ཟླ་རེའི་གསར་འགྱུར།

ཤེས་རིག་བརྡ་ཆད་ཚན་པ་དང་བོད་མིའི་སློབ་གྲྭ་ཁག་གི་ཐ་སྙད་ཚོགས་ཆུང་དབར་དྲ་ཐོག་ཚོགས་འདུ་སྐོང་ཚོགས་ཞུས་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢:༣༠ ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་གོ་སྒྲིག་འོག་རྡ་སྟེང་བོད་ཁྱིམ་དང་། སྦེལ་ཀོབ་བོད་ཁྱིམ། སེ་ལ་ཀུལ་བོད་ཁྱིམ། མ་སུ་རི་བོད་ཁྱིམ། མ་སུ་རི་སཾ་བྷོ་ཊ་གཏན་སློབ། སྦེལ་ཀོབ་སཾ་བྷོ་ཊ་ཉིན་སློབ། མོན་གྷོ་སཾ་བྷོ་ཊ་གཏན་སློབ། ཅན་དྷ་གྷི་རི་སཾ་བྷོ་ཊ་འབྲི་རིམ་ཉིན་སློབ། ཌོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ། རྡོར་གླིང་སཾ་བྷོ་ཊ་གཏན་སློབ་བཅས་བོད་མིའི་སློབ་ཁག་བཅུའི་ཐ་སྙད་ཚོགས་ཆུང་གི་སྣེ་འཁྲིད་རྒན་ལགས་རྣམས་ལ་ཤེས་རིག་བརྡ་ཆད་ཚན་པ་དང་། ཚན་པའི་ངོས་ནས་བརྡ་ཆད་གཏན་འབེབས་བྱེད་ཕྱོགས་ཀྱི་ལས་རིམ་ངོ་སྤྲོད་དང་། ད་བར་གཏན་འབེབས་ཟིན་པའི་བརྡ་ཆད་རྣམས་ཁྱབ་སྤེལ་སླད་ལས་དོན་དང་ལས་འཆར་ཇི་སྤེལ་སོགས་གསལ་བཤད་ཞུ་རྒྱུར་དམིགས་ཏེ་དྲ་ཐོག་ཚོགས་འདུ་ཞིག་སྐོང་ཚོགས་ཞུས་ཡོད།

དེ་ཡང་ཚོགས་འདུའི་ཐོག་ཤེས་རིག་བརྡ་ཆད་ཚན་པའི་ལས་དྲུང་ཚེ་རིང་དོན་གྲུབ་ལགས་ནས་ཚོགས་འདུ་སྐོང་ཚོགས་དགོས་དོན་དང་། བོད་མིའི་སློབ་གྲྭ་ཁག་ཏུ་སློབ་ཕྲུག་ལས་གྲུབ་པའི་ཐ་སྙད་ཚོགས་ཆུང་ཆེད་འཛུགས་དགོས་པའི་དགོས་དམིགས་གསལ་བཤད་དང་། བརྡ་ཆད་ཚན་པའི་འགན་འཛིན་ལས་ཚབ་དྲུང་ལས་བསྟན་འཛིན་རབ་རྒྱས་ལགས་ནས་ཤེས་རིག་བརྡ་ཆད་ཚན་པའི་ལས་དོན་ཚན་པས་བརྡ་ཆད་གཏན་འབེབས་བྱེད་ཕྱོགས་ཀྱི་ལས་རིམ་ངོ་སྤྲོད་དང་། ད་བར་བརྡ་ཆད་ཁྱབ་སྤེལ་སླད་ལས་དོན་གང་སྤེལ་ཡོད་པ་གསལ་བཤད་གྲུབ་རྗེས། སློབ་ཁག་གི་ཐ་སྙད་ཚོགས་ཆུང་གི་སྣེ་འཁྲིད་རྒན་ལགས་ཁག་གཅིག་ནས་རང་རང་གི་སློབ་གྲྭའི་ནང་ཤེས་རིག་བརྡ་ཆད་ཚན་པ་ནས་གཏན་འབེབས་ཞུས་པའི་བརྡ་ཆད་ཁྱབ་སྤེལ་ཇི་གནང་དང་། དེ་འབྲེལ་དཀའ་ངལ་ཇི་འཕྲད་སྙན་གསེང་དང་། རྒན་ལགས་ཁག་གཅིག་ནས་ཤེས་རིག་བརྡ་ཆད་ཚན་པས་བརྡ་ཆད་གཏན་འབེབས་ཞུ་ཕྱོགས་ཀྱི་དགེ་སྐྱོན་དང་། གཏན་འབེབས་ཟིན་པའི་བརྡ་ཆད་རྣམས་མང་ཚོགས་དང་སློབ་ཕྲུག་སོགས་རིགས་སོ་སོར་དམིགས་པའི་བརྡ་ཆད་ཁྱབ་སྤེལ་དགོས་གལ་སོགས་ཀྱི་དགོངས་འཆར་ཕེབས་པ་ཁག་ཕན་ཚུན་བགྲོ་གླེང་གི་ཚུལ་དུ་བསམ་ཚུལ་བརྗེ་ལེན་ཞུ་ཐུབ་པ་བྱུང་སྟེ་དྲ་ཐོག་ཚོགས་འདུ་དེ་བཞིན་དོན་ཕན་ལྡན་པའི་ངང་མཇུག་སྒྲིལ་ཐུབ་པ་བྱུང་ཡོད།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པ་ནས་འབོད་སྐུལ་ཞུས་དོན་བཞིན་ཕྱི་ལོ་ ༢༠༢༤ ལོའི་ནང་གོང་གསལ་བོད་མིའི་སློབ་གྲྭ་ཁག་བཅུའི་ནང་སློབ་ཕྲུག་ལས་གྲུབ་པའི་ཐ་སྙད་ཚོགས་ཆུང་ཆེད་འཛུགས་ཐུབ་པ་བྱུང་ཡོད་ཅིང་། སློབ་གྲྭ་ཁག་གི་ཐ་སྙད་ཚོགས་ཆུང་ལ་སྐུལ་ལྕགས་དང་རྒྱབ་སྐྱོར་མཚོན་སླད་དུ་ཌན་མག་དུ་རྟེན་གཞི་བྱས་པའི་ཌི་ནི་ཌཱ་ (DANIDA) རོགས་ཚོགས་ནས་སློབ་གྲྭ་རེ་རོགས་དངུལ་ཧིན་སྒོར་ ༤༠༠༠ རེ་མཐུན་འགྱུར་ཕུལ་ཡོད་པ་བཅས། །

སྔོན་མ།
ཕྱི་ལོ་ ༢༠༢༤ ལོའི་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་༸སྐུའི་འཁྲུངས་སྐར་དང་སྟབས་བསྟུན་བྱིས་པའི་འགུལ་བརྙན་གཉིས་འགྲེམས་སྤེལ་གནང་བ།
Menu