ཟླ་རེའི་གསར་འགྱུར།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་།

ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༣༠ ནས་ཟླ་ ༢ ཚེས་ ༡ བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་ཐུན་མོང་གིས་བོད་པའི་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་དང་། སཱི་ཤེས་ཡོན་མཐུན་སྦྱོར་བ། གཡས་གཡོན་གྱི་དགོན་སྡེ་ཁག་གི་དགེ་རྒན་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་།

དེ་ཡང་ཟླ་ ༡ ཚེས་ ༣༠ ཉིན་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོ་ཚུགས་པ་དང་། སྐུ་མགྲོན་གཙོ་བོར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་ལྷ་རམས་པ་ཡེ་ཤེས་ལྷུན་གྲུབ་མཆོག་གདན་འདྲེན་ཞུས་ཏེ། ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་བསྟན་འཛིན་པདྨ་ལགས་ཀྱིས་དགའ་བསུའི་འཚམས་འདྲི་དང་སྦྲགས་ཟབ་སྦྱོང་གི་ལས་རིམ་ངོ་སྤྲོད་གནང་། དེའི་རྗེས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ནས་ ༧གོང་ས་མཆོག་གིས་འགྲོ་བ་མི་སྤྱིའི་བདེ་སྐྱིད་ཆེད་བླང་དོར་བཀའ་སློབ་མང་པོ་བཀའ་དྲིན་བསྩལ་ཁོངས་ནས་ཕྱི་ལོ་ ༡༩༩༩ ལོར་ལྗགས་རྩོམ་གྱིས་འགྲེམས་སྤེལ་གནང་བའི་ཕྱག་ <<སྟོང་ལོ་གསར་པའི་བཟང་སྤྱོད་>>ཅེས་པའི་ཕྱག་དེབ་དེ་གཞན་དང་མི་འདྲ་བར་ལོ་ངོ་བདུན་ལྷག་ཙམ་རིང་སྐུ་ངལ་སྐྱོན་གནང་མཛད་དེ་ལྗགས་རྩོམ་གནང་བ་དང་། མཐར་པར་སྐྲུན་ཞུས་པའི་ཕྱག་དེབ་ཁྱད་པར་ཅན་ཞིག་ཆགས་ཡོད། འདི་ནི་ཁོང་གིས་འཛམ་གླིང་སྐྱེ་འགྲོ་སྤྱི་ལ་ཕན་པའི་སླད་དུ་དགོངས་པ་ཧ་ཅང་གི་རྒྱ་ཆེན་པོ་བཞེས་གནང་བ་ཙམ་དུ་མ་ཟད། ཁོང་གི་གསན་བསམ་གནང་སའི་དཔལ་ན་ལེན་ཌའི་གཞུང་ལུགས་ལས་བྱུང་བའི་འགྲོ་བ་མིའི་བདེ་སྐྱིད་སྤེལ་བའི་ཐབས་རྣམས་ཆོས་ལུགས་ཀྱི་སྒྲོམ་གཞི་གཅིག་པུ་ཙམ་མ་ཡིན་པར་ཆོས་ལུགས་དང་མི་རིགས་དབྱེ་བ་མེད་པར་དགོངས་བཞེས་པ་དེ་ནི་ཁོང་གི་ཐུགས་བསྐྱེད་དམ་བཅའ་དང་པོ་དེའང་ཆགས་ཡོད་། ཅེས་དང་། དེ་བཞིན་སཱི་ཤེས་ཡོན་སློབ་གསོའི་གལ་གནད་དང་། དེང་གི་སྤྱི་ཚོགས་ནང་ལག་ལེན་དུ་བསྟར་ན་དགེ་མཚན་ཆེ་སྐོར་གསུང་བཤད་ཟབ་རྒྱས་གནང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཞེས་པ་དེ་ནང་པའི་བློ་སྦྱོང་ནང་གི་གནད་རྣམས་ཚུར་བཏོན་ཏེ་ནུབ་ཕྱོགས་ཀྱི་སེམས་ཁམས་ཚན་རིག་པ་དང་ཉམས་མྱོང་ཅན་གྱི་མཁས་པ་བརྒྱ་ཕྲག་ཁ་ཤས་ཤིག་གིས་རྣམ་དཔྱོད་ཀྱི་རྩལ་རྣམས་བསྡུར་ནས་ཤེས་ཡོན་གྱི་སྒྲོམ་གཞི་དང་བསླབ་གཞི་འདི་འདྲ་བ་ཞིག་བསྒྲིགས་གནང་བ་རེད། སཱི་ཤེས་ཡོན་གྱི་སློབ་གསོ་འདི་ནི་དེང་སང་གི་མིའི་དབང་པོའི་རིམ་པ་དང་ཏག་ཏག་འཚམས་པ་ཤིག་ཡོད། ཆོས་དང་འཇིག་རྟེན་གྱི་བཟང་སྤྱོད་གཉིས་ལས་འཇིག་རྟེན་གྱི་བཟང་སྤྱོད་དེ་དུས་རབས་འདིར་གལ་ཆེན་ཡིན་པ་དང་། འཕྲུལ་ཆས་ཡར་རྒྱས་དང་དུས་ཚོད་འགྱུར་བ་ཕྱིན་པའི་རྐྱེན་གྱིས་མི་རབས་གསར་པ་རྣམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས། ད་ལྟའི་ཆར་འཇིག་རྟེན་གྱི་བཟང་སྤྱོད་དེ་གལ་གནད་ཞིག་ཡིན་པར་སོང་ཙང་། ང་ཚོའི་ངོས་ནས་ཉམས་ལེན་གནང་རྒྱུ་དང་། དུས་སྐབས་འདིར་སཱི་ཤེས་ཡོན་སློབ་གསོ་གལ་ཆེན་པོ་ཡིན་པར་གསུངས་པ་དང་། ད་དུང་ཟབ་སྦྱོང་འདི་གལ་གནད་དུ་བརྩིས་ཏེ་སོ་སོའི་སློབ་གྲྭ་ཁག་ལ་ཕྱིར་ལོག་མཚམས་ལག་ལེན་གནང་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་རྒྱས་པར་གནང་།

ཟབ་སྦྱོང་ཉིན་དང་པོར་སཱི་ཤེས་ཡོན་གྱི་གལ་གནད་དང་ཉམས་ལེན་གྱི་གནད། སཱི་ཤེས་ཡོན་གྱི་ངོ་སྤྲོད་དང་སྒྲོམ་གཞི། སྙིང་རྗེ་བཅས་དང་། ཉིན་གཉིས་པར་སོར་ཆུད་ནུས་རྩལ། བྱེད་སྒོ། འཕྲལ་ཕན་ཐབས་བྱུས། ཡིད་བྱེད་དང་རང་རྒྱུད་རང་ཤེས། སེམས་མྱོང་ཚོད་འཛིན། ཉིན་གསུམ་པར་རང་ལ་དམིགས་པའི་སྙིང་རྗེ། རྟེན་འབྲེལ་དང་མ་ལག་གི་བསམ་བློ། དྲིན་དྲན་ཁྱད་པར་བ། དངོས་གཞི་ལག་བསྟར་བྱེད་ཚུལ་བཅས་ཟབ་ཁྲིད་གནང་བ་དང། སྐབས་སོ་སོར་དྲི་བ་དྲིས་ལན་ཡང་བྱས།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་འདིར་ཟབ་ཁྲིད་པ་ནི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་སློབ་གསོའི་འགན་འཛིན་གཞོན་པ་བརྩོན་འགྲུས་བསམ་འཕེལ་ལགས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པ་བསྟན་འཛིན་བསོད་ནམས་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སཱི་ཤེས་ཡོན་མཐུན་སྦྱོར་བ་དགེ་བཤེས་བསྟན་འཛིན་མཚན་ལེགས་ལགས། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་དང་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་བསྟན་འཛིན་པདྨ་ལགས་བཅས་ཡིན་པ་དང་། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་བོད་པའི་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་ ༢༥ དང་། དབུས་དང་ལྷོ་ཕྱོགས་ཁུལ་གྱི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་ ༢༠  གཡས་གཡོན་གྱི་དགོན་སྡེ་ཁག་གི་སློབ་གྲྭའི་དགེ་རྒན་ ༢༨ ཙམ་བཅས་ཡིན།

མཇུག་བསྡོམས་སྐབས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་སློབ་གསོའི་འགན་འཛིན་གཞོན་པས། ནང་པའི་ལྟ་གྲུབ་ཀུན་བཏུས་དང་ནང་པའི་ཚན་རིག་གཉིས་ཆོས་ལུགས་དབྱེར་མེད་དད་སེམས་བྱེད་པ་བཞིན་སཱི་ཤེས་ཡོན་སློབ་གསོ་ཡང་དེ་ག་ནང་བཞིན་གལ་ཆེན་དུ་བརྩིས་ཏེ། རང་རེའི་སློབ་ཁག་དང་སྤྱི་ཚོགས་སུ་ཉམས་ལེན་གནང་ན་དགེ་མཚན་ཆེན་པོ་ཡོད་སྐོར་ལམ་སྟོན་རྒྱས་པར་གནང་། ཟླ་ ༢ ཚེས་ ༢ ཉིན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་ཟབ་ཁྲིད་པ་དང་། ཟབ་སྦྱོང་བ་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་སྩལ་གནང་མཛད།

ཐེངས་འདིའི་ཟབ་སྦྱོང་གི་འགྲོ་གྲོན་ནི་ཌ་ནི་ཌ་རོགས་ཚོགས་དང་། འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་ཐུན་མོང་ནས་མཐུན་འགྱུར་གནང་བ་བཅས།

མཉམ་པར།

སྔོན་མ།
མདུན་ལམ་སློབ་སྟོན་པའི་ས་མིག་གསལ་བསྒྲགས།