ཟླ་རེའི་གསར་འགྱུར།

སཱི་ཤེས་ཡོན་སློབ་གསོ་དང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་གྱི་ཟབ་སྦྱོང་ལེགས་པར་མཇུག་བསྒྲིལ་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༩ ནས་ཟླ་ ༦ ཚེས་ ༢ བར་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོ་དང་། དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་པ་དེ་བཞིན་ཕྱི་ཚེས་ ༢ རེས་གཟའ་ཉི་མའི་ཉིན་ལེགས་པར་མཇུག་བསྒྲིལ་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་འགན་འཛིན་གཞོན་པ་དང་མཐུན་སྦྱོར་བ་རྒན་པ་བརྩོན་འགྲུས་བསམ་འཕེལ་ལགས། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས། སློབ་གྲྭ་ཁག་གི་དགེ་རྒན་མཐུན་སྦྱོར་བ་ཁྱོན་མི་གྲངས་ ༣༨ བཅས་ཚང་འཛོམས་ཀྱིས་ཐོག་མར་མཉམ་ཞུགས་པ་སྐུ་ཚབ་གཉིས་ཀྱིས་ཐེངས་འདིའི་ཟབ་སྦྱོང་གི་ཉམས་མྱོང་སྐོར་གསུངས་གྲུབ་པ་དང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། སྤྱི་ཚོགས་གང་འདྲ་ཞིག་གི་ནང་བཟང་སྤྱོད་ཡོད་པའི་མིར་ཤེས་ཡོན་དེ་ཙམ་མེད་པ་རྣམས་ཀྱིས་སྤྱི་ཚོགས་ཁྲོད་དཀའ་ངལ་བཟོ་ཡི་མེད་པ་དང་། སློབ་སྦྱོང་གང་འཚམ་ཡོད་པ་དང་བཟང་སྤྱོད་མེད་མཁན་གྱིས་སྤྱི་ཚོགས་ཁྲོད་དཀའ་ངལ་ཆེན་པོ་བཟོ་གི་ཡོད་པ་ང་ཚོའི་མཐོང་ཆོས་སུ་གྱུར་ཡོད། རང་ཉིད་ཀྱི་རྒྱུད་ལ་བཟང་སྤྱོད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་གི་ནང་སཱི་ཤེས་ཡོན་སློབ་གསོའི་གོ་རྟོགས་སྤེལ་བ་ཙམ་མ་ཟད། དགེ་རྒན་དང་སློབ་སྤྱི་རྣམས་ལའང་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བའི་ཟབ་སྦྱོང་རབ་དང་རིམ་པ་ཕུལ་ཡོད།

ཕྱོགས་མཚུངས་ད་ལན་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་འགན་འཛིན་གཞོན་པ་དང་མཐུན་སྦྱོར་བ་རྒན་པ་བརྩོན་འགྲུས་བསམ་འཕེལ་ལགས་རྣམས་གཉིས་ཀྱིས་སྐུ་ལས་བསྐྱོན་ནས་སཱི་ཤེས་ཡོན་སློབ་གསོ་དང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་གྱི་ཟབ་སྦྱོང་ཕུལ་ཡོད། དངོས་སུ་སློབ་གྲྭའི་ནང་ལག་ལེན་བསྟར་མཁན་ཁྱེད་རྣམ་པ་ཚོ་ཆགས་ཡོད་སྟབས། སོ་སོའི་ས་གནས་སུ་ཕྱིར་ལོག་སྟེ། ཟབ་སྦྱོང་ནང་གང་ཤེས་པ་རྣམས་དགེ་ལས་སློབ་ཕྲུག་རྣམས་ལ་སློབ་ཁྲིད་གཏིང་ཟབ་གནང་ཐུབ་ཚེ། ཤེས་རིག་ལས་ཁུངས་ཀྱིས་ཟབ་སྦྱོང་གོ་སྒྲིག་གནང་བ་དེ་དོན་སྙིང་ལྡན་པ་ཞིག་ཏུ་ཆགས་ཀྱི་ཡོད། ཤེས་རིག་ལས་ཁུངས་ཀྱི་དམིགས་ཡུལ་གཙོ་བོ་ནི། བོད་པའི་སློབ་གྲྭ་ཚང་མའི་ནང་སློབ་ཕྲུག་གི་ཤེས་ཡོན་ཚད་ལྡན་དང་མཉམ་དུ་བཟང་སྤྱོད་ལྡན་པ་ཞིག་དགོས་རྒྱུ་དེ་ཡིན། ད་ལྟའི་སྤྱི་ཚོགས་ཁྲོད་དཀའ་ངལ་གྱི་རྒྱུ་གཙོ་བོ་ནི་བཟང་སྤྱོད་མེད་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། དེར་བརྟེན་ཐེངས་འདིར་ཟབ་སྦྱོང་གནང་མཁན་རྣམ་པ་གཉིས་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་རྒན་ལགས་ཚང་མའི་ཚབ་ཞུས་ཏེ་སྙིང་ཁོངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་གསུང་བཤད་གནང་།

དེ་རྗེས་མཐུན་སྦྱོར་བ་རྣམས་ལ་མཇལ་དར་རེ་སྒྲོན་པ་དང་། ཟབ་སྦྱོང་གནང་མཁན་དང་མཐུན་སྦྱོར་བ་རྣམས་ཤེས་རིག་བློན་མཆོག་གི་ལྷན་དུ་དྲན་རྟེན་སྐུ་པར་བསྒྲོན་ཏེ་ཟབ་སྦྱོང་ལེགས་པར་མཇུག་བསྒྲིལ་ཡོད། ཟབ་སྦྱོང་འདིའི་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌ་(DANIDA)རོགས་ཚོགས་ནས་མཐུན་འགྱུར་གནང་ཡོད་པ་བཅས།།

སྔོན་མ།
སཱི་ཤེས་ཡོན་སློབ་གསོ་དང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་གྱི་ཟབ་སྦྱོང་དབུ་འཛུགས་གནང་བ།
ཕྱི་མ།
༢༠༢༥ ལོའི་ཉི་ཧོང་ཅི་སྦཱ་བཟོ་རིག་སློབ་གཉེར་ཁང་དུ་སློབ་ཡོན་གསལ་བསྒྲགས།
Menu