ཟླ་རེའི་གསར་འགྱུར།

སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་བར་མའི་བོད་དགེའི་རིགས་ལམ་ཟབ་སྦྱོང་།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཕྱི་ལོ་ ༢༠༢༥ ཟླ་བ་ ༦ ཚེས་ ༡༦ ནས་ ༢༦ བར་ཉིན་གྲངས་བཅུའི་རིང་སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་བར་མའི་བོད་ཡིག་དགེ་རྒན་རྣམས་ལ་རིགས་ལམ་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད།

དེ་ཡང་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས་གཙོས་པའི་ཟབ་ཁྲིད་པ་དཔེ་སྟོན་སློབ་གྲྭའི་ལྟ་གྲུབ་དགེ་རྒན་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས་དང་། དྷ་ཤོད་བོད་ཁྱིམ་གྱི་ལྟ་གྲུབ་དགེ་རྒན་ཟུར་པ་དགེ་བཤེས་ངག་དབང་བཀྲ་ཤིས་ལགས་རྣམ་གཉིས་ཀྱང་ཚོགས་ཕེབས་གནང་ཡོད།

ཐོག་མར་ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་ཚན་པའི་ལས་བྱེད་བསྟན་འཛིན་ཡེ་ཤེས་ལགས་ཀྱིས་ཟབ་སྦྱོང་འདིའི་དམིགས་ཡུལ་ནི། ༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་བཞིན་མ་འོངས་པར་སློབ་ཚན་གཞན་གྱི་དགེ་རྒན་རྣམས་ནས་སོ་སོའི་སློབ་ཁྲིད་ལས་རིམ་ནང་རིགས་ལམ་གྱི་ཐབས་ལམ་བེད་སྤྱོད་གང་མང་ཡོང་ཐབས་སླད། དུས་ནས་དུས་སུ་སློབ་ཚན་གཞན་གྱི་དགེ་རྒན་རྣམས་ལ་རིགས་ལམ་གྱི་ཟབ་སྦྱོང་འབུལ་བཞིན་ཡོད་པ་ལྟར། ད་ལན་གྱི་ཟབ་སྦྱོང་འདི་བཞིན་གཙོ་བོ་གཞི་རིམ་བར་མའི་བོད་ཡིག་དགེ་རྒན་རྣམས་ལ་ཡིན་ཡང་། སློབ་གྲྭ་རེ་ཟུང་ནས་དོན་གཉེར་ཅན་གྱི་སློབ་ཚན་གཞན་གྱི་དགེ་རྒན་ཡང་མཉམ་ཞུགས་གནང་ཡོད་པས། ཟབ་སྦྱོང་འདི་ནང་དགེ་རྒན་བུ་གྲངས་ ༩ དང་དགེ་རྒན་བུད་མེད་གྲངས་ ༤ བཅས་ཁྱོན་བསྡོམས་དགེ་རྒན་ ༡༣ མཉམ་ཞུགས་ཐུབ་པ་བྱུང་ཡོད་པའི་ངོ་སྤྲོད་གནང་།

དེ་ནས་ཟབ་ཁྲིད་པ་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས་དང་སྐུ་མགྲོན་གཙོ་བོ་སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་རྣམ་གཉིས་ཀྱིས་ཚོགས་བཅར་བ་རྣམས་ལ་རིགས་ལམ་གྱི་གལ་གནད་ཐོག་གསུང་བཤད་གནང་དོན་དུ། ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་འདི་ཕྱིའི་སྐྱབས་གནས་༸རྒྱལ་བ་རིན་པོ་ཆེ་མཆོག་ནས་དུས་དང་རྣམ་པ་ཀུན་ཏུ་ཚད་མ་རིག་པའམ་རིགས་ལམ་གྱིས་མིའི་རྣམ་དཔྱོད་ཀྱི་ནུས་རྩལ་གོང་མཐོར་གཏོང་བ་མ་ཟད། དེ་བརྒྱུད་རིག་གནས་གང་འདྲ་ཞིག་སྦྱངས་བརྩོན་བྱས་ཀྱང་དེའི་བརྗོད་དོན་རྟོགས་པར་མྱུར་བ་དང་ཟབ་པའི་ཁྱད་ཆོས་ལྡན་ཞིང་། འཛམ་བུ་གླིང་གི་ཤེས་ཡོན་སློབ་ཁྲིད་ཀྱི་ལས་རིམ་ཐོག་ལེགས་སྐྱེས་ཆེན་པོ་འབུལ་ནུས་ཡོད་པ་བཅས་ཀྱི་བཀའ་སློབ་རིམ་པར་ཕེབས་ཡོད་པ་ལྟར། དོན་དམ་དུའང་གཞི་རིམ་སློབ་གྲྭ་ཁག་ནང་རིགས་ལམ་སློབ་སྤེལ་གྱི་ལས་རིམ་ཇེ་རྒྱས་ཇེ་ཟབ་ཏུ་འགྲོ་བ་དང་ཆབས་ཅིག་རིགས་ལམ་གྱི་ནུས་པ་ལ་བརྟེན་ནས་སློབ་ཚན་གཞན་གྱི་གོ་དོན་རྟོགས་ཐབས་སུའང་ཕན་ཐོགས་ཡོང་གི་ཡོད་པ་རིམ་བཞིན་ར་འཕྲོད་ཅིང་། ལྷག་པར་རིགས་ལམ་ལ་བརྟེན་ནས་ཤེས་རབ་ཀྱི་ནུས་རྩལ་ཇེ་མཐོར་འགྲོ་བའི་རྐྱེན་གྱིས་སོ་སོའི་ཉིན་རེའི་འཚོ་བའི་ནང་ལའང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པས་དེ་ཐོག་ཤུགས་སྣོན་རྒྱག་དགོས་པའི་ལམ་སྟོན་གནང་།

མཐའ་དོན་ཤེས་རིག་སྲོལ་རྒྱུན་ཚན་པའི་ལས་བྱེད་བསྟན་འཛིན་ཡེ་ཤེས་ལགས་ཀྱིས་སྐུ་མགྲོན་གཙོ་བོ་དབུས་པའི་ཟབ་ཁྲིད་པ་གཉིས་དང་། ཚོགས་བཅར་བ་རྣམས་ལ་ཐེངས་འདིའི་ཟབ་སྦྱོང་ནང་ངོ་ཞུགས་ཐུབ་པར་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་རིམ་ལེགས་པར་གྲུབ། །


སྔོན་མ།
སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་འོག་མ་དང་གཞི་རིམ་བར་མའི་སྤྱི་ཚན་དགེ་རྒན་གྱི་ཟབ་སྦྱོང་།