ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་སུ་ཇ་བོད་ཁྱིམ་དུ་ཁྱད་འབྱེད་སློབ་ཁྲིད་དང་ཕོ་མོར་གཞིགས་པའི་སློབ་ཁྲིད་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༩ དང་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་སུ་ཇ་བོད་ཁྱིམ་སློབ་གྲྭའི་ནང་ཁྱད་འབྱེད་སློབ་ཁྲིད་དང་ཕོ་མོར་གཞིགས་པའི་སློབ་ཁྲིད་ཀྱི་ཟབ་སྦྱོང་བསྐོང་ཚོགས་གནང་ཡོད།

དེ་ཡང་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ངག་དབང་ཐུབ་བསྟན་ལགས་ཀྱིས་ཕེབས་བསུ་དང་སྦྲགས། སློབ་སྟོན་པ་ངོ་སྤྲོད་དང་ཟབ་སྦྱོང་ལེགས་གྲུབ་ཡོང་བའི་སྨོན་འདུན་གནང་རྗེས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཟབ་སྦྱོང་གི་རྒྱབ་ལྗོངས་ལོ་རྒྱུས་དང་། ད་བར་དགེ་རྒན་གྲངས་ ༡༢༧ ལྷག་ལ་དེ་མཚུངས་ཀྱི་ཟབ་སྦྱོང་ཕུལ་ཟིན་པ་འགྲེལ་བརྗོད་གནང་།

དགེ་རྒན་རྣམས་ལ་ཁྱད་འབྱེད་སློབ་ཁྲིད་དང་ཕོ་མོར་གཞིགས་པའི་སློབ་ཁྲིད་ཀྱི་ཟབ་སྦྱོང་གནང་རྒྱུའི་དམིགས་ཡུལ་གཙོ་བོ་ནི་འཛིན་གྲྭའི་ནང་ཕོ་མོ་དང་། ལྷག་པར་ཁམས་དང་མོས་པ། ཤེས་སྟོབས་ནུས་པ་འདྲ་མིན་ཡོད་པའི་སློབ་ཕྲུག་སོ་སོར་དེ་མཚུངས་ཀྱི་སློབ་ཁྲིད་གནང་ཕྱོགས་འཐབ་བྱུས་སློབ་སྟོན་གནང་རྒྱུ་ཡིན་པ་ལྟར། དགེ་རྒན་རྣམས་ལ་ཐབས་བྱུས་དང་། བྱེད་སྒོ་རྣམ་གཞག་སྣ་མང་བརྒྱུད་སློབ་ཁྲིད་ཐབས་ཐབས་ལམ་སློབ་སྟོན་གནང་ཡོད་པ་རེད།

ཟབ་སྦྱོང་གི་མཇུག་སྡོམ་མཛད་སྒོའི་ཐོག་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་མཆོག་ནས་སློབ་སྟོན་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དཀར་གཙང་མཇལ་དར་རེ་ཕུལ་བ་མ་ཟད། དགེ་རྒན་རྣམས་ནས་འཛིན་གྲྭའི་ནང་སློབ་ཕྲུག་ཕོ་མོ་དང་། ནང་གསེས་ཁམས་དང་མོས་པ་གཞིེར་བཟུང་གུ་ཡངས་ཀྱིས་ཟབ་སྦྱོང་སྐབས་བློ་སྦྱེད་ཇི་བྱུང་འཛིན་གྲྭའི་ནང་ལག་བསྟར་གནང་གལ་ཆེན་པོ་ཡིན་པ་གསུངས། ཤེས་རིག་དྲུང་འཕར་བསྟན་འཛིན་རྡོ་རྗེ་ལགས་ནས་སློབ་གྲྭའི་སློབ་སྤྱི་གཙོས་པའི་དགེ་རྒན་ལས་བྱེད་རྣམ་པ་ཟབ་སྦྱོང་སྐབས་རྒྱབ་སྐྱོར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཟབ་སྦྱོང་སྐབས་སྦྱངས་པའི་ཤེས་བྱ་རྣམས་ལ་འཛིན་གྲྭའི་ནང་ཉིན་ལྟར་ལག་བསྟར་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།

ཐེངས་འདིའི་ཟབ་སྦྱོང་ནང་སུ་ཇ་བོད་ཁྱིམ་དང་། ཅོན་ཏ་ར་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ་བཅས་ནས་དགེ་རྒན་གྲངས་ ༣༨ མཉམ་ཞུགས་གནང་ཡོད་པ་དང་། ཁོང་རྣམས་ལ་ཤེས་ཡོན་ཆེད་མཁས་པ་སྐལ་བཟང་དབང་འདུས་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས་སློབ་སྟོན་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ནས་ལ་དྭགས་བོད་ཁྱིམ་སློབ་གྲྭར་དབྱར་དུས་འགོ་ཁྲིད་ཟབ་སྦྱོང་གོ་སྒྲིག་གནང་བ།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་ཏུ་གཟིགས་སྐོར་གནང་བཞིན་པ།
Menu