ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་ཉིན་གྲངས་གསུམ་རིང་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་དཔེ་ཀློག་རམ་འདེགས་པའི་ལས་རིམ་གོ་སྒྲིག་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་རིང་གྷོ་ཝར་རྟེན་གཞི་བྱས་པའི་ St. Joseph Retreat Center ཞེས་པའི་བསྟི་གནས་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དཔེ་ཀློག་རམ་འདེགས་པའི་ལས་རིམ་བསྐོང་ཚོགས་གནང་ཡོད་ཅིང་། སྐབས་དེར་བོད་ཕྲུག་ཁྱིམ་སྡེ་དང་མ་སུ་རི་བོད་ཁྱིམ། སཾ་བྷོ་ཊ་བཅས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ ༢༧ ནས་གཞི་རིམ་འོག་མའི་བོད་ཡིག་དགེ་རྒན་ ༡༨ དང་། ཨིན་ཇི་དགེ་རྒན་ ༡༣ བཅས་ཁྱོན་བསྡོམས་མི་གྲངས་ ༣༡ ཚོགས་མཉམ་ཞུགས་གནང་ཡོད།

ལས་རིམ་འདི་ནི་བོད་ཡིག་དགེ་རྒན་རྣམས་ནས་བོད་པའི་སྤྱི་ཚོགས་མ་ཡིན་པར་སྤྱི་ཚོགས་གཞན་ཞིག་གི་ལས་རིམ་སྦྱོར་བརྡར་ནང་མཉམ་ཞུགས་གནང་བ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། ལས་རིམ་འདིའི་བརྒྱུད་ཚོགས་ཞུགས་པ་རྣམས་ལ་སྐད་ཡིག་སློབ་ཁྲིད་ཀྱི་ཐབས་ལམ་གསར་པ་ཁག་ལ་རྒྱུས་ལོན་བྱེད་ཐུབ་པའི་གོ་སྐབས་བཟང་པོ་ཞིག་བསྐྲུན་ཡོད་པ་མ་ཟད། ལས་རིམ་འདི་ནི་དཔེ་ཀློག་གི་ཐབས་ལམ་ཡར་རྒྱས་གཏོང་རྒྱུ་ཙམ་མ་ཡིན་པར་ཚོགས་བཅར་བ་རྣམས་ལ་ཤེས་ཡོན་སློབ་སྟོན་པ་གསར་པ་རྣམས་དང་འབྲེལ་མཐུད་ཀྱིས་སློབ་ཁྲིད་ཀྱི་ཐབས་ལམ་གསར་པ་ཤེས་ཐབས་ཆེད་གོ་སྒྲིག་ཞུས་པ་ཞིག་ཀྱང་ཡིན།

ལས་རིམ་དེ་བཞིན་ཐེངས་དང་པོ་ཕྱི་ལོ་ ༢༠༢༤ ནང་བསྐོང་ཚོགས་གནང་ཡོད་པ་དང་། ཐེངས་འདིར་གྷོ་ཝར་རྟེན་གཞི་བྱས་པའི་དེབ་སྲིན་ (Bookworm) ཞེས་པའི་ཚོགས་པའི་དཔེ་མཛོད་ཁང་དང་མཉམ་འབྲེལ་ཐོག་གོ་སྒྲིག་ཞུས་པའི་དཔེ་ཀློག་རམ་འདེགས་པའི་ལས་རིམ་ཐེངས་གཉིས་པ་ཆགས་ཀྱི་ཡོད། ཉིན་གཉིས་པར་ཟབ་སྦྱོང་གི་ལས་རིམ་ཆ་ཤས་སུ་ཚོགས་བཅར་བ་རྣམས་པཎ་ཇིམ་ (Panjim) དུ་རྟེན་གཞི་བྱས་པའི་དེབ་སྲིན་ (Bookworm) ཞེས་པའི་ཚོགས་པའི་དཔེ་མཛོད་ཁང་དུ་གཟིགས་སྐོར་དུ་བསྐྱོད་པ་དང་། སྐབས་དེར་དཔེ་མཛོད་ཁང་གི་ལས་བྱེད་རྣམས་ནས་དཔེ་ཀློག་གི་ཐབས་ལམ་གསར་པ་འདྲ་མིན་དང་ལས་གཞི་འདྲ་མིན་ཐོག་ངོ་སྤྲོད་གནང་ཡོད།

ཉིན་གསུམ་རིང་གི་ཟབ་སྦྱོང་གི་ལས་རིམ་ཐོག་ཁྱད་སྟོན་མི་སྣ་སུཇཱ་ཏ་ནོ་རོན་ཧ་ (Sujata Noronha) ལགས་དང་། ཨཱ་ནནྟ་རའོ་ (Anandita Rao) ལགས། ཇེ་ནི་ཕར་ཐོ་མཱས་ (Jennifer Thomas) ལགས། ཨ་ཤྭི་ནི་ པ་ཌཝལ་ (Ashwini Padwal) ལགས་བཅས་ནས་ཚོགས་བཅར་བ་རྣམས་ལ་དཔེ་ཀློག་གི་ཐབས་ལམ་དང་བྱེད་སྒོ་སྣ་ཚོགས་ངོ་སྤྲོད་ཞུས་པ་མ་ཟད་། ལྷག་པར་སྐད་གསང་མཐོན་པོས་དཔེ་ཀློག་བྱེད་པའི་ཐབས་རྩལ་ཐོག་དམིགས་བསལ་གྱི་གཙོ་གནད་བཟུང་སྟེ་ངོ་སྤྲོད་གནང་ཡོད།

མཇུག་སྡོམ་མཛད་སྒོའི་ཐོག་ཚོགས་བཅར་བ་གཉིས་ནས་ཉིན་གསུམ་རིང་གི་ཉམས་མྱོང་དང་འབྲེལ་ནས། ཟབ་སྦྱོང་བརྒྱུད་བློ་སྐྱེད་གསར་པ་ཐོབ་པའི་གོ་སྐབས་བྱུང་བར་ཡི་རངས་བསྔགས་བརྗོད་ཞུས་ཡོད། དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ལས་བསོད་ནམས་གངས་བཟང་ལགས་ཀྱིས་དེབ་སྲིན (Bookworm) ཞེས་པའི་ཚོགས་པས་ཤེས་རིག་ལས་ཁུངས་དང་ཟུང་སྦྲེལ་ཐོག་ཟབ་སྦྱོང་དེ་བཞིན་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།

ལས་གཞི་འདིའི་ཁོངས་སུ་ཕྱི་ཟླ་ ༣ ཚེས་ ༤ ཉིན་སྔོན་འགྲོའི་ཟབ་སྦྱོང་དྲྭ་ཐོག་བརྒྱུད་ཚོགས་པ་དང་། ཕྱི་ཟླ་ ༤ ཚེས་ ༢༨ དང་ ༢༩ བཅས་ཉིན་གྲངས་གཉིས་རིང་ཟབ་སྦྱོང་རྗེས་མ་དེ་ཚོགས་རྒྱུ་ཡིན་པ་དང་། སྐབས་དེར་ཚོགས་བཅར་བ་རྣམས་ནས་སོ་སོའི་ལས་བགོས་ངོ་སྤྲོད་གནང་རྒྱུ་ཡིན་པ་རེད། ལས་བགོས་ཀྱི་ཆ་ཤས་སུ་དགེ་རྒན་རྣམས་ནས་དཔེ་ཀློག་ཐོག་དཀའ་ངལ་འཕྲད་བཞིན་པའི་སློབ་ཕྲུག་གཉིས་དང་ལྷན། དེ་སྔོན་ཟབ་སྦྱོང་ཐོག་སྦྱངས་པའི་ཐབས་ལམ་དག་ལག་བསྟར་བྱ་རྒྱུ་དེ་ཡིན་པ་རེད། ལས་རིམ་དེ་བཞིན་ཨ་རི་གཞུང་གི་མཐུན་འགྱུར་རོགས་རམ་གནང་བ་ཞིག་ཡིན་པ་བཅས། །


སྔོན་མ།
ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་བཞི་བཅུ་ཞེ་གཉིས་པ་ལེགས་གྲུབ་ཟིན་པ།