༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་མཉམ་སྦྲེལ་གྱིས་གོ་སྒྲིག་འོག་དྷ་སྟེང་བོད་ཁྱིམ་ཞི་བདེ་གླེང་མོལ་ཁང་དུ་གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་དབུ་འཛུགས་གནང་ཡོད།
དེ་ཡང་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་དྲུང་འཕར་བསྟན་འཛིན་རྡོ་རྗེ་ལགས། ཤེས་རིག་སྡེ་འགན་བསོད་ནམས་གང་བཟང་ལགས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་བྱང་ཆུབ་རྒྱལ་མཚན་ལགས་བཅས་ཕེབས་ཡོད། ཐོག་མར་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་སྦྲགས་ཟབ་སྦྱོང་འདིའི་དགོས་དམིགས་དང་། རྒྱབ་ལྗོངས་ངོ་སྤྲོད་གནང་ཡོད། ཁོང་གིས་ཐེངས་འདིའི་ཟབ་སྦྱོང་འདི་བཞིན་ལོ་དགུའི་རྗེས་སུ་ཚོགས་ཀྱི་ཡོད་པ་དང་། ཁེ་ན་ཌ་རོགས་ཚོགས་འོག་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་གྲངས་ ༣༡ ཕེབས་སྐོར་དང་འབྲེལ། རྩེད་རིགས་ཀྱི་ཆེད་དུ་འབུམ་ ༢༤ ཙམ་སློབ་གྲྭ་ཁག་ལ་བགོ་བགྲེམས་གནང་ཡོད་སྐོར་གསུངས།
དེ་ནས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དབུ་འབྱེད་གསུང་བཤད་གནང་སྐབས་རྩེད་རིགས་དགེ་རྒན་གྱི་ལས་དོན་དེ་རྩ་ཆེན་པོ་དང་གལ་ཆེན་པོ་ཞིག་བརྩི་དགོས་པ་དང་། ལུས་རྩལ་དང་འཕྲོད་བསྟེན་གཉིས་ཧ་ཅང་གལ་ཆེན་པོ་ཡིན་པར་གསུངས། དེ་བཞིན་ཁོང་མོས་སློབ་གྲྭ་ཁག་ནང་ལུས་རྩལ་དགེ་རྒན་རྣམས་ནས་ཕྲུ་གུར་རྩེད་ཆས་བགོ་འགྲེམས་བྱ་རྒྱུ་ཙམ་མ་ཟད། ཕྲུ་གུ་དང་ལྷན་དུ་མཉམ་ཞུགས་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་རྩེད་རིགས་ནང་ཕོ་མོ་འདྲ་མཉམ་གྱི་ནུས་པ་དགོས་རྒྱུའི་གལ་གནད་སྐོར་ནན་བརྗོད་གནང་།
དེ་མཚུངས་ཤེས་རིག་བཀའ་བློན་མཆོག་གིས་བོད་ཁྱིམ་དང་། སཾ་བྷོ་ཊ། མ་སུ་རི་བོད་ཕྲུག་ཁྱིམ་སྡེ། གངས་ཅན་བདེ་རྩ་བཅས་ལ་ཤེས་རིག་ལས་ཁུངས་ངོས་ནས་གཅིག་མཚུངས་ཐོག་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད།
མཐར་བསོད་ནམས་གང་བཟང་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་ཡོད།
ཐེངས་འདིའི་གཏན་སློབ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ཀྱི་ཟབ་སྦྱོང་འདི་བཞིན་ཕྱི་ཟླ་ ༠༥ ཚེས་ ༡༣ ནས་ ༡༦ བཅས་ཉིན་གྲངས་བཞིའི་རིང་ཚོགས་རྒྱུ་ཡིན་པ་དང་། དེའི་རིང་རྩེད་མོའི་ཚན་རིག་དང་། རྐང་རྩེད་སྤོ་ལོ། ལག་རྩེད་སྤོ་ལོ། ཕོ་མོ་འདྲ་མཉམ། ཕྱི་བཅོས་གསོ་ཐབས་སོགས་སློབ་ཚན་འདྲ་མིན་ཐོག་སྦྱོང་བརྡར་གནང་རྒྱུ་ཡིན་པ་བཅས།།