ཞི་བ་དང་དྲག་པོ།(ཨང་དང་པོ)
ཆོས་འཕེལ། རྡ་སྟེང་བོད་ཁྱིམ་སློབ་གྲྭ།
ཞི་བའི་ཐུགས་ཀློང་འབྱམས་ཀླས་མཁའ་ལྟར་ཡངས་པའི་དཀྱིལ་འཁོར་ལ།།
ཞི་བའི་བཅུད་དུ་གྲུབ་པའི་ཐོགས་མེད་མཁྱེན་པའི་ཉ་གང་ཟླ།།
ཞི་བའི་བསིལ་ཟེར་རྒྱུན་མར་སྤྲོས་ལ་འགྲན་མེད་དཔལ་ཡོན་ཅན།།
ཞི་བདེའི་དེད་དཔོན་ཆེན་པོར་སྙིང་ནས་བཏུད་དེ་གསོལ་བ་འདེབས།།
གླེང་སློངབ།
ཞི་བ་གླེང་ནས་ཞི་བར་རྩོད་པའི་དུས་རབས་གསར་པ་འདིའི་གོམ་སྟབས་ཁྲོད། ཞིབའི་དཔལ་ཡོན་གྱི་མྱུ་གུ་ཞིག་རྒྱས་ཏེ་ཞི་བའི་རྩ་བ་ངོ་མ་ཞིག་ཚུགས་ཐུབ་མིན་དེ་ཁ་ཚོན་གཅོད་དཀའ་ཡང༌། གང་ལྟར་ཞི་བ་ནི་ཀུན་གྱིས་འདོད་པའི་མི་ཚེའི་གྲུབ་ཆར་ངོས་འཛིན་པའི་དུས་རབས་ཀྱི་འཕོ་འགྱུར་རླབས་ཆེན་འདི་ནི། འདས་པའི་ཤུལ་ལམ་ཀྱག་ཀྱོག་དེ་ཚོའི་བར་སྲུབས་ལས་རྙེད་པའི་རིན་ཐང་ཅན་གྱི་མྱོང་བ་ཞིག་ཡིན། དེས་ན་བསམ་བློ་རྣལ་དུ་ཕབ་ཏེ་བརྟག་དཔྱད་ཅིག་བྱས་ན། དྲག་རྩོད་ཀྱི་བྲོ་བ་ཁ་ཏིག་ཅན་དེ་ལས་ཞི་བའི་རིན་ཐང་རླབས་ཆེ་བ་དེ་ཚོར་བའི་དབང་ཤེས་ཤིག་འགྲོ་བ་མི་རིགས་སྤྱི་ལ་ཐོབ་ཡིན་པ་བསྙོན་དུ་མེད་པའི་བདེན་པ་ཞིག་ཡིན། དེའི་ཕྱིར་ཞི་དྲག་གི་འབྲེལ་ལམ་དེ་ཡང་ལྟོས་བཅས་ཀྱི་ངོ་བོ་ཞིག་ཏུ་གསལ་བཤད་བྱེད་ཐུབ།
༡༽ མི་རིགས་ཀྱི་འཚོ་ཐབས་དང་ཞི་དྲག་གི་ཁ་ཕྱོགས།
གོ་ལ་ཟླམ་པོའི་ཁ་དབུགས་ལ་བརྟེན་པའི་འགྲོ་བ་མིའི་རིགས་འདིའི་འཚོ་ཐབས་འགོ་བརྩམས་པའི་བརྒྱུད་རིམ་དང༌། དེའི་འཕེལ་ཕྱོགས་ཀྱི་ཁྲོད་ནས་ཞི་དྲག་གི་བྱེད་རྩོལ་ལ་འགུལ་ཤུགས་ཤིག་རྙེད་ཡོད་པ་དེ་ཡང་རྡོ་ཆས་དུས་རབས་སྐབས། མི་རྣམས་ཀྱིས་རང་གི་འཚོ་ཐབས་ཀྱི་གནས་སྟངས་ཇེ་ལེགས་སུ་གཏོང་ཕྱིར་རྡོའི་མཚོན་ཆ་བེད་སྤྱད་དེ། ཕན་ཚུན་དབར་གྱི་འཐབ་འཁྲུག་དང་ཟས་གོས་གནས་མལ་གྱི་གཡུལ་ལས་རྒྱལ་བའི་ལམ་ཁ་དེ་བཙལ་ཡོད། དེ་བཞིན་དུས་ཚོད་ཀྱི་ཆུ་ཀླུང་གཡང་དུ་བབས་པ་བཞིན་དྲག་ཏུ་རྒྱུག་པ་དང་བསྟུན་ཏེ། མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་དང་རྔམ་སེམས་དེ་ཇེ་དྲག་ནས་ཇེ་དྲག་ཏུ་གྱུར། དེར་བརྟེན། རྒྱལ་ཁོངས་དང་ཡུལ་ཁོངས་དབར་གྱི་འགལ་ཟླའམ་འཐབ་རྩོད་ཀྱིས་ཕན་ཚུན་གཅིག་འོག་གཅིག་གིས་བཅུན་རེས་ཀྱི་དྲག་པོའི་བྱ་ཐབས་སྤྱད་ནས་ཁེ་ཕན་འཕྲོག་རྩོད་བྱེད་པའི་དྲག་རླབས་ཤིག་འཕྱུར་ཡོད་པ་དེའི་ཁྲོད་ནས། མི་ཚོའི་སེམས་ཁམས་ན་དྲག་ཤུགས་ཀྱི་དཔའ་ངར་ལས་རྒྱལ་ཁའི་སྒྲ་དབྱངས་སྒྲོག་ཐུབ་ཀྱི་ཡོད་པའི་མཁྲེགས་གཟུགས་ཀྱི་ངོས་འཛིན་ཞིག་བྱུང་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་མི་རྣམས་ཀྱིས་རང་བྱུང་ཁམས་ཆེན་པོའི་ལྐོག་གྱུར་གྱི་གསང་བ་མང་པོ་ཞིག་བསྔོག་བཤེར་བྱེད་ཐུབ་པའི་རིག་པ་རྙེད་པ་དང༌། དུས་མཚུངས་འཛམ་གླིང་ཧྲིལ་པོར་འགུལ་བསྐྱོད་ཐེབས་པའི་རྫས་མཚོན་གྱི་དམག་འཐབ་ཐེངས་གཉིས་ཙམ་བྱུང་ཡོད། དམག་འཐབ་འདི་ཚོའི་ཁྲོད་ན་ཕྱོགས་གཉིས་པོའི་བསམ་དོན་བཞིན་ཕམ་པ་མེད་པའི་རྒྱལ་ཁ་སུ་ལའང་བྱུང་ཐུབ་མེད་ལ། ལྷག་པར་འཛམ་གླིང་ཧྲིལ་པོའི་སྣོད་བཅུད་ལ་བརྡབ་གསིག་ཐེབས་ཏེ་དཀའ་ངལ་ཉིས་ཐོག་སུམ་བརྩེགས་ཀྱི་གཟུགས་བརྙན་སྐྱི་གཡའ་བ་དེ་མངོན་སུམ་རྗེན་མཐོང་བྱུང་ཡོད་པར་བརྟེན། མི་རྣམས་ཀྱི་འཚོ་ཐབས་ཀྱི་ཁ་ཕྱོགས་ལ་འགྱུར་བ་འགྲོ་འགོ་བརྩམས་ཡོད། འདི་ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཆུ་ཀླུང་ཆེན་པོ་ལས་ཐོལ་དུ་བྱུང་བའི་ཁ་ཕྱོགས་གསར་པ་ཞིག་གི་དུས་རབས་ཀྱི་ཉི་གཞོན་འཆར་བའི་སྒོ་མོ་དེ་རེད། འདིས་ང་ཚོར་དྲག་ཐབས་ནི་དཀའ་སྡུག་དང༌། དྲག་ཐབས་ནི་ཕམ་ཁ་ཡིན་པའི་སློབ་གསོ་རྣམ་དག་སྦྱིན་ཡོད།
༢༽ དྲག་ཐབས་དང་དེའི་རྒྱབ་ལྗོངས་ཀྱི་ལྟ་བ།
བདེ་བ་ཉག་གཅིག་འདོད་པའི་བསམ་བློའི་རྔམ་ཤུགས་ལ་ཚོད་བརྒལ་གྱི་རྣོ་ངར་སླེབས་ཏེ། རང་ཉིད་གཅིག་པུའི་འདོད་དོན་གྱི་ཁ་ཕྱོགས་ལ་ཤེད་ཀྱིས་ཞུགས་རྐྱེན་ཕ་རོལ་སྐྱེ་བོ་ཚོའི་བདེ་ཐབས་དང་རེ་བ། འདུན་པ་དང་སྨོན་སེམས་ཡོད་ཚད་རྡོག་རོལ་གཏོང་བའི་བློ་ཁོག་དེ་ཇེ་ཆེར་རྒྱས་བཞིན་ཡོད་ཀྱང༌། དེའི་ཁྲོད་ནས་རང་གི་བསམ་འདུན་འགྲུབ་པར་གཞན་གྱི་འགྲོ་ལམ་གཏོར་བའི་ལག་ཆ་རྩད་འཚོལ་གྱི་མིག་རྒྱང་ཞིག་ཀྱང་སྐྱེ་བཞིན་ཡོད། འདི་ནི་དྲག་ཐབས་ཀྱི་ལམ་བུར་བསྐྱོད་པའི་སེམས་པའི་གཞི་རྩ་དེ་ཡིན། སེམས་པའི་གཞི་རྩ་འདི་ནི་སུ་ལའང་ཕན་བདེ་འགྲུབ་མ་ཐུབ་པའི་མིའི་རིགས་ཀྱི་སེམས་པའི་བང་རིམ་ཆེས་དམའ་ཤོས་དེ་ཡིན་ལ། སེམས་པའི་བང་རིམ་འདི་ནི་སྒོ་ཀུན་ནས་མ་སྨིན་པ་ཞིག་ཡིན།
དྲག་ཐབས་ཀྱི་ལམ་ལ་ཕྱོགས་པའི་སེམས་པ་དེ་ནི་འཇིག་རྟེན་གྱི་རྟེན་ལྟོས་ལྟ་ཅི། ཐ་ན་རང་ཉིད་ཀྱི་བདེ་བའི་འབྱུང་རྩ་ངོ་མ་དེ་གང་དུ་ཡོད་མེད་མཐོང་མ་ཐུབ་པའི་ལོང་བ་ཞིག་ཡིན། མདོར་ན་དྲག་ཐབས་སྤྱོད་བཞིན་པའི་བསམ་བློ་དེར་གཞི་རྩ་མེད་ལ་ཁ་ཕྱོགས་ཡང་མེད་པས་དྲག་ཐབས་སྤྱོད་པའི་གྲུབ་འབྲས་ནི་ཐོག་མའི་རེ་འཆར་ལས་ལྡོག་པ་ཉག་གཅིག་ཡིན།
༣༽ ཞི་བ་དང་དེའི་ཁ་ཕྱོགས།
“འཇམ་པོས་འཇམ་པོ་ཐུལ། འཇམ་པོས་རྩུབ་པོའང་ཐུལ།” ཞེས་པ་བཞིན་ཞི་བས་རང་གི་འདོད་དོན་འགྲུབ་ལ། ཞི་བས་གཞན་གྱི་ཕན་བདེ་ཡང་སྲུང་བ་ཡིན་པས་ཞི་བ་ནི་རང་གཞན་གཉིས་ཕན་གྱི་ས་གཞི་ཁོད་ཡངས་ཤིག་ཡིན། ཞི་བའི་ལམ་ཁ་ནི་སྒོ་ཀུན་ནས་སྨིན་ཞིང༌། རྟེན་འབྲེལ་གྱི་རང་བཞིན་རྟོགས་པའི་སེམས་པ་ཞིག་གིས་འཇུག་པའི་ལམ་ཡིན་ལ་ཞི་བའི་ཐབས་ལམ་སྤྱད་དེ་རང་གི་བདེ་བ་རྩོད་པ་ནི་ཕུགས་རྒྱང་ཡོད་པའི་ལམ་ཁ་ཞིག་ཡིན། བསམ་པ་དང་རྔམ་པ་ཡོད་ཚད་ལག་ཏུ་སོན་པའི་ངེས་པ་མེད་ཀྱང༌། གང་ལྟར་གང་ཐོབ་པའི་གྲུབ་འབྲས་དེ་ནི་སོ་སོའི་འདོད་དོན་དང་འབྲེལ་བའི་གྲུབ་འབྲས་ཤིག་ལས་དེའི་ལྡོག་ཕྱོགས་སུ་ལྷུང་བ་ཆེས་ཉུང་ངུ་ཡིན། དེས་ན་འཛམ་གླིང་ཧྲིལ་པོར་ཚན་རྩལ་གྱི་ནུས་པ་རྒྱ་ཁྱབ་ཏུ་ཕྱིན་ནས་ཕན་ཚུན་དབར་འབྲེལ་འདྲིས་གྱི་བརྒྱུད་ལམ་སྟབས་བདེར་འགྱུར་བ་དང༌། དུས་མཚུངས་ཆེས་རྒྱ་ཆེར་འཛིན་པའི་གོ་ལ་འདི་ཉིད་ཁྱིམ་ཚང་གཅིག་ལྟར་གྱི་འཚོ་བའི་གནས་སྟངས་དང་འགྲོ་འདུག་གི་རྟེན་ལྟོས་དེ་ཧ་ཅང་ཐག་ཉེར་འགྱུར་ཡོད་སྟབས་མི་རྣམས་ཀྱི་སེམས་པའི་ཟུངས་ཤུགས་ལའང་ཕན་ཚུན་དབར་གྱི་ལྟོས་བཅས་ཀྱི་འབྲེལ་བ་དེའི་གོ་རྟོགས་གཏིང་ཟབ་དུ་གཏོང་རྒྱུ་གལ་འགངས་ལ་ཐུག་ཡོད། ལྟོས་བཅས་ལ་འཛིན་པའི་བསམ་བློའི་གོ་སྟོབས་དེ་ཇི་ཙམ་གྱིས་འཕེལ་བ་དེ་ཙམ་གྱིས་ཞི་བའི་ཁ་ཕྱོགས་ལ་བློ་སྟོབས་ཀྱིས་ཞུགས་པའི་རྩོལ་བ་ཇེ་ཆེར་འགྲོ་རྒྱུ་ཡིན་པ་ངེས་གཏན་ཡིན།
ང་ཚོར་ཞི་བའི་ཁ་ཕྱོགས་ཡང་དག་ཅིག་རྙེད་པ་ལ་རང་གཞན་གཉིས་ཀའི་ཁེ་ཕན་ལ་འཛིན་པའི་བསམ་བློའི་འཁོར་རྒྱ་ཆེས་ཡངས་པོ་ཞིག་ཡོད་དགོས་ལ། མ་ཟད་ཉུང་མཐར་ཡང་སོ་སོའི་དམིགས་ཡུལ་དང་འབྲེལ་བའི་ལམ་བུ་དེའི་བརྒྱུད་རིམ་ཆ་ཚང་བ་ཞིག་གི་ས་ཁྲ་ཤེས་ཐུབ་པ་དགོས། དམིགས་ཡུལ་དེ་བདེ་བ་དང་བདེ་སྐྱིད། སྙན་གྲགས་དང་འབྱོར་བར་བཙུགས་ཀྱང་ལམ་ཁ་གང་ཞིག་འགྲིམས་པའི་ངེས་ཤེས་མེད་ན་ལམ་ནོར་གྱིས་གཡང་དུ་ལྷུང་བ་ཡིན། འདི་ནི་ང་ཚོའི་སེམས་པའི་ཀུན་སློང་དང་འབྲེལ་བའི་ཁ་ཕྱོགས་རྩད་འཚོལ་ཇི་ལྟར་བྱེད་མིན་དེ་ཡིན།
༤༽ ཞི་དྲག་དབར་གྱི་འབྲེལ་བ།
ཞི་དྲག་གཉིས་དེ་ངོ་བོའི་ཆ་ནས་ཕན་ཚུན་གོ་ལྡཽག་ཏུ་སོང་བ་ལྟ་བུ་ཡིན་ཡང༌། དྲག་པོའི་བྱེད་ཐབས་ཡོད་པ་ལ་ལྟོས་ཏེ་ཞི་བའི་བྱེད་ཐབས་བྱུང་བ་ཡིན་ལ་དྲག་པོའི་བྱེད་ཐབས་ཀྱི་སྐྱོན་ཆའི་ཁྲོད་ནས་ཞི་བའི་བྱེད་ཐབས་ཀྱི་ལེགས་ཆ་བཏུས་ཏེ་ཞི་བའི་རྔམ་ཟིལ་ཇེ་མཐོར་འཕེལ་ཡོད། དེས་ན་དྲག་པོས་ཞི་བར་ཕྱོགས་པའི་བསམ་བློའི་ནུས་ཤུགས་ལ་གཞོགས་འདེགས་བྱེད་བཞིན་ཡོད་པ་ནི་དྲག་པོས་མི་རྣམས་ཀྱི་འདོད་དོན་ལས་ལྡོག་པའི་གྲུབ་འབྲས་ཤིག་བཤམས་པས་ལོས་ཡིན།
མཇུག་བསྡུ་བ།
སྤྱི་སྒེར་གྱི་དགའ་སྡུག་དང་རྙོག་ཟིང་ཅི་འདྲ་ཞིག་ཡིན་ཡང་དྲག་ཐབས་སྤྱོད་པ་ནི་ཚ་ཚ་འུར་འུར་དུ་འབར་བཞིན་པའི་མེ་ལྕེའི་ཐོག་ཏུ་རྡོ་སྣུམ་བཤོས་པ་དང་གཉིས་སུ་མེད་ཡིན་པས། རྙོག་ཟིང་ཞོད་འཇགས་སུ་གཏོང་རྒྱུའི་ཚབ་ཏུ་ཕྱོགས་ཚང་མར་མི་འདོད་པའི་སེམས་ཁྲལ་དང་ཞེད་སྣང༌། དངངས་སྐྲག་དང་དཀའ་ངལ་སྡེབ་རྩིགས་བྱེད་པའི་རང་བཞིན་ལས་མ་འདས། གཉིས་སྨན་གྱི་ལམ་བུ་དེ་ནི་ཞི་བ་ཡིན་ལ། སྒེར་འདོད་འཚོལ་བའི་ལག་ཆ་ཡང་ཞི་བ་ཡིན། ང་རང་ཚོའི་མི་རིགས་ལ་ཕོག་པའི་དཀའ་རྙོག་འདི་སེལ་ཐབས་ཀྱང་ཞི་ཐབས་སྤྱོད་བཞིན་ཡོད་པ་ནི་ཕྱོགས་ཀུན་ནས་བསམ་རྒྱ་ཡངས་པོས་ཕུགས་རྒྱང་ལྡན་པའི་རྙོག་སེལ་ཞིག་ལ་དམིགས་པ་བཞིན་བརྒྱུད་ལམ་འདིའི་ཁྲོད་ནས་ཕམ་ཁ་ཡང་ཧ་ཅང་ཉུང་ཤས་ལས་མ་འདས།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་བགྲོ་གླེང་གི་འབྲི་ཐབས་སྤྱད་དེ་བྲིས་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་འདིའི་ནང་དོན་སྒྲིག་རིམ་དང་དུམ་མཚམས་དབྱེ་སྟངས་ལེགས་ཤིང༌། ཚིག་སྦྱོར་རྣོ་ཞིང་འབྲེལ་ཆགས་པ། བརྗོད་བྱའི་ནང་དོན་ཅུང་ཟབ་ཏུ་བཀྲི་ཐུབ་འདུག་པ་བཅས་ཀྱི་ཁྱད་ཆོས་ལྡན། ཡིག་ནོར་ཅུང་ཟད་ཅིག་མཆིས་པ་དང༌། གཏན་ཚིགས་ཁག་ཅིག་ལ་བརྗོད་གཞི་ར་སྤྲོད་ཀྱི་ནུས་པ་དེ་ཙམ་མེད་པ་བཅས་ཀྱི་ཕྱོགས་ལ་ཐུགས་སྣང་གིས་འབད་བརྩོན་གནང་གལ་སྙམ།
ཞི་བ་དང་དྲག་པོ།(ཨང་གཉིས་པ)
བནྡེ་སྐྱབས། གོ་པལ་པུར་བོད་ཁྱིམ་སློབ་གྲྭ།
སྔོན་གླེང༌།
དེ་ཡང་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཞི་བ་དང་དྲག་པོ་ཞེས་བའི་ཐ་སྙད་འདི་གཉིས་དུས་རབས་ཀྱི་དབྱེ་མཚམས་གང་འདྲ་ཞིག་ནས་བྱུང་བ་དང་དར་ཁྱབ་ཏུ་ཕྱིན་པའི་ལོ་རྒྱུས་ཤིག་ངེས་ཤེས་འདྲོངས་དཀའ་བར་སྣང་ཡང༌། ཞི་དྲག་གི་བྱ་སྤྱོད་ནི་གནའ་ནས་ད་ལྟའི་བར་དུ་མིའི་རིགས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་གོམས་སྲོལ་དང༌། བྱ་སྤྱོད་ནང་ནས་མཐོང་ཐོས་མྱོང་གསུམ་དུ་ཡོད་པ་ཞིག་ཡིན་པས་སྐབས་སུ་བབ་པ་དེ་དག་གི་ངོ་བོ་དང་བྱེད་ལས། འབྲས་བུ་སོགས་ཀྱི་ཐད་ནས་བྲི་བར་བྱའོ། །
༡༽ ཞི་བ་དང་དེའི་བྱེད་ལས།
ཞི་བ་ཞེས་པའི་ཚིག་འབྲུ་གཉིས་དེ་ཐོས་པ་ཙམ་གྱིས་སེམས་རྒྱུད་ལ་བདེ་སྣང་གི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་དྲངས་ཡོང་བ་འདི་ཞི་བའི་བྱེད་ལས་ཡ་མཚན་ལྐོག་གྱུར་བ་ཞིག་ཡིན། ཞི་བའི་འབྱུང་རྐྱེན་ནི་གཙོ་བོ་བྱམས་པ་དང་སྙིང་རྗེ། ཚུལ་ཁྲིམས། བདག་གཞན་མཉམ་བརྗེ་ཡི་བསམ་བློ་བླ་ན་མེད་པ་བཅས་ཡིན། འདི་དག་ཀྱང་དམ་པའི་ཆོས་ཀྱི་གོ་རྟོགས་དང་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་ཤེས་རབ་ལས་བྱུང་བ་ཡིན།
བྱེད་ལས་ཀྱི་ཐད་ནས་ཞི་བ་ནི་ནག་ཕྱོགས་དགྲ་བགེགས་ཀུན་ལས་རྣམ་པར་རྒྱལ་པའི་ཐབས་མཆོག་དང༌། དགོས་འདོད་ཐམས་ཅད་མངོན་འགྱུར་བྱེད་པའི་ལམ་ཉག་ཅིག་ཡིན་ཏེ། སྡང་སེམས་དང་ང་རྒྱལ། ཁོང་ཁྲོ་དང་དགྲར་འཛིན་གྱི་ཀུན་སློང་ངན་པ་རྣམས་ཞི་བར་བྱེད་ཅིང་འཇོམས་པར་ནུས་བའི་གཉེན་པོ་བྱེད་ལས་ཅན་དེ་ཡིན། གཉེན་སྐྱོང་བར་བྱེད་པ་དང་དགྲ་མགུ་བར་བྱེད་པའི་ཐབས་ལམ་མཆོག་ཏུ་གྱུར་བ་ནི་ཞི་བའི་ཐབས་ཚུལ་ལས་མེད་པ་དཔེར་ན་”མདའ་མཚོན་གོ་ཆ་མབཟུང་བར། །རང་ཉིད་གཅིག་པུས་བྱེ་བའི་བདུད། །མ་ལུས་ཕམ་མཛད་གཡུལ་གྱི་ལས། །ཁྱོད་ལས་གཞན་པ་སུ་ཡིས་ཤེས། །”ཞེས་གསུངས་པ་འདིས་མཚོན་ཐུབ།
༢༽ དྲག་པོ་དང་དེའི་གནོད་སྐྱོན།
དྲག་པོ་ནི་ཞི་བ་ལས་ལྡོག་སྟེ་བཙན་ཤེད་དང་གདུག་རྩུབ། གཏོར་སྐྱོན། འཚེ་བ་སོགས་ཀྱི་བྱ་སྤྱོད་ཅིག་ཡིན་པས། སྡུག་བསྔལ་དང་མྱ་ངན། འཁོན་སེམས་དང་ཁ་འཐོར་རིགས་དྲག་པོའི་བྱ་སྤྱོད་ལས་བྱུང་བའི་གནོད་སྐྱོན་ཡིན། དྲག་པོའི་བྱ་སྤྱོད་དེ་གཙོ་བོ་འདོད་རྔམ་དང་ཧམ་སེམས། ཕྱོགས་ཞེན་དང་བདག་འཛིན། ཁོང་ཁྲོ་དང་སྐབས་རེར་འདོད་བློ་མ་ཁེངས་པ་དང་འུ་ཐུག་པ་སོགས་ཀྱིས་རྐྱེན་པས་བྱུང་བ་ཞིག་ཡིན། རྒྱུ་རྐྱེན་འདི་དག་ནི་རང་སེམས་ལ་སྟངས་འཛིན་བྱེད་མ་ཤེས་པའམ་བྱེད་མ་ཐུབ་པའི་དབང་གིས་རེད། དཔེར་ན་”སེམས་ཀྱི་གླང་པོ་དམ་བཏགས་ན། །འཇིགས་པ་ཐམས་ཅད་མེད་འགྱུར་ཞིང༌། །དགེ་བ་ཐམས་ཅད་ལག་ཏུ་འོང༌། །”ཞེས་གསུངས་པའི་ཕྱིར་རོ། །
འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབས་བཅས་ལ་བལྟས་ན་དྲག་པོའི་བྱ་སྤྱོད་ཀྱིས་མིའི་སྤྱི་ཚོགས་དང་སའི་གོ་ལའི་བདེ་འཇགས་ཏེ། རང་བྱུང་ཁམས་ཀྱི་སྣོད་བཅུད་ལ་ཚད་མེད་པའི་གཏོར་སྐྱོན་བཟོས་ཡོད། དྲག་ཤུགས་ལ་བརྟེན་པའི་མཇུག་འབྲས་ནི་མའོ་ཙེ་ཏུང་དང་ཧེ་ཐི་ལཱར་སོགས་ཀྱིས་མི་རིགས་སྡེབ་གསོད་དང༌། དམག་འཁྲུག་ཁྲག་སྦྱོར་སོགས་ཀྱི་ལོ་རྒྱུས་ནག་པོ་དག་ལས་རྟོགས་ཐུབ།
༣༽ ཞི་དྲག་གི་དགེ་སྐྱོན་དང་གདམ་ཀ།
ལོ་རྒྱུས་དང་ཉམས་མྱོང་གཞི་རུ་བཞག་ན་དྲག་པོའི་བྱ་སྤྱོད་ནི་སྤྱི་དོན་དང་སྒེར་དོན། གནས་སྐབས་དང་མཐར་ཐུག་གང་ལའང་བཀྲ་མ་ཤིས་པ་དང་ལེགས་གྲུབ་ཀྱི་རྒྱལ་ཁ་མེད་ཚུལ་ནི་འདས་པའི་འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པ། དེ་བཞིན་རྒྱ་གར་རང་བཙན་འཐབ་རྩོད་སོགས་ལས་རྟོགས་ནུས་པ་ཞིག་ཡིན། རྒྱ་གར་རང་བཙན་འཐབ་རྩོད་སྐབས་སུ་སོའ་སྦས་ཅན་ཏུ་ར་བྷོ་སུ་སོགས་རིགས་གཅིག་གིས་དྲག་པོའི་བྱ་སྤྱོད་ཁོ་ནར་བརྟེན་ཡོད་ཀྱང་མཇུག་འབྲས་ནི་ཡིད་སྐྱོ་བ་ཞིག་ལས་བྱུང་མེད།
ཞི་བའི་ལྟ་སྤྱོད་ནི་འཚེ་མེད་ཀུན་ཕན་གྱི་ལས་ཤིག་ཡིན་པས་འཕྲལ་ཕུགས་རང་གཞན་ཀུན་ལ་ཕན་པར་གྱུར་ཚུལ་ནི་སངས་རྒྱས་ཀྱི་སྐྱེས་རབས་དང་ཉེ་བའི་རང་ཅག་གི་མགོན་སྐྱབས་ྋགོང་ས་མཆོག་གཙོས་པའི་ཞི་བདེའི་དབུ་ཁྲིད་རྣམ་པའི་མཛད་འཕྲིན་དང་འཛམ་གླིང་མི་རིགས་སོ་སོའི་དད་མོས། འཛམ་གླིང་ཞི་བདེ་ལ་ཕྱོགས་པའི་དུས་རབས་འདིའི་ལངས་ཕྱོགས་བཅས་ཀྱིས་བརྡ་མཚོན་གསལ་བོ་ཞིག་སྤྲད་ཡོད།
ང་ཚོ་འགྲོ་བ་མིའི་རིགས་ནི་སེམས་ཅན་གཞན་དང་མ་འདྲ་བའི་ལེགས་ཉེས་སྤང་བླང་ལ་དཔྱོད་པའི་རྣམ་དཔྱོད་ལྡན་པ་ཡིན་པས་གདམ་ཀ་མ་ནོར་བ་བྱ་རྒྱུ་དེ་ང་ཚོའི་འོས་འགན་ཡིན། དེར་བརྟེན་ྋགོང་ས་མཆོག་གིས་”ང་ཚོས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་སྟབས། ང་ཚོས་བདེ་བ་གང་ལས་བྱུང་བའི་རྒྱུ་སྒྲུབ་ཐབས་དང་སྡུག་བསྔལ་གང་ལས་བྱུང་བའི་རྒྱུ་སྤང་ཐབས་བྱེད་དགོས།” ཞེས་གསུངས་བའི་མན་ངག་འདིར་གོ་ཤེས་ཡོད་པའི་ཐོག་ནས་ཉེས་སྐྱོན་གྱི་རྒྱུ་དྲག་སྤྱོད་འགོག་ཐབས་དང་ཀུན་བདེ་འབྱུང་བའི་རྒྱུ་ཞི་བའི་ཐབས་ལམ་དང་ལྟ་སྤྱོད་ལ་རང་གི་སྲོག་ལས་ཀྱང་གཅེས་པར་བཟུང་སྟེ་ཉམས་ལེན་ལ་འབད་དགོས།
མཇུག་བསྡུ་བའི་གཏམ།
སྤྱིར་ཞི་དྲག་གི་བྱ་སྤྱོད་ནི་འགྲོ་བ་མིའི་རིགས་ཙམ་མ་ཡིན་པར་སེམས་ལྡན་སྲོག་ཆགས་གཞན་ཚོའི་ཁྲོད་དུའང་ཡོད་པ་ཞིག་ཡིན་ཀྱང༌། སྐུལ་འདཻད་ཀྱིས་ལམ་བཟང་བོར་འཇུག་ནུས་པ་ནི་རང་ཅག་མིའི་རིགས་ལས་མེད་སྟབས། ང་ཚོས་ནམ་ཡང་རང་ཉིད་དང་སེམས་ཅན་གཞན། སའི་གོ་ལའི་བདེ་འཇགས་ཞེས་དམིགས་སུ་བཟུང་ནས་དང་པོ་རང་ཉིད་སྒེར་ངོས་ནས་འགོ་བརྩམས་ཏེ་ཞི་བ་ལ་མོས་པའི་འཛམ་གླིང་ཞིག་བསྐྲུན་དགོས་པ་ཡིན་ནོ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་ཚིག་སྦྱོར་དང་བརྗོད་བྱ་སྒྲིག་རིམ། ལྷག་པར་བརྗོད་བྱ་དུམ་བུར་འགོད་སྟངས་དང༌། ལུང་འདྲེན་དང་གཏན་ཚིགས་ཀྱིས་སྒྲུབ་སྟངས་བཅས་ལ་ལེགས་པའི་ཆ་དུ་མ་ལྡན། རྩོམ་ཡིག་ཁྲོད་ཡིག་ནོར་རེ་ཟུང་དང་ལུང་ཚིག་འདྲེན་སྐབས་ལུང་ཁུངས་གསལ་ཤིང་ལུང་ཚིག་དག་པ་ཞིག་དགོས་པས་ཕྱིས་སུ་དེའི་ཕྱོགས་ཡིད་གཟབ་ཀྱིས་རྩོམ་པ་ལ་རྒྱུན་མཐུད་དུ་ཞུགས་གལ་སྙམ།
ཞི་བ་དང་དྲག་པོ།(ཨང་གསུམ་པ)
འཕྲིན་ལས་བཟང་པོ། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ།
འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །
འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །
ཞེས་ཚིགས་སུ་བཅད་པ་སྔོན་དུ་དྲངས་ནས་ཐོག་མར་སྲིད་ཞིའི་ལྷ་མིའི་རྣམ་འདྲེན། འཛམ་གླིང་ཞི་བདེའི་དེད་དཔོན། ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འགྲོ་དོན་མཛད་ནས་ཕྱི་ལུགས་ལྟར། དགུང་གྲངས་བདུན་ཅུ་ཧྲིལ་པོར་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་དུས་ཚིགས་ཁྱད་པར་ཅན་ལ་གུས་པས་ལག་ཟུང་ཐལ་མོ་སྦྱར་ནས་སྒོ་གསུམ་གུས་པའི་སྒོས་མགོན་པོ་གང་གི་བཞེད་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གྲངས་མེད་དང༌། ཆབས་ཅིག་ཏུ་སྐབས་བབ་ཀྱི་བརྗོད་གཞི་ཞི་བ་དང་དྲག་པོའི་སྐོར་ཅུང་ཙམ་འཆད་པར་བྱའོ། །
དེ་ཡང་འདས་ཟིན་པའི་གོ་ལ་ཧྲིལ་པོ་འདིའི་ལོ་རྒྱུས་ལ་ང་ཚོས་ཕྱི་མིག་ཅིག་བལྟས་པ་ཡིན་ན། ང་ཚོའི་མིག་མདུན་དུ་མངོན་ཡོང་བ་ནི་མི་གསོད་ཁྲག་སྦྱོར་ལྟ་བུའི་ཡ་ང་བའི་གནས་ཚུལ་ཤ་སྟག་སྟེ། ཕན་ཚུན་དཔུང་ཤུགས་འགྲན་སྡུར་གྱི་འདུ་ལོང་ཁྲོད་ཆེ་བས་ཆུང་བར་བཙན་འཛུལ་དང་མཐོང་ཆུང༌། བརྙས་བཅོས་དང་འཕྲོག་བཅོམ་ལ་སོགས་པའི་དྲག་སྤྱོད་ཁོ་ནའི་ཡོ་ལང་དུ་ཕ་མེད་མ་མེད་ཀྱི་དྭ་ཕྲུག་ཚོའི་ངུ་སྒྲ་དང་སེམས་ལྡན་གཉོམ་ཆུང་ཚོའི་སྨྲེ་སྔགས་ཀྱི་འོ་དོད་ནམ་ཡང་འཇགས་མྱོང་མེད་པ་དེ་ཡིན། དེ་ལྟ་བུའི་འཇིགས་སུ་རུང་བའི་འཇིག་རྟེན་འདིའི་འབྱུང་རྩར་མནོ་བསམ་ཞིག་བཏང་ན། དེ་ནི་རང་རྒྱལ་གཞན་ཕམ་གྱི་ལྟ་བའི་གཡོ་འོག་ཏུ་ཚུད་ནས་ཡ་ང་བའི་དྲག་སྤྱོད་ཁོ་ན་ལས་བྱུང་བ་ཤ་སྟག་ཡིན་པ་གོར་མ་ཆག་པས། མཚམས་འདིར་ང་ཚོར་སྡོམ་ཚིག་ཐུང་ཐུང་ཞིག་ཡང་ཞོར་དུ་རྙེད་བྱུང་བ་ནི་རྒྱུ་དྲག་པོ་ལས་འབྲས་བུ་སྡུག་བསྔལ་ཤ་སྟག་འབྱུང་བ་དེ་རེད། ལྡོག་སྟེ་བརྗོད་ན། སྡུག་བསྔལ་གྱི་ལྡོག་ཕྱོགས་བདེ་བ་དང་དྲག་པོའི་ལྡོག་ཕྱོགས་ཞི་བ་ཡིན་པས་ང་ཚོས་སླར་ཡང་བརྗོད་ཐུབ་པ་ནི་རྒྱུ་ཞི་བ་ལས་འབྲས་བུ་བདེ་བ་འབྱུང་བ་དེའོ། །
འོ་ན་འགྲོ་བ་ཀུན་ལ་རང་ཆས་སུ་ཡོད་པ་དེ་ནི་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་དེ་ཡིན་པས། ང་ཚོས་ངེས་པར་དུ་སྡུག་བསྔལ་གྱི་རྒྱུ་དྲག་པོ་འགོག་ཐབས་དང༌། བདེ་བའི་རྒྱུ་ཞི་བ་ཡར་རྒྱས་དང་གོང་འཕེལ་དུ་གཏོང་དགོས་རྐྱེན། དེ་ཇི་ལྟར་བྱེད་དགོས་ཤེ་ན། ྋགོང་ས་མཆོག་གིས་དུས་རྒྱུན་དུ་”ང་ཚོ་མིའི་རིགས་སུ་མངའ་བའི་ཁྱད་ཆོས་བཟང་པོ་སྟེ། ངོ་ཚ་ཁྲེལ་ཡོད་དང༌། བྱམས་སྙིང་རྗེ། འདོད་ཆུང་ཆོག་ཤེས་བཅས་ཉར་ཚགས་བྱེད་དགོས་”ཞེས་གསུང་བཞིན་པ་ལྟར། རང་ཉིད་རྒྱུ་མཚན་དུ་བྱས་ནས་ང་ཚོ་བྱེད་ཤེས་པའི་སྒོ་ནས་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་དུ་མངའ་བའི་ཞེ་སྡང༌། ཁོང་ཁྲོ་ལ་སོགས་པའི་མ་རུངས་པའི་དྲག་སྤྱོད་ཀྱི་རྒྱུ་སོགས་བཀག་སྡོམ་བྱས་ནས་དེ་དག་གི་དབང་དུ་འགྲོ་བར་མི་བྱེད་པ་དང༌། གཞན་རྒྱུ་མཚན་དུ་བྱས་ནས་ཁྲེལ་དང་ལྡན་པའི་སྒོ་ནས་གཞན་ལ་གནོད་པའི་ལས་སྤང་དགོས་པ་དང༌། ཐ་ན་གནོད་པའི་ལན་དུའང་ཕར་ཕན་པ་བསྒྲུབ་དགོས་པ། དེ་བཞིན་སེམས་ཅན་དབྱེར་མེད་ཐོག་གཞན་ལ་བདེ་བ་སྦྱིན་པར་འདོད་པའི་བྱམས་པ་དང་གཞན་སྡུག་བསྔལ་ལས་གྲོལ་བར་འདོད་པའི་སྙིང་རྗེའི་བསམ་བློ་བཅོས་མིན་ཞིག་གི་རྨང་གཞིའི་ཐོག དུས་རྒྱུན་དུ་འདོད་ཆུང་ཆོག་ཤེས་དང་འགྲོ་ཤེས་འདུག་ཤེས་བྱེད་དགོས་པ་ཡིན། དེ་ལྟར་བྱས་ན་གཞི་ནས་དྲག་པོའི་ལྕགས་སྒྲོག་དུམ་བུར་བཏང་ནས་རང་དབང་གི་ཞི་བདེའི་བདེ་བ་མྱོང་ཐུབ་པ་ཡིན།
དེ་ཡང་ཐོག་མར་རྣམ་དཔྱོད་ཀྱི་བློ་གྲོས་རྒྱས་པའི་མཐོ་རིམ་སྲོག་ཆགས་མིའི་རིགས་ཀྱི་སྤྱོད་ཡུལ་དུ་གྱུར་བས་ན། གཞན་ཞིག་ལ་རེ་སྒུག་བྱས་ནས་མི་སྡོད་པར་ཐོག་མར་རང་ཉིད་ནས་མགོ་འཛུགས་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་འདོད། ཁ་རྒྱུན་དུ་”ཁ་བཤད་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིགས་པ། །”ཞེས་པའི་གཏམ་དཔེ་ཡོད་པ་བཞིན་ཁ་ནས་བཤད་ཤེས་པ་ཙམ་མ་ཡིན་པར་དངོས་སུ་ཉིན་རེའི་འཚོ་བའི་བྱ་གཞག་ཁྲོད་ལག་ལེན་དུ་འཁེལ་ཐུབ་པ་ཡིན་ན་ང་ཚོའི་འཇིག་རྟེན་འདིར་དྲག་སྤྱོད་ཀྱི་མུན་པ་སེལ་བའི་ཞི་བདེའི་ཉི་འོད་འཚེར་བར་གདོན་མི་ཟའོ། །
ཕྱོགས་གཞན་ཞིག་ནས་འཆད་ན། ང་ཚོས་ངེས་པར་དུ་སེམས་ལྡན་ཀུན་གྱི་གཞི་རྩའི་འཚོ་སྡོད་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་པ་དང༌། དེ་ཙམ་མ་ཟད་དེ་དག་གི་འཚོ་སྡོད་གནས་སྟངས་གོང་འཕེལ་དུ་གཏོང་དགོས་པ་ཡིན། དེ་ལྟར་བྱེད་པར་ཞི་བའི་ལམ་སྣ་ཁོ་ན་ལས་དྲག་པོ་འཚེ་བའི་ལས་ཀྱིས་ནམ་ཡང་བསྒྲུབ་མི་ཐུབ་པ་ཡིན། དཔེར་ན། ྋསྤྱི་ནོར་ྋགོང་ས་མཆོག་གིས་དུས་རྒྱུན་དུ་འཛམ་གླིང་གི་ཁྱིམ་གཞི་ཆེན་པོ་འདིར་ཞི་བདེ་བསྐྲུན་པའི་མཛད་འཕྲིན་སྤེལ་བཞིན་པ་དང༌། ལྷག་པར་བོད་དེ་ཞི་བའི་བསྟི་གནས་ཤིག་ཏུ་འཛུགས་བསྐྲུན་བྱེད་རྒྱུ་ཞེས་ཞི་བའི་དོན་ཚན་ལྔ་སོགས་འཛམ་གླིང་ཧྲིལ་པོ་ཁྱབ་བསྒྲགས་བྱས་པ་དེའང་མདོར་བསྡུས་ན་འཛམ་གླིང་ཧྲིལ་པོ་འདིར་དྲག་སྤྱོད་ཀྱི་རིགས་ཀུན་འཇོམས་ནས་འགྲོ་དྲུག་སེམས་ལྡན་ཀུན་ལ་ཐུན་མོང་དུ་དབང་བའི་ཞི་བདེའི་ཁྱིམ་གཞི་ཆེན་པོ་ཞིག་འཛུགས་བསྐྲུན་བྱེད་རྒྱུ་ལས་གཞན་ཅི་ཡང་མ་འདས་སོ། །རྒྱུ་མཚན་དེ་ལ་བརྟེན་ནས། ཞི་བའི་སྐོམ་གདུང་གིས་མནར་བའི་དུས་རབས་ཉེར་གཅིག་གི་འཛམ་གླིང་འདི་ྋགོང་ས་མཆོག་གིས་སྣེ་འཁྲིད་པའི་ཞི་བདེའི་དཔུང་ཁག་དེར་ཡིད་དབང་འཕྲོག་ནས་རྩོམ་པ་པོ་དང་བསམ་བློ་བ། ཚན་རིག་པ་དང་ཆབ་སྲིད་པ། མདོར་ན་མཁས་དབང་ཡོད་དོ་ཅོག་གིས་མགྲིན་གཅིག་ཏུ་ྋགོང་ས་མཆོག་ལ་འཛམ་གླིང་ཞི་བདེའི་དེད་དཔོན་གྱི་མཚན་སྙན་གསོལ་ནས་སྤྱི་ལོ་༡༩༨༩ ལོའི་ཟླ་༡༢ པའི་ཚེས་༡༠ ཉིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དད་གུས་ཆེན་པོསྋགོང་ས་མཆོག་ལ་ཕུལ་བ་རེད། ཡིན་ནའང་རྣམ་དཔྱོད་ཀྱི་བློ་སྟོབས་རྒྱས་པའི་སྐྱེ་བོ་ཀུན་གྱི་སེམས་ངོགས་སུ་ད་དུང་འཇགས་མ་ཐུབ་པའི་ན་ཟུག་ཆེན་པོ་ཞིག་མངའ་བ་དེ་ནི་ཧེ་ཐི་ལཱར་དང་མའོ་ཙེ་ཏུང་ལ་སོགས་པས་སྤེལ་བའི་ཡ་ང་སྙིང་རྗེ་མེད་པའི་དྲག་སྤྱོད་དེ་དག་རེད། རྒྱུ་མཚན་འདི་དག་ལ་བརྟེན་ནས་ང་ཚོའི་བློའི་ཡུལ་དུ་ཤར་ཐུབ་པ་ནི་ཞི་བ་དང་དྲག་པོ་དེ་གཉིས་ནི་ཤར་ནུབ་ལྟ་བུའི་ཁ་ཕྱོགས་ཐ་དད་ཡིན་པ་རེད།
དེའི་ཕྱིར་ང་ཚོས་ངེས་པར་དུ་དོགས་ཟོན་བྱེད་དགོས་པ་ནི་རང་ལ་མངའ་བའི་བློ་སྟོབས་ཀྱི་ནུས་པ་དེ་དྲག་སྤྱོད་ལྟ་བུའི་བེད་སྤྱོད་ལོག་པར་མི་གཏོང་བར་དོན་དང་མཐུན་པའི་མི་ཚེ་ཡང་དག་ཞིག་ཏུ་བེད་སྤྱོད་བྱེད་རྒྱུ་ཧ་ཅང་གལ་ཆེ་སྟེ། ཚན་རིག་པ་གྲགས་ཅན་ཨེ་དབྱིན་སི་ཐན་གྱིས་”མི་ཚེའི་རིན་ཐང་ནི། རང་ཉིད་ཀྱིས་འཇིག་རྟེན་འདིར་བྱས་རྗེས་གང་བཞག་པར་ལྟ་འོས་ཀྱང༌། རང་ཉིད་ལ་གང་འཐོབ་པར་ལྟ་མི་འོས་སོ། །”ཞེས་གསུངས་པ་བཞིན་རང་གཞན་ཚང་མ་བདེ་ལ་སྦྱོར་བའི་རྒྱུ་ཞི་བའི་ལས་ལ་འབད་པ་ལས་རང་གཞན་ཚང་མ་སྡུག་ལ་སྦྱོར་བའི་དྲག་པོའི་ལས་སུ་མི་ཞུགས་པར་དགོངས་འཇགས་འཚལ།
མཐའ་དོན། གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །
ཁྱད་པར་གངས་ལྗོངས་ཆོས་ལྡན་སྐྱེ་འགྲོ་རྣམས། །ནག་ཕྱོགས་ཀླ་ཀློའི་དཔུང་གིས་བརྩེ་མེད་དུ། །
ངན་དགུས་འཇོམས་པའི་ཁྲག་དང་མཆི་མའི་རྒྱུན། །མྱུར་དུ་ཆོད་པའི་ཐུགས་རྗེའི་མཐུ་དཔུང་མཛོད། །བོད་རྒྱལ་ལོ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་ཚིག་སྦྱོར་འབྲེལ་ཆགས་ཤིང་གོ་བདེ་བ། ནང་དོན་རྒྱས་པར་སྤྲོས་ཀྱང་བརྗོད་དོན་གཙོ་བོ་དང་ཁ་མ་བྲལ་བ། བསྒྲུབ་བྱའི་ནང་དོན་ལ་ངོས་འཛིན་ཅུང་ཟབ་པའི་སྒོ་ནས་སྒྲུབ་བྱེད་བཀོད་འདུག རྩོམ་ཡིག་ནང་དུམ་ཚན་སོ་སོའི་བརྗོད་དོན་མངོན་གསལ་ཡིན་ནའང༌། དུམ་ཚན་སོ་སོའི་ནང་དོན་དང༌། གོང་འོག་ལྷུག་སྒྲིག་ཅིང་རམ་འདེགས་ཀྱི་ནུས་པ་དེ་ཙམ་ཐོན་མི་འདུག་ཅིང༌། ཡིག་ནོར་ཡང་གང་ཙམ་འདུག་པ་བཅས་ལ་རྗེས་སོར་ཐུགས་སྣང་གིས་གསར་རྩོམ་ལ་ཞུགས་ན་ཡར་རྒྱས་ཡོང་ངེས་སྙམ།