[toc]

རེ་བ།(ཨང་དང་པོ)

སྦྲ་རིགས་ཐོགས་མེད། སུ་ཇ་བོད་ཁྱིམ་སློབ་གྲྭ།

མཚར་མཚར་སྐུ་ཡི་དཔག་བསམ་ལྗོན་པས་འགྲོ་ཀུན་གདུང་བའི་སྡུག་བསྔལ་སེལ།།
སྙན་སྙན་ཚངས་དབྱངས་དྲུག་ཅུའི་གསུང་གིས་བདེན་བཞིའི་ཆོས་ཚུལ་ལྷུག་པོར་འདོམས།།
ཟབ་ཟབ་མཁྱེན་རབ་ནམ་མཁའི་མཐའ་ལ་བྱམས་བརྩེ་འོད་ཀྱི་སྣང་བ་ཅན།།
མཆོག་མཆོག་གངས་ལྗོངས་འགྲོ་བའི་དེད་དཔོན་དད་གསུམ་སྤྱི་བོའི་རྒྱན་དུ་བསྟེན།།

དཀར་གསལ་འོད་དུ་འཚེར་བའི་ས་འཛིན་གྱིས། །ཕྱོགས་ཀུན་ཡོངས་སུ་མཛེས་པ་ཆོས་ཀྱི་ཞིང༌། །
འགྲོ་ཀུན་ཆོས་ལ་སྤྱོད་པའི་གངས་ཅན་གྱི། །ལུགས་གཉིས་རེ་བ་མྱུར་དུ་འགྲུབ་པར་ཤོག །

    ཁྱོད་ཚོས་ཐོས་མྱོང་ངམ། རབ་མཛེས་གངས་ཀྱི་ར་བས་ཡོངས་སུ་བསྐོར་ཞིང་འཛམ་གླིང་གི་ཡང་རྩེར་འགྱིང་བའི་ང་ཚོའི་ཕ་མེས་མང་པོའི་རེ་བཞག་གི་རྨི་ལམ་འཁྱིལ་བའི་ཕ་ཡུལ་ཁ་བ་གངས་ཅན་ལྗོངས་ནི། འདས་ཟིན་པའི་བགྲང་བྱ་སྟོང་ཕྲག་གཉིས་ལྷག་གི་སྔ་རོལ་ནས་གཉའ་ཁྲི་བཙན་པོའི་དབང་ཐང་གི་འདབ་གཤོག་འོག་ནས་འཚར་ལོངས་བྱུང་བའི་ཤར་ཕྱོགས་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྲགས་ཟིན་པ་མ་ཡིན་ནམ། དུས་དེ་ནས་བཟུང་རླབས་ཆེ་བའི་ང་ཚོའི་རྒྱལ་བློན་གོང་མ་ཚོའི་བཀའ་དྲིན་ལས་ང་ཚོའི་མི་རིགས་ཀྱི་སྟོབས་འབྱོར་དང་སྙན་གྲགས་ཀྱི་བསུང་ཞིམ་ཕྱོགས་ཀྱི་བུ་མོའི་རྒྱན་དུ་འཕུར། མེས་དབོན་རྣམ་གསུམ་དང་མཛངས་བློན་བདུན་སོགས་ཀྱི་མཁས་མཛངས་ཀྱི་མཐུ་ལས་ང་ཚོའི་མི་རིགས་དེ་རིམ་བཞིན་བཅུ་ཕྲག་རིག་གཞུང་གི་མེ་ཏོག་བཞད་ཅིང་གཞན་ཕན་ལྷག་བསམ་གྱི་རྐང་འཐུང་རྒྱས་པའི་རང་བྱུང་ཤེས་རིག་གི་བསྟི་གནས་ཆེན་པོ་ཞིག་ཆགས་ཡོད་པ་མ་ཡིན་ནམ།
    ཁྱོད་ཚོས་བྲག་རི་བཞིན་བརྩིགས་པའི་ང་ཚོའི་མི་རིགས་ཀྱི་ལོ་རྒྱུས་དང་ཆོས་འབྱུང་གི་གླེགས་བམ་དེ་དག་ཞིབ་ཏུ་ཀློགས་དང༌། ད་གཟོད་ཁྱོད་ཀྱིས་སེམས་སུ་རང་ཉིད་ནི་ཇི་འདྲའི་རླབས་ཆེ་ཞིང་འགྲན་ཟླ་བྲལ་བའི་མི་རིགས་ཤིག་གི་རིགས་རྒྱུད་ཡིན་པ་ཧ་གོ་ངེས། ཚོར་སྣང་འདིེས་ཤུགས་སུ་ཁྱོད་ཀྱིས་བཞུད་ཟིན་པའི་ཕ་མྱེས་གྲངས་མེད་ཅིག་གི་རེ་བཞག་དང་རྨི་ལམ་ཚོར་ངེས་ལ། དེ་ལ་བརྟེན་ནས་གཞི་ནས་ཁྱོད་ཚོས་རང་རང་གི་ཕྲག་སྟེང་དུ་སུས་ཀྱང་མི་མཐོང་བའི་རེ་བ་དང་འགན་ཁུར་ལྗིད་པོ་ཞིག་ཡོད་པ་ཚོར་དགོས། ཁྱོད་ཚོས་རྟག་ཏུ་ང་ཚོའི་ཕ་ཡུལ་དུ་ཁྲག་དམར་འཁྱིལ་བའི་ལོ་དེ་ཕྱིར་དྲན་བྱེད་བཞིན་ཨེ་ཡོད། དུས་དེ་ནས་བཟུང་རླབས་ཆེ་བའི་མི་རིགས་ཤིག་གི་ལོ་རྒྱུས་དུམ་བུར་ཆད་ཅིང་ཞི་བདེ་དང་བྱམས་བརྩེ་འཁྱིལ་བའི་ཞིང་ཁམས་ཤིག་ཏུ་མུན་ནག་དང་མནར་གཅོད་ཀྱི་ལོ་རྒྱུས་དབུ་ཚུགས་པ་རེད། དུས་དེ་ནས་བཟུང་གཞན་ཕན་དང་ལྷག་བསམ་གྱིས་ཕྱུག་པའི་མི་རིགས་ཤིག་འདི་ལྟར་འཇིག་རྟེན་གྱི་གྲུ་ཁ་གང་སར་སློབ་མོར་འགྲིམས་དགོས་བྱུང་བ་རེད།
    འོན་ཀྱང༌། ང་ཚོའི་ཤ་ཁྲག་སྙིང་སྟོབས་དང་བརྩོན་འགྲུས་ཀྱིས་བསྐྲུན་ཡོད་ལ། ང་ཚོའི་སེམས་ཁོང་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད་པས། དྲང་བདེན་དང་འཚེ་མེད་ཀྱི་ལམ་ཆེན་དེ་རུ་ནམ་ཞིག་ང་ཚོར་གཏན་དུ་རྒྱལ་ཁ་ཐོབ་ངེས། ཁྱོད་ཚོས་སོམས་དང༌། ཕ་རྒྱུད་བྱང་ཆུབ་སེམས་དཔའ་དང་མ་རྒྱུད་བྲག་སྲིན་སྒྲོལ་མའི་རིགས་ལས་འཁྲུངས་པའི་ང་ཚོའི་མི་རིགས་འདི་ནམ་ཞིག་སླར་ཡང་སྔོན་གྱི་ཆོས་རྒྱལ་མེས་དབོན་ཚོའི་མངའ་ཐང་བཞིན་འཇིག་རྟེན་གྱི་མཐོ་ས་ནས་གཡུ་འབྲུག་བཞིན་གྲགས་ཤིང༌། ཉི་ཟླ་བཞིན་འཆར་ངེས་ཡིན། སྐབས་དེ་ནི་ང་ཚོའི་བོད་གཞིས་བྱེས་གཉིས་ཀྱི་རེ་སྒུག་ལ་གསེར་མདོག་གི་འབྲས་བུ་སྨིན་པའི་དུས་བཟང་ཡིན། ཁྱོད་ཚོས་ཤེས་པར་བྱོས། གསེར་འོད་འཚེར་བའི་རེ་བ་དེ་དང་བསུང་ཞིམ་འཐུལ་བའི་ཕུགས་བསམ་དེའི་ཕྱིར་དུ། ང་ཚོའི་ཡོད་ཚད་བློས་གཏོང་ཐུབ་ཅིང༌། ཡོད་ཚད་འབུལ་ཐུབ་དགོས།
    ང་ཚོ་འདི་ལྟ་བུའི་རླབས་ཆེན་མི་རིགས་ཤིག་གི་རིགས་སུ་སྐྱེས་པར་ང་ཚོ་རང་ཉིད་ལ་སྤོབས་པ་སྐྱེ་དགོས་པ་ཞིག་མ་ཡིན་ནམ། སྐད་ཡིག་དང་རིག་གཞུང༌། ཡ་རབས་བཟང་སྤྱོད། ཆོས་ལུགས་དང་གོམས་སྲོལ་སོགས་ཕྱོགས་གང་ནས་ཀྱང་གཞན་སུ་ལའང་ཡིད་སྨོན་གྱི་འགྲམ་ཆུ་ལྡང་མི་དགོས་པའི་མི་རིགས་འདི་ལ། ཅིའི་ཕྱིར་ང་ཚོས་རང་ཉིད་ཀྱི་ཡོད་ཚད་ལེགས་སྐྱེས་སུ་མི་འབུལ། མི་རིགས་འདིའི་འབྱུང་འགྱུར་རེ་བ་དང་ཕུགས་བསམ་གྱི་ཕྱིར་དུ་ང་ཚོའི་ཞབས་འདེགས་ཅུང་ཟད་ཞུ་རྒྱུ་བྱུང་ཚེ། དེ་ནི་ང་ཚོས་གཏན་དུ་རང་གི་བུ་རབས་ཚ་རྒྱུད་ཡོངས་ལ་ངོམ་ཆོག་པའི་རླབས་ཆེན་གྱི་ཞབས་རྗེས་ཡིན་པ་མ་ཟད། རང་ཉིད་ཀྱི་མི་ཚེའི་རིན་ཐང་ཡིན་ནོ། །
ཕུལ་བྱུང་མི་རིགས་གསེར་གྱི་ལྷུན་པོ་ལ། །གྲགས་སྙན་ཉི་ཟླའི་རྣ་ཆས་མཛེས་པ་ཅན། །
བསིལ་ལྡན་མེ་ཏོག་འཕུར་བའི་ཞིང་ཁམས་ཀྱི། །ལོ་རྒྱུས་བསྐལ་བའི་བར་དུ་བརྟན་གྱུར་ཅིག །

རླབས་ཆེན་དབུ་ཁྲིད་དམ་པའི་ལམ་སྟོན་འོག །ང་ཚོ་ཆོལ་གསུམ་རེ་བ་བསྒྲུབ་ཏུ་འགྲོ། །
ནམ་ཞིག་གཞིས་བྱེས་ཟུང་གིས་མཉམ་འཛོམས་ཀྱིས། །གངས་སེང་དར་ཆ་ནམ་མཁའི་མཐོངས་སུ་བསྒྲེང༌། །
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་ནང་བགྲོ་གླེང་དང་དུང་སེམས་མཚོན་པའི་ཐབས་རྩལ་ཟུང་འབྲེལ་གྱིས་སྤྱད་འདུག རྩོམ་ལུས་སམ་ཚིག་སྦྱོར་ནི་བཅད་ལྷུག་སྤེལ་མའོ། །སྦྱོར་བ་ལེགས་ཤིང་འབྲེལ་ཆགས་པ། རྩོམ་ཡིག་གི་རྒྱུ་ཆ་འདེམས་སྒྲུག་དང་བེད་སྤྱོད་བྱེད་ཚུལ་ཅུང་ལེགས། རྗེས་སུ་རྩོམ་ཡིག་འདི་རིགས་འབྲི་སྐབས་ནང་དོན་སྒྲིག་སྦྱོར་དང༌། བསྟན་བྱའི་བསམ་བློའི་གཏིང་ཚད། ཚིག་སྦྱོར་གྲིམ་ཞིང་གཏན་ཚིགས་ཀྱི་ནུས་པ་ལྡན་པ་བཅས་ཀྱི་ཕྱོགས་སུ་ཐུགས་སྣང་གིས་འབད་བརྩོན་གནང་དགོས་སྙམ།

རེ་བ།(ཨང་གཉིས་པ)

བསྟན་འཛིན་ཆོས་འབྱོར། སེ་ལ་ཀུའེ་བོད་ཁྱིམ་སློབ་གྲྭ།

མི་རིགས་མཐུན་སྒྲིལ་སྤྱི་ཚོགས་བརྟན་ལྷིང་རྒྱལ་ཁབ་གོང་བུ་གཅིག །
མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྲིད་རང་སྐྱོང་སོགས། །
རྒྱ་བོད་གཉིས་ཀྱི་འདོད་ཚུལ་ཐ་དག་ཞི་བའི་ཐབས་ལམ་གྱིས། །
མྱུར་སེལ་གཉིས་སྨན་ཞི་བདེ་ཡོང་རྒྱུ་ང་ཡི་རེ་བ་ཡིན། །
    ཨ་ཙི། འདས་པའི་མི་ལོ་བཞི་བཅུ་ཞེ་གྲངས་རིང་གི་རྒྱ་བོད་གཉིས་ཀྱི་དཀའ་རྙོག་གི་གནས་སྟངས་ཀྱིས་ང་དབང་མེད་དུ་རྒྱ་བོད་དབར་གྱི་གནད་དོན་ཐོག་མནོ་བསམ་གཏོང་དགོས་བྱུང༌། དེ་བས་ངས་རྒྱལ་ཁབ་གཉིས་ཀྱི་བར་དུ་བསྡད་ནས་གཉིས་སྨན་གྱི་ཐབས་ལམ་ཞིག་སྒུག་པ་ནི་ཉུང་ཉུང་མིན་ལ། དེ་ལྟར་རེ་བ་ནི་ངའི་གཤིས་ཀར་གྱུར། ཕྲན་ནི་སློབ་ཕྲུག་རང་ག་བ་ཞིག་སྟེ་རྟག་ཏུ་གཉིས་སྨན་གྱི་ཐབས་ཤེས་འཚོལ་རྒྱུར་གོམས་པ་དང༌། རྒྱ་བོད་གཉིས་པོ་ཞི་མོལ་གྱི་ཐོག་ནས་མཐུན་སྒྲིལ་ཡོང་རྒྱུ་ནི་ངའི་རེ་བ་ཡིན། ངས་ཡུན་རིང་རེ་སྒུག་བྱས་ཀྱང་ད་བར་དུ་དེ་ལྟར་ཡོང་བའི་ཐབས་ལམ་བཟང་པོ་ཞིག་ཅི་ནས་ཀྱང་མ་རྙེད།
    དེ་ཡང་རང་ཅག་བོད་གངས་ཅན་དེ་རྒྱ་དམར་གྱིས་ཧམ་བཟུང་བྱས་པ་ནི་ཁྲིམས་འགལ་གྱི་བྱ་བ་ཞིག་ཡིན་ཡང༌། དེ་ལྟར་བྱས་པ་ནི་ཡ་མཚན་དགོས་པ་ཞིག་མ་རེད། རྒྱུ་མཚན་ནི། ད་བར་རྒྱལ་ཁབ་སྟོབས་ཆེ་བ་ཞིག་གིས་སྟོབས་ཆུང་བ་ཞིག་བཙན་བཟུང་བྱེད་པ་ནི་གནའ་སྔ་མོ་ནས་བྱུང་བསྡད་པའི་བྱ་བ་ཞིག་རེད། དེར་བརྟེན། ང་ཚོས་དེ་ལས་ཐར་ཐུབ་པའི་འབད་བརྩོན་ཐོག་ཐབས་ལམ་བཟང་པོ་ཞིག་སྤྱོད་རྒྱུ་ནི་གལ་ཆེན་པོ་རེད། ཁ་སང་ང་ཚོས་གང་ལའང་མ་ལྟོས་པར་རང་བཙན་ཁོ་ན་བརྩད་ནས་བསྡད་རྐྱེན་འདོད་བློ་ཁེངས་པའི་གྲུབ་འབྲས་ཤིག་ཐོབ་ཐུབ་མེད། དེ་ལྟ་བུའི་རང་བཙན་ཁོ་ན་འཐབ་རྩོད་བྱས་ན་རྒྱ་དམར་གྱི་སྣང་བའང་མི་འགྲོ། དེ་ལས་ལྡོག་སྟེ་དེ་ལྟར་རང་བཙན་གཙང་མ་རྩོད་རྐྱེན་རྒྱ་ནག་གིས་རྟག་ཏུ་ཤོད་པའི་མི་རིགས་མཐུན་སྒྲིལ་དང༌། སྤྱི་ཚོགས་བརྟན་ལྷིང༌། རྒྱལ་ཁབ་གོང་བུ་གཅིག་གྱུར་ལ་འགལ་ཟླར་གྱུར་ནས་དེ་ལྟར་མི་ཡོང༌། རྒྱ་དམར་གྱིས་རྒྱལ་སྤྱིའི་ཐོག་ཁ་བཀྱག་བཀྱག་དང་མགོ་ཀེར་ཀེར་བྱས་ནས་བརྗོད་ཐུབ། དེ་ལྟར་གཉིས་སྨན་གྱི་ཐབས་ཇུས་བཟང་པོ་ཞིག་མ་རྙེད་རྐྱེན་བོད་རྒྱ་ཞི་འགྲིག་ཡོང་རྒྱུ་ཤིན་ཏུ་ནས་དཀའ་བར་གྱུར། དེ་ལྟར་ཕྲན་གྱི་རེ་བ་དེའང་འགྲུབ་རྒྱུ་དཀའ།
    དེ་རིང་ྋརྒྱལ་བའི་རླབས་ཆེན་གྱི་དགོངས་གཞི་ལས་གཉིས་སྨན་གྱི་ཐབས་ལམ་ཞིག་རྙེད། དེར་བརྟེན། རྒྱ་བོད་ཀྱི་དཀའ་རྙོག་སེལ་བར་ཐག་ཇེ་ཉེར་གྱུར་ཞིང༌། ངའི་རེ་བ་དེའང་འགྲུབ་པར་ཉེ། དེ་ཡང་རྒྱལ་ཁབ་གཉིས་ཀྱི་དཀའ་རྙོག་དེ་སེལ་བར་ཐབས་ལམ་ལེགས་ཤོས་ནི་ཞི་མཐུན་ཡོང་རྒྱུ་དེ་རེད། ཞི་བའི་ཐབས་ལམ་གྱིས་རྒྱ་བོད་མཉམ་གནས་བྱུང་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྟག་ཏུ་བསྒྲགས་པའི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང༌། རྒྱལ་ཁབ་གོང་བུ་གཅིག་གྱུར་ཡོང་བ་ནི་སྨོས་མེད་རེད། དེ་ལྟ་བུའི་གནས་སྟངས་ལ་བརྟེན་ྋགོང་ས་མཆོག་ནས་དབུ་མའི་ཐབས་ལམ་གསར་དུ་བསྩལ། ཁོང་གིས་གསུངས་པའི་དབུ་མའི་ལམ་དེས་རྒྱ་དམར་གྱིས་ཤོད་པའི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང༌། རྒྱལ་ཁབ་གོང་བུ་གཅིག་གྱུར་སྲུང་ཐུབ་ལ། བོད་མིས་འདོད་པའི་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྲིད་དེའང་ཐོབ་ཐུབ། ལམ་དེ་ཡིས་རྒྱ་དམར་ལ་མི་གནོད་ཅིང༌། བོད་མི་ལའང་གྱོང་གུན་མེད་པས་དབུ་མའི་ལམ་བུ་དེ་ནི་གཉིས་སྨན་གྱི་ཐབས་ལམ་ལེགས་ཤོས་ཤིག་ཡིན།
    དེའང་རྒྱ་དམར་གྱི་གཙོ་འཛིན་འདས་པོ་ཏིང་ཞའོ་ཕིང་གིས་༡༩༧༩ ལོར་བཤད་པ་ལྟར་རང་བཙན་མ་བརྩད་ན་ཞི་མོལ་གྱི་ཐོག་ནས་སྐད་ཆ་བཤད་ཆོག་ཅེས་བརྗོད་རྐྱེན་ྋགོང་ས་མཆོག་ནས་དབུ་མའི་ལམ་དེ་རྒྱ་བོད་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་ལེགས་ཤོས་ཤིག་ཏུ་དགོངས་ནས་ཁྱབ་བསྒྲགས་གནང་བར་བརྟེན། རྒྱ་བོད་དབར་གྱི་འབྲེལ་ལམ་དང་པོ་དེ་སྒོ་ཕྱེས་ནས་སྐུ་ཚབ་ཚོགས་པ་བོད་ནང་དུ་བསྐྱོད་ཐུབ་པ་བྱུང༌། དེ་ལྟར་དུས་ཚོད་རིང་པོ་ཞིག་གི་རྗེས་ད་ལོའི་སྐུ་ཚབ་ཚོགས་པ་དང་རྒྱ་ནག་དམར་ཤོག་འཐབ་ཕྱོགས་གཅིག་གྱུར་ཁང་གི་མི་སྣ་སུད་སི་རྒྱལ་ཁབ་ཏུ་ཞི་མོལ་བྱུང་བ་སོགས་རྒྱ་བོད་དབར་གྱི་འབྲེལ་བའི་རྣམ་པ་ཇེ་བཟང་དུ་གྱུར་ཡོད་ལ། ད་དུང་ཡང་འབྲེལ་ལམ་བྱས་དང་བྱེད་བཞིན་ཡོད། སང་ཉིན་མཐའ་བརྒྱད་དང་བྲལ་བའི་དབུ་མའི་ལམ་དེས་རྒྱ་བོད་དབར་གྱི་དཀའ་རྙོག་སེལ་ནས་ཞི་མཐུན་མཉམ་གནས་བྱུང་སྟེ་བོད་ཀྱི་ཕྱི་སྲིད་དང་དམག་དོན་རྒྱ་ནག་གི་སྲུང་སྐྱོབ་འོག་དང༌། བོད་ནང་གི་འཛིན་སྐྱོང་ཐ་དག་དམངས་གཙོའི་ལམ་བུ་ཐོག་ནས་བྱས་ཏེ་རྒྱ་བོད་གཉིས་སྨན་ཞི་བདེ་བྱུང་སྟེ་བོད་དེའང་ཞི་བདེའི་བསྟི་གནས་ཤིག་ཏུ་གྱུར་ནས་ངའི་རེ་བ་འགྲུབ་པར་སྨོན།
    མདོར་བསྡུས་ན་དབུ་མའི་ལམ་བུ་ཡིས་འཛམ་གླིང་ཞི་བདེ་བསྐྲུན་གྱུར་ཅིག
རྩོམ་ཡིག་དཔྱད་མཆན།
    བགྲོ་གླེང་གི་རྣམ་པའི་ཐོག་བྲིས་པའི་རྩོམ་ཡིག་འདིའི་ཁྱད་ཆོས་གཙོ་བོ་ཞིག་ནི། ནང་དོན་གཙོ་བོ་དམ་པོར་བཟུང་བའི་ཐོག་ནས་བརྗོད་གཞི་ལེགས་པར་བཀྲལ་འདུག རྩོམ་ཡིག་གི་ཚིག་སྦྱོར་ཅུང་ལེགས་ཤིང་ཡི་གེ་དག་ཆ་ནོར་བ་ཉུང༌། སྒྲིག་རིམ་ཚགས་དམ་པ་བཅས་ཀྱི་ལེགས་ཆ་དུ་མ་ལྡན། རྗེས་སོར་རྩོམ་ཡིག་གི་དུམ་མཚམས་དབྱེ་སྟངས་དང༌། བརྗོད་གཞི་མཚོན་ཐབས་གཏིང་ཟབ་པར་བྱ་བའི་ཐོག་ཐུགས་སྣང་ཆེར་བསྐྱེད་གནང་གལ་སྙམ།

རེ་བ།(ཨང་གསུམ་པ)

བྱུ་རུ་དབང་མོ། ཅོན་ཏ་ར་ཉིན་སློབ།

    དེ་རིང་ངའི་དཀར་གཙང་ཤོག་བུའི་སྟེང་དུ་སྙན་པོའི་ཚིག་དང་གཏམ་གླེང་མེད་ལ། འགྲན་སེམས་ཀྱི་བྱ་བ་བཟང་ངན་དང༌། ཡང་ན། འབྱུང་འགྱུར་གྱི་བསམ་པའི་གླེང་ཕྱོགས་ཀྱང་མིན། དེ་ནི་གུས་མོའི་སེམས་ནང་རྟག་ཏུ་འཆི་རྒྱུ་མེད་པའི་རེ་བའི་སྐོར་ཡིན།
    དེ་ཡང་ཁོ་མོའི་རེ་བ་བྱེད་ས་གཙོ་བོ་ནི་ང་ཡི་སྙིང་གི་ཤ་ཁྲག་དྲིན་གྱིས་བསྐྱངས་པའི་སྐྱེད་མ་ཁོང་མཇལ་རྒྱུ་བྱུང་ན་བསམ་པའི་རེ་བ་དང་སྨོན་ལམ་ཆེན་པོ་ཡོད། ཁོ་མོའི་མི་ཚེ་ནང་གོམ་སྒྲ་དང་པོ་དེ་སྤོ་དུས་ཁོ་མོའི་ལུས་ཕུང་ཡོངས་རྫོགས་ལས། གྲང་ཤུར་ཤུར། འདར་སིག་སིག འཇིགས་སྣང་དང་གང་ལྟར་ཁོ་མོ་ནི་འཇིགས་རུང་གི་གནས་ཤིག་ཏུ་ལྷུང་བ་བཞིན་མྱ་ངན་གྱི་མིག་ཟུང་ལས་མཆི་མའི་རྡོག་པོ་ལྷུང་ལྷུང་དུ་འབབ་ཅིང༌། འདུག་པའི་སྐབས་ཨ་མ་ཁོང་གིས་ཆུང་བྱིས་པ་ང་ཡི་ལམ་འཕྲང་ཡོངས་ལ་དྲང་ལྡན་གྱི་ས་བོན་བཏབ་ནས་འཁྲིད་པ་དང༌། གུས་མོའི་མི་ཚེ་དེ་ནི་སེམས་ཤུགས་ཀྱི་མི་ཚེ་དང་ལམ་ནོར་གྱི་འགྱོད་གདུང་མེད་པར་བཟོ་མཁན་ཡིན། ཡིན་ན་ཡང༌། ཉིན་མོ་མཚན་མོ་རུ་གྱུར་པ་དང་བདེ་སྐྱིད་སྡུག་བསྔལ་དུ་གྱུར་པའི་གནས་ཚུལ་ཞིག་ལ་བྱིས་པ་ང་ཨ་མ་ཁོང་དང་བྲལ་བའི་ཉིན་མོ་ཞིག་སླེབས།
    ཨ་མ་ཁོང་དང་བྲལ་བའི་དུས་དེ་ནས་བཟུང༌། ཁོ་མོ་མི་ཚེ་ཡི་བྲོ་བ་ནི་མངར་སྐྱུར་དང༌། ཆགས་ཐབས་བྲལ་བའི་སྡུག་བསྔལ་གྱི་རྒྱ་མཚོ་ནང་དུ་ལྷུང་ཞིང༌། མཆི་མའི་ཕྲེང་བ་ལྷུང་བ་ལྟར་འགྱུར། སྐྱེད་མ་ཁོང་ནི་ངའི་མི་ཚེ་འདི་ཡི་བདེ་སྐྱིད་ཀྱི་གཞི་རྩ་དང་འཚོ་བ་ཡི་རོ་མཆོག་ཡིན། ཁོང་མེད་ན་ངའི་མི་ཚེ་ཡི་འཇིག་རྟེན་འདིའི་ནང་སྙིང་པོ་མེད་ལ་འཚོ་བ་ཡང་བྲོ་བ་མེད། ཨ་མ་ཁོང་གི་བྱམས་བརྩེ་ནི་རིན་ཆེན་གསེར་དངུལ་ལས་ལྷག་པ་དང༌། མཐའ་ཡས་རྒྱ་མཚོ་ལས་ཟབ། ཨ་སྔོན་ནམ་མཁའ་ལས་ཀྱང་རྒྱ་ཁྱོན་ཡངས་པ་ཞིག་ཡོད།
    སྐྱེད་མ་ང་གཉིས་ལུས་གཟུགས་བྲལ་བ་མ་གཏོགས་ནང་སེམས་ཀྱི་བརྩེ་བ་འདི་ཚེ་ཕྱི་མ་ལའང་བྲལ་ཐུབ་པའི་གོ་སྐབས་མེད། དུས་རྟག་ཏུ་སྐྱེད་མ་ཁོང་ལ་ང་ཡི་བརྩེ་སེམས་མཚོན་ཆེད་རིན་ཐང་ཆེ་བའི་དངོས་པོ་མེད་ནའང༌། ང་ཡི་སྙིང་ཁོང་ནས་བྲིས་བཞག་པའི་སེམས་ཀྱི་འཕྲིན་ཆུང་ངམ་ཡང་ན་དྭངས་གཙང་གི་ཚིག་འབྲུ་རེ་རེ་འཕུལ་བཞིན་ཡོད།
    ང་ཡི་འདས་ཟིན་པའི་མི་ཚེ་འདིའི་ནང་ཨ་མ་ཁོང་ནི་ངའི་བརྩེ་སེམས་བཅངས་ས་གཙོ་བོ་དང་གུས་མཽའི་ཁ་ནས་ཐོན་པའི་སྙིང་གཏམ་གང་ལེགས་བཤད་ས་དེ་ཡིན། ཨ་མ་ཁོང་མེད་པའི་མི་ཚེ་འདི་ནི་བྱིས་ཆུང་ངའི་རྨི་ལམ་སྟོང་གི་འཕག་འཚག་དང་ཚེའི་མཐའ་མ་རྫོགས། འཇིག་རྟེན་འདི་རུ་དཀའ་སྡུག་འབུམ་གྱི་རྒྱ་མཚོའི་ནང་ལྷུང༌། ད་དུང་འཇིག་རྟེན་ན་མུན་པ་ཧ་ཅང་སྟུག་པས་གུས་མོ་གཅིག་པུ་ཡིས་སེལ་བའི་དཀའ་སྡུག་ཆེ། ཡིན་ནའང༌། ཨ་མ་ཁོང་དང་སྙིང་གི་དམ་བཅའ་ཆེན་པོ་བཞག་སྟེ། དཀའ་ངལ་འདི་རྣམས་སེལ་བའི་ཐབས་ཤེས་བྱེད་བཞིན་ཡོད།
    མཚན་མོའི་རྒྱུ་སྐར་གྱི་འོག་ནས་ང་ཡི་སྐྱོ་ལྷང་ལྷང་གི་སེམས་པ་དམར་པོའི་རྟག་ཏུ་དཀོན་མཆོག་གསུམ་ལ་རེ་བ་ཆེན་པོའི་སྐྱེད་མ་ཁོང་དང་མཉམ་དུ་ཐུགས་འཕྲད་འབྱུང་བར་སྨོན།

འཇའ་ཚོན་སྣ་ལྔ་འཛོམས་པའི། །མདང་གསུམ་རྨི་ལམ་ཞིང་དུ། །
མཛེས་ལྡན་ཨ་མ་ཁོང་ལ། །ང་ཡི་སེམས་ཆུང་དམར་པོའི། །
ཁོང་ལ་ལྷུག་པོར་བརྗོད་བྱུང༌། །གང་ནི་ང་ཡི་སྙིང་ནོར། །
གང་ནི་མུན་སེལ་སྒྲོན་མེ། །འཛུམ་རླབས་ཆེ་བའི་བཞིན་རས། །
བགྲང་ཡས་རྒྱུ་སྐར་དབུས་ནས། །སུས་ཀྱང་འགྲན་རྒྱུ་མི་འདུག །
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདི་ནི་ཐད་ཀར་དུང་སེམས་མཚོན་པའི་ཐབས་རྩལ་གྱིས་བྲིས་འདུག་ཅིང༌། ཡིག་ནོར་ཉུང་ཞིང་སྒྲིག་གཞི་དང་བྱུང་རིམ་འགོད་སྟངས་ཅུང་ལེགས། འོན་ཀྱང༌། བརྗོད་དོན་གཙོ་བོ་མཚོན་ཐབས་སྤྱི་དང་རྒྱུ་ཆ་འདེམས་སྒྲུག་བྱེད་སྟངས་ཞན་ཆ་མངོན་སུམ་དུ་མཆིས་པས། རྗེས་ཕྱོགས་དེའི་སྟེང་ལ་ཡིད་གཟབ་དང་དོ་སྣང་གནང་སྟེ་མུ་མཐུད་འབད་བརྩོན་གནང་བར་ཞུ།

མདུན་ཤོག