
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༢ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་གསུམ་པ་བསྐོང་ཚོགས་གནང་ཡོད། དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། ཤེས་ལྷན་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་དྲུང་འཕར་བསྟན་འཛིན་རྡོ་རྗེ་ལགས། དྷ་ས་བོད་ཁྱིམ་གྱི་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་ངག་དབང་ལྷ་མོ་ལགས། མ་སུ་རི་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན་འབུམ་རམས་པ་པ་སངས་དོན་གྲུབ་ལགས། སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས། བལ་ཡུལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ལྷག་པ་ཚེ་རིང་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། སྒང་ཏོག་དཔལ་ཁང་སློབ་གཉེར་ཁང་གི་སློབ་སྤྱི་སྤྱི་ཟུར་ཉི་མ་དོན་གྲུབ་ལགས་བཅས་ལྷན་ཞུགས་གནང་ཡོད།

དེ་ཡང་ཐོག་མར་ཤེས་ལྷན་འགན་འཛིན་བསྟན་འཛིན་པདྨ་ལགས་ཀྱིས་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས་ལྷན་ཚོགས་ཀྱི་དམིགས་ཡུལ་དང་ལས་རིམ་ཁག་ངོ་སྤྲོད་གནང་རྗེས་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་པའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་པར་གཙོ་བོ་བོད་པའི་སྐད་ཡིག་གི་སློབ་ཁྲིད་ཀྱི་ནུས་པ་གང་ལེགས་གཏོང་དགོས་པའི་གལ་གནད་སྐོར་ནན་བརྗོད་གནང་བ་དང་། བཙན་བྱོལ་དུ་གནས་པའི་བོད་པའི་སློབ་ཕུག་ཚོའི་ཤེས་ཡོན་གྱི་ཆུ་ཚད་ཡར་རྒྱས་གཏོང་རྒྱུ་ནི་གལ་གནད་ཆེ་ཤོས་སུ་འཛིན་དགོས་པའི་སྐོར་གསུངས་ཡོད།

དེ་བཞིན་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཤེས་ཡོན་ནི་སློབ་སྦྱོང་རྐྱང་པ་ཙམ་མིན་པར་སློབ་མ་རྣམས་ལ་འཕྲོད་བསྟེན་གྱི་གོ་རྟོགས་དང་། བཟང་སྤྱོད་ཀྱི་སློབ་གསོ་སྤྲོད་དགོས་པའི་གལ་གནད་སྐོར་གསུངས་པ་དང་། དེ་སྔོན་བསྐོང་ཚོགས་གནང་བའི་ལྷན་ཚོགས་ཀྱི་གྲོས་ཆོད་ལ་བསྐྱར་ཞིབ་ཀྱིས་བོད་པའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་སློབ་འཇུག་བྱེད་མཁན་ཉུང་དུ་འགྲོ་བཞིན་པས་སློབ་གྲྭའི་འཛིན་སྐྱོང་གི་འགྲོ་ལུགས་དང་ཤེས་ཡོན་གྱི་ཐབས་ལམ་ལ་བསྐྱར་ཞིབ་གནང་དགོས་པའི་གལ་གནད་དང་། དེ་དང་ཕྱོགས་མཚུངས་དགོན་སྡེ་ཁག་གི་ནང་དུའང་བོད་པའི་དགེ་འདུན་པ་འཛུལ་མཁན་ཉུང་དུ་འགྲོ་བཞིན་པ་དང་རྒྱ་གར་གྱི་ཕྱི་ལོགས་དང་ཧི་མ་ལ་ཡའི་ས་ཁུལ་ནས་སློབ་མ་འཛུལ་མཁན་མང་དུ་འགྲོ་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད།

མཐར་དགེ་བཤེས་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་པའི་སློབ་གྲྭའི་ནང་ཤེས་ཡོན་གྱི་ཆུ་ཚད་ཡར་རྒྱས་གཏོང་ཐབས་སླད་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་གསུམ་པ་འདི་ཚོགས་ཡོད་པ་དང་། ལྷན་ཚོགས་ཀྱི་དམིགས་ཡུལ་ཆ་ཚང་བསྒྲུབ་མ་ཐུབ་ནའང་དོན་སྙིང་ལྡན་པའི་ཡར་རྒྱས་ཤིག་ངེས་པར་དུ་ཡོང་དགོས་ཞེས་གསུངས་ཡོད།

དེ་རྗེས་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་བོད་པའི་སློབ་གྲྭ་ཁྱོན་ ༥༡ ཡོད་པ་ལས་ ༣༥ ལ་གཟིགས་རྟོག་གནང་བར་བསྔགས་བརྗོད་ཞུས་པ་དང་སྦྲགས། ཁོང་གིས་ཤེས་ཡོན་ལྷན་ཚོགས་འདི་ཉིད་རང་དབང་ཅན་གྱི་སྡེ་ཚན་ཞིག་ཏུ་བཟོ་རྒྱུའི་འབད་བརྩོན་རིམ་པ་གནང་བའི་སྐོར་གསུངས་ཡོད།
ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་བོད་པའི་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་ཆུ་ཚད་ཡར་རྒྱས་གཏོང་ཐབས་སླད་འགུལ་རིས་བརྒྱུད་སློབ་ཁྲིད་གནང་བ་དང་། རྩོམ་དེབ་གྲངས་ ༢༠ པར་སྐྲུན་གནང་བ། བྱིས་པའི་སླད་དཔེ་དབེ་བསྐྱར་དུ་པར་སྐྲུན་གནང་བ། དེ་བཞིན་གཞི་རིམ་འོག་མའི་སློབ་མའི་ཆེད་ཤེས་ཡོན་སློབ་ཚན་ཁག་བོད་ཡིག་ཏུ་བསྒྱུར་བ་སོགས་ཚུད་པའི་ཐབས་ལམ་སྣ་མང་ལག་བསྟར་གནང་བཞིན་པ་དང་། ཁོང་གིས་སློབ་མ་རྣམས་ལ་གཞི་རིམ་འོག་མ་ནས་བཟུང་བོད་ཀྱི་སྐད་ཡིག་གནས་ཚད་དང་བརྡ་སྤྲོད་ཀྱི་ནུས་པ་སྲ་བརྟན་གཏོང་དགོས་པ་ནི་གལ་འགངས་ཆེན་པོ་ཡིན་པའི་སྐོར་ནན་བཤད་གནང་བ་དང་། དེ་བཞིན་བོད་ཡིག་སློབ་སྦྱོང་གི་སྤྱི་ཡོངས་ཀྱི་ཚད་གཞི་མཐོ་རུ་གཏོང་སླད་རྒྱུན་མཐུད་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།

ཉིན་གཉིས་རིང་གྱི་ལྷན་ཚོགས་འདིའི་ཐོག་ཚོགས་ཐུན་བརྒྱད་ཡོད་པ་དང་། ཚོགས་ཐུན་དང་པོ་དང་གཉིས་པ་ནི་གཙོ་བོ་དེ་སྔོན་ཚོགས་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་གཉིས་པའི་གྲོས་ཆོད་ལ་བསྐྱར་ཞིབ་དང་རྗེས་སུ་ལག་བསྟར་གང་ཞིག་གནང་དགོས་མིན་ཐོག་བགྲོ་བསྡུར་གནང་བ་དང་། དེ་བཞིན་ཤེས་ཡོན་དང་འབྲེལ་བའི་གནད་དོན་གཞན་ཁག་གཅིག་གི་ཐོག་ལའང་བགྲོ་གླེང་གནང་ཡོད། །

