས་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་སྐུ་ལས་བསྐྱོན་པའི་འབྲས་བུ་ཞིག་ཡིན་པར་ངོས་འཛིན་ཞུ་ཡི་ཡོད་ཅེས་གསུངས།

དེ་བཞིན་ཁོང་མོས། སཾབྷོ་ཊ་བོད་སློབ་ཚོགས་པ་དང་ཤེས་རིག་ལས་ཁུངས་ནས་མཐུན་འགྱུར་རོགས་འདེགས་གང་ཞུས་པ་དེས་ཕན་ཐོགས་ཏན་ཏན་བྱུང་ཡོད་རེད། གང་ལྟར་འདི་ལོའི་གྲུབ་འབྲས་གང་ལེགས་བྱུང་བ་དེར་ང་རང་སྒེར་དང་། ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ནས་འབྲེལ་ཡོད་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་། ཡི་རང་བསྔགས་བརྗོད་ཞུ་ཡི་ཡོད། དེ་བཞིན་མུ་མཐུད་ཤུགས་རྒྱག་རོགས་གནང་ཞུ་རྒྱུ་ཡིན། དེ་རིང་ཞུ་འདོད་ཡོད་པ་གཅིག་ནི། ༸གོང་ས་མཆོག་གི་འགྲོ་བ་མིའི་བཟང་སྤྱོད་སྐོར་དུས་དང་རྣམ་པ་ཀུན་ཏུ་བཀའ་སློབ་ལམ་སྟོན་གནང་གི་ཡོད་པ་དེ་ཡིན། སློབ་ཕྲུག་ཚོས་ཕྱིའི་ཤེས་བྱའི་གནས་ལ་གཟེངས་སུ་ཐོན་པ་དགོས་གལ་ཡིན་ལ། དེ་ལས་གལ་ཆེ་བ་ནི་ནང་བསམ་བློའི་ཡོན་ཏན་ཡར་རྒྱས་གོང་སྤེལ་གཏོང་དགོས། སློབ་སྦྱོང་ཡག་པོ་དང་བརྒྱ་ཆ་མཐོ་པོ་ཞེ་དྲག་ཐོབ་ཀྱང་ཡ་རབས་སྤྱོད་བཟང་དང་སྤྱི་སེམས་ལྷག་བསམ་མེད་ན་སྤྱི་པའི་དོན་དག་སྒྲུབ་རྒྱུ་མེད་པ་མ་ཟད་སྒེར་གྱི་ལས་དོན་ཐོག་ལའང་ཕུགས་རྒྱང་རིང་པོར་ཕན་ཐོགས་ཡོང་རྒྱུ་ཁག་པོ་རེད།

དེ་རིང་གོ་སྐབས་འདིའི་བརྒྱུད་ནས་བོད་པའི་སློབ་གྲྭ་གཞན་ཚང་མའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གང་ལེགས་བྱུང་ཡོད་པ་འབྲེལ་ཡོད་ཚང་མ་ལའང་ཡི་རང་བསྔགས་བརྗོད་དང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་པ་བཅས།།

སྔོན་མ།
བོད་པའི་སློབ་གྲྭ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཡར་རྒྱས་ཕྱིན་པ།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ལ་དྭགས་བོད་ཁྱིམ་སློབ་གྲྭ་ཡན་ལག་དང་བཅས་པར་གཟིགས་སྐོར་དང་། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་གནང་དགོས་པའི་ནན་སྐུལ་གནང་བ།