ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཀོ་ལི་གྷལ་སཾ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་ཡོད་པ་དང་། སྐབས་དེར་ཀོ་ལི་གྷལ་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། བརྒྱ་དཔོན་བཅས་ནས་ཕེབས་བསུ་ཞུས་ཡོད།

ཕྱི་ཚེས་ ༢༢ ཉིན་ཤེས་རིག་བཀའ་བློན་མཆོག་ནས་ཀོ་ལི་གྷལ་སམ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་དུ་ཆེད་ཕེབས་ཀྱིས་སྔ་དྲོའི་ཞོགས་ཚོགས་ལ་ལྷན་ཞུགས་ཀྱིས་བྱེད་སྒོ་རྣམ་གཞག་ལ་གཟིགས་ཞིབ་དང་། སློབ་ཕྲུག་རྣམས་ལ་ཤེས་ཡོན་གྱི་གལ་གནད་གཙོས་པའི་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ལ་བདག་གཅེས་དགོས་གལ། སྨྱོ་རྫས་རིགས་གཏན་ནས་ལོངས་སུ་སྤྱོད་མི་རུང་པའི་སྐོར་ལམ་སྟོན་གསུང་བཤད་གནང་།

དེ་རྗེས་བཀའ་བློན་མཆོག་གིས་སློབ་གྲྭའི་འཛིན་ཁང་དང་སྡེ་ཚན་སོ་སོར་གཟིགས་སྐོར་དང་འབྲེལ། དགེ་ལས་སློབ་ཕྲུག་རྣམས་ལ་དེ་དོན་དགོས་ངེས་ལམ་སྟོན་གནང་རྗེས་སློབ་ཕྲུག་གི་ཕ་མ་རྣམས་ལ་ཐུག་འཕྲད་གནང་སྟེ། ཕ་མ་རྣམས་ནས་ཕྲུ་གུའི་འཚར་ལོངས་ལ་དོ་སྣང་གིས་ཡ་རབས་བཟང་པོའི་སྤྱོད་པ་རྣམས་ལ་ཕྲུ་གུའི་རྒྱུད་ལ་འཇགས་ཐབས་ལ་འབད་རྩོལ་བྱེད་དགོས་པའི་སྐོར་གསུངས། ཕྱི་དྲོ་བཀའ་བློན་མཆོག་གིས་དགེ་རྒན་ལས་བྱེད་ལྷན་ཐུག་འཕྲད་ཀྱིས་དགེ་རྒན་ཆེད་ལས་ཀྱི་ལས་འགན་དང་། དགེ་རྒན་རྣམས་ལ་བྱམས་བརྩེ་དང་། བཟོད་སྒོམ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གསུངས།

ཕྱི་ཚེས་ ༢༣ སྔ་དྲོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཧུན་སུར་རབ་རྒྱས་གླིང་དུ་ཕེབས་ཐོན་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་ཏུ་གཟིགས་སྐོར་གནང་བཞིན་པ།
Menu