
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བརྡ་ཆད་ཚན་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༨ ཉིན་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་ནང་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་སྦྱིན་པ་ལགས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཡེ་ཤེས་ཀུན་གྲགས་ལགས། གསར་འགོད་ལས་རོགས་བློ་བཟང་སྒྲོལ་དཀར་ལགས་དང་བསྟན་འཛིན་ཆོས་སྐྱིད་ལགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་ཡིག་གསར་འགོད་རྩོམ་སྒྲིག་པ་བསྟན་འཛིན་དཔལ་འབྱོར་ལགས། བོད་ཀྱི་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་སྤྱི་འཐུས་པདྨ་མཚོ་ལགས། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་སྒྲོན་ལགས་དང་གསར་འགོད་པ་ངག་དབང་བྱང་ཆུབ་ལགས། བང་ཆེན་གསར་ཁང་གི་རྩོམ་སྒྲིག་པ་བློ་བཟང་རྒྱ་མཚོ་ལགས། བོད་ཀྱི་ཆ་འཕྲིན་རྩོམ་སྒྲིག་པ་དབྱངས་ཅན་སྒྲོལ་མ་ལགས། ཕ་ཡུལ་གསར་ཁང་གི་གསར་འགོད་པ་བསྟན་འཛིན་ཉི་སྒྲོན་ལགས་། ཤེས་རིག་བརྡ་ཆད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་དང་ཚན་པའི་ལས་བྱེད་བཅས་ལྷན་འཛོམས་ཀྱིས་བོད་སྐད་ཐ་སྙད་སྤྱི་དང་ལྷག་པར་དུ་ཡིག་སྒྱུར་བྱ་དགོས་པའི་རིག་གསར་ཐ་སྙད་རྣམས་གཅིག་གྱུར་ངང་གཏན་འབེབས་དང་བཀོལ་སྤྱོད་ཐུབ་ཐབས་ཇི་ཡོད་སྐོར་གོ་བསྡུར་སྦྱངས་བཤད་ཞུ་རྒྱུའི་ནང་མོལ་ཚོགས་འདུ་ཞིག་བསྐོང་ཚོགས་ཞུས་ཡོད།

དེ་ཡང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་རང་རེའི་བོད་མཐོ་སྒང་དུ་སྔར་ནས་དར་འཕེལ་བྱུང་ཡོད་པའི་ཐ་སྙད་རྣམས་རྒྱུན་འཛིན་དང་། ཕྱིས་བྱུང་རིག་གསར་གྱི་ཐ་སྙད་རྣམས་བོད་སྐད་དུ་གཅིག་གྱུར་གཏན་འབེབས་ཐུབ་ཐབས་སུ་དམིགས་ཏེ་ཤེས་རིག་བརྡ་ཆད་ཚན་པ་ཟུར་བཙུགས་ཀྱིས་ད་བར་དུས་ཀྱི་དགོས་མཁོ་དང་བསྟུན་ནས་རིག་ཚན་འདྲ་མིན་གྱི་ཐ་སྙད་མང་དག་ཅིག་གསར་བཟོ་གཏན་འབེབས་བྱུང་བ་དེ་དག་བོད་མིའི་སྤྱི་ཚོགས་ཁྲོད་རྒྱ་གང་ཆེ་ཁྱབ་སྤེལ་ཞུ་མུས་ཀྱང་། སྤྱོད་སྒོ་ཆེ་བའི་བོད་སྐད་ཐ་སྙད་སྤྱི་དང་ཁྱད་པར་དུ་རིག་གསར་ཐ་སྙད་ཀྱི་བཀོལ་སྤྱོད་ཚད་གཞི་དང་ཁྱབ་རྒྱ་ལ་གཞིགས་ཚེ་བོད་སྐད་གསར་འགྱུར་བརྒྱུད་ལམ་ཁག་ནི་ཐ་སྙད་གཅིག་གྱུར་ཡོང་རྒྱུ་འཇུག་སྒོ་གཙོ་བོ་ཞིག་ཆགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བརྡ་ཆད་ཚན་པའི་ངོས་ནས་གནད་དོན་འདི་གལ་ཆེར་ངོས་འཛིན་གྱིས་ད་ལན་བོད་ཀྱི་གསར་འགོད་ལྷན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་སྦྱིན་པ་ལགས་བརྒྱུད་བོད་མིའི་གསར་འགོད་པ་རྣམས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་མགྲོན་འབོད་ཀྱིས་ཕན་ཚུན་ནང་མོལ་གྱི་ཚོགས་འདུའི་ངོ་བོའི་ཐོག་ནས་ཐོག་མར་ཤེས་རིག་བརྡ་ཆད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་གློག་སྟོན་བརྙན་རིས་བརྒྱུད་ཐ་སྙད་ཀྱི་གལ་གནད་དང་། གཏན་འབེབས་བྱེད་ཕྱོགས་ཀྱི་བརྒྱུད་རིམ། མང་ཚོགས་སུ་གོ་རྟོགས་ལས་གཞི་ཇི་སྤེལ། མ་འོངས་བྱ་འཆར་བཅས་ཀྱི་ཐོག་ངོ་སྤྲོད་གནང་། དེ་རྗེས་གསར་འགོད་པའི་ངོས་ནས་བརྡ་ཆད་ཚན་པའི་ལས་དོན་བྱེད་ཕྱོགས་ཐད་དགོངས་ཚུལ་ཕེབས་ཁག་ལ་ལན་འདེབས་དང་། ཁྱད་པར་དུ་ཕན་ཚུན་དབར་ཤེས་རིག་བརྡ་ཆད་ཚན་པ་ནས་གཏན་འབེབས་ཞུ་བཞིན་པའི་བརྡ་ཆད་རྣམས་གཅིག་གྱུར་བཀོལ་སྤྱོད་ཡོང་ཐབས་ཐོག་གོ་བསྡུར་ལྷུག་པོ་གནང་སྟེ་འབྱུང་འགྱུར་བོད་སྐད་ཐོག་ཐ་སྙད་གཅིག་གྱུར་བཀོལ་སྤྱོད་ཐུབ་ཐབས་སུ་ཕན་ཚུན་དབར་མཉམ་ལས་བྱ་རྒྱུའི་བརྒྱུད་ལམ་ཐག་གཅོད་ཐུབ་པ་བྱུང་ཡོད། །

