ཟླ་རེའི་གསར་འགྱུར།

གཞི་རིམ་སློབ་གྲྭའི་ཀམ་པུ་ཊར་སློབ་ཚན་གྱི་བསླབ་གཞིའི་རྩ་འཛིན་བསྐྱར་ཞིབ་དང་གཏན་འབེབས་གནང་བ།

གསར་འཕྲིན།

༄༅། །ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༢༩ དང་ ༣༠ ལ་ཀམ་པུ་ཊར་སློབ་ཚན་གྱི་བསླབ་གཞིའི་རྩ་འཛིན་བསྐྱར་ཞིབ་དང་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཐོག་གཞི་རིམ་སློབ་གྲྭའི་ཀམ་པུ་ཊར་སློབ་ཚན་གྱི་བསླབ་གཞིའི་རྩ་འཛིན་ལ་བསྐྱར་ཞིབ་དང་གཏན་འབེབས་གནང་ཡོད།

ཕྱི་ལོ་ ༢༠༡༠ ལོར་གཏན་འབེབས་བྱུང་བའི་འཛིན་རིམ་བཞི་པ་ནས་བརྒྱད་པ་བར་གྱི་བསླབ་གཞིའི་རྩ་འཛིན་ལ་བསྐྱར་ཞིབ་དང་འབྲེལ་སློབ་ཕྲུག་ཚོའི་ཤེས་ཡོན་དང་། སེམས་ཁམས། སྤྱི་ཚོགས་བཅས་ཀྱི་དགོས་མཁོ་སྐོང་བ་དང་། བསམ་བློའི་ནུས་པ་གོང་འཕེལ་གཏོང་བར་དམིགས་ཡོད། བསླབ་གཞི་འདིས་ཀམ་པུ་ཊར་གྱི་རྨང་གཞིའི་ཤེས་ཡོན་མཁོ་སྤྲོད་བྱེད་པ་དང་ཆབས་ཅིག དཔྱད་ཞིབ་བསམ་བློ་གཏོང་རྒྱུ་དང་། དྲྭ་རྒྱའི་བདེ་འཇགས། འགན་ཁུར་ལྡན་པའི་བེད་སྤྱོད་བཅས་ལ་ཤུགས་སྣོན་རྒྱག་གི་ཡོད། དུས་རབས་ཉེར་གཅིག་པའི་མི་སེར་གྱི་རིག་རྩལ་དང་དཀའ་ངལ་སེལ་ཐབས་ཀྱི་ནུས་པ་ཡར་རྒྱས་གཏོང་རྒྱུའི་དམིགས་ཡུལ་ཡོད་ལ། བསླབ་གཞི་འདི་ཉིད་ཀམ་པུ་ཊར་སྤྱི་ཡོངས་ཀྱི་ངོ་སྤྲོད་དང་། རྨང་གཞི། (basic) འབྲིང་རིམ། (intermediate) མཐོ་རིམ་ (advanced) བཅས་སྡེ་ཚན་བཞིར་བགོས་ཡོད།

ཐེངས་འདིའི་ཚོགས་འདུ་རུ་ཤེས་རིག་ལས་ཁུངས་ཀྱི་ཚན་རྩིས་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་དྲྭ་རྒྱ་དོ་དམ་པ་བསྟན་འཛིན་སྐལ་བཟང་ལགས། སཾབྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་ལས་བྱེད་ཚེ་དབང་ནོར་བུ་ལགས། བདེ་སྐྱིད་གླིང་བོད་ཁྱིམ་སློབ་གྲྭའི་ཀམ་པུ་ཊར་དགེ་རྒན་བྱང་ཆུབ་རྡོ་རྗེ་ལགས། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་ཀམ་པུ་ཊར་དགེ་རྒན་ཀུན་དགའ་བཟང་པོ་ལགས། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ཀམ་པུ་ཊར་དགེ་རྒན་བསོད་ནམས་སྒྲོལ་དཀར་ལགས། དྷོ་ལན་ཇི་སཾབྷོ་ཊ་སློབ་གྲྭའི་ཀམ་པུ་ཊར་དགེ་རྒན་ཡེ་ཤེས་བསྟན་འཛིན་ལགས། ཅོན་ཏྭ་ར་བོད་ཁྱིམ་སློབ་གྲྭའི་ཀམ་པུ་ཊར་དགེ་རྒན་ངག་དབང་ཚེ་རིང་ལགས་བཅས་མཉམ་ཞུགས་གནང་ཡོད།

ཚོགས་འདུའི་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌ་ (DANIDA) རོགས་ཚོགས་ཀྱིས་མཐུན་འགྱུར་གནང་ཡོད་པ་བཅས། །

སྔོན་མ།
ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་བ།
Menu